མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ་ཀྲང་ཁུན་མིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་ནས་ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་གནས་ལས་ཕུད་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ལྟ་སྐུལ་ཨུ་ལྷན་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆོག་མཆན་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ལྟ་སྐུལ་ཨུ་ལྷན་གྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ་ཀྲང་ཁུན་མིང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་པའི་གནད་དོན་ལ་གྱོད་དོན་ཐོ་འགོད་ཞིབ་བཤེར་དང་བརྟག་དཔྱད་བྱས། 

བརྟག་དཔྱད་བྱས་པ་བརྒྱུད། ཀྲང་ཁུན་མིང་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཕུགས་འདུན་དད་སེམས་ཤོར་བ་དང་ཐོག་མའི་དམ་བཅལ་དང་རྒྱབ་འགལ་བྱས་པ། ཏང་ལ་བློ་མི་དཀར་བ་དང་གཞུང་དྲང་མིན་པ། ཁེ་ཕན་བརྗེ་རེས་བྱེད་པའི“ཤོག་ཁག་ཆུང་ངུ”འཛུགས་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལེན་མི་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གྱི་དགོངས་དོན་ལ་སྣང་མེད་དུ་བཞག་ནས་སྒྲིག་འགལ་གྱིས་ལག་རྟགས་ཐེངས་མང་བླངས་པ་དང་། དུས་ཡུན་རིང་བར་གསོལ་སྟོན་དང་ལེན་བྱས་པ། དབང་ཆའི་བསམ་བློ་གཏིང་ཟབ་པ་དང་སྒེར་གཉེར་ཀྱི་ཁེ་ལས་པས་ཆེད་མངགས་བོགས་ལེན་ཀྱི་ཁང་པ་དང་ལེན་བྱས་ནས་ཁོང་ཚོར་གསོལ་སྟོན་དང་བཟའ་འཐུང་གི་ཞབས་ཞུ་མཁོ་འདོན་བྱས་པ། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་སྒྲིག་འགལ་གྱིས་མི་གཞན་ལ་གོ་གནས་ལེགས་སྒྲིག་བྱས་པ་མ་ཟད། གཞན་གྱི་རྒྱུ་ནོར་དང་ལེན་བྱེད་པ་སོགས་འདོད་པའི་ཁ་མི་གང་བར་རྒྱུ་དང་དབང་ཆ་བརྗེ་རེས་བྱེད་པ། གཞུང་གི་དབང་ཆ་དེ་སྒེར་ཀྱི་ཁེ་ཕན་གཉེར་བའི་ལག་ཆ་བྱས་ཏེ། བཟོ་འགོད་སྒྲུབ་འགན་ལེན་པ་དང་གོ་གནས་ལེགས་སྒྲིག་སོགས་ཀྱི་ཐད་གཞན་གྱི་ཆེད་དུ་ཁེ་ཕན་བརྩོན་ལེན་བྱེད་པ་མ་ཟད། ཁྲིམས་འགལ་གྱིས་གྲངས་འབོར་ཆེ་བའི་རྒྱུ་ནོར་བླངས།

ཀྲང་ཁུན་མིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་པས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལ་རྒྱབ་འགལ་བྱས་པ་དང་། གོ་གནས་སྟེང་དུ་ཁྲིམས་འགལ་ཚབས་ཆེན་བཟོས་པ་དང་ལྐོག་རྔན་ལེན་པའི་དོགས་གཞི་ཡོད་པ། ནང་སྒོས་སུ་ཏང་གི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་པའི་རྗེས་སུ་ཚོད་འཛིན་མི་བྱེད་པ་དང་མཚམས་མི་འཇོག་པར་ངོ་བོ་ཚབས་ཆེན་ཡིན་པ་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་མོ་བྱེད་དགོས་པ་ལྟར། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཀྱི་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་པ་ཐག་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལྟར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཏེ་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆོག་མཆན་བཀོད་པ་བརྒྱུད། ཀྲང་ཁུན་མིང་ལ་ཏང་ཁོངས་ནས་ཕྱིར་འབུད་བྱ་རྒྱུ་ཐག་བཅད་པ་དང་། མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱིས་ཁོང་ལ་གཞུང་ཞབས་སྡེ་ཁག་ལས་ཕྱིར་འབུད་བྱེད་པར་ཐག་བཅད། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་དང་། ཡུས་ཧྲུའུ་ཁུལ་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི། ཡུས་ཧྲུའུ་གྲོང་ཁྱེར་ཏང་གི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ། དེའི་སྒྲིག་འགལ་ཁྲིམས་འགལ་ལས་ཐོབ་པའི་དངོས་ཟོག་གཞུང་བཞེས་བྱ་རྒྱུ་དང་། ཁོས་དོགས་ཡོད་ཉེས་གསོག་གནད་དོན་དེ་ཞིབ་དཔྱོད་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཞུ་གཏུག་ཞིབ་བཤེར་བྱ་རྒྱུ་ཡིན་པ་མ་ཟད། དངོས་ཟོག་དང་བཅས་པ་མཉམ་གཅིག་ཏུ་སྤྲོད་རྒྱུ་རེད།   །  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།