ཝང་དབྱི་ཡིས་ཨ་ཧྥེ་རི་ཁའི་སྐུ་མགྲོན་ལ་མུ་མཐུད་ཐུག་འཕྲད་གནང་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཁྲང་ཧྲ་རུ་ཀྲུང་གོར་སོ་སོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་བཞི་པའི་མགོ་ཚུགས་མཛད་སྒོ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་སྐུ་མགྲོན་ལ་ཐུག་འཕྲད་གནང་། 

ཝུའུ་ཀན་ཏའི་ཙུང་ལི་ན་པན་ཅ་ལ་ཐུག་འཕྲད་གནང་སྐབས། ཝང་དབྱི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མུའུ་སའེ་ཝེ་ཉི་བར་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་བཙུགས་ནས། ཀྲུང་གོ་དང་ཝུའུ་ཀན་ཏའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་དང་འགན་ལེན་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་ཀྱི་གྲུབ་འབྲས་ཝུའུ་ཀན་ཏར་ལག་ལེན་བསྟར་ནས་ཕན་འབྲས་ཐོན་ཡོད། ད་ལོའི་དུས་ཚིགས་དང་པོའི་ཐོག ཝུའུ་ཀན་ཏ་ནས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་དུས་མཉམ་ལས90%ཙམ་འཕར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཝུའུ་ཀན་ཏའི་འབྲེལ་བའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

ན་པན་ཅ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཝུའུ་ཀན་ཏའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རོགས་ཟླའི་འགུལ་སྐྱོད་ཆེན་མོ་བཅུ”དང་ཝུའུ་ཀན་ཏའི་འཕེལ་རྒྱས་དམིགས་ཚད་གཉིས་ཚད་མཐུན་ཆེན་པོ་བྱུང་ཞིང་། སྔར་ལས་ལྷག་པར་གནམ་གྲུ་འབབ་ཚིགས་རྒྱ་བསྐྱེད་དང་གྲངས་ཀའི་སྤོ་སྒྱུར། ཞིང་ལས་དེང་རབས་ཅན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།

ལི་པེ་རི་ཡའི་ཙུང་ཐུང་གཞོན་པ་ཁང་ཀེ་ལ་ཐུག་འཕྲད་གནང་སྐབས། ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པོ་ཨ་ཁའེ་ཐུག་འཕྲད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་གཏན་འཁེལ་གསར་པ་བྱས་ཏེ། ཀྲུང་གོ་དང་ལི་པེ་རི་ཡའི་འབྲེལ་བའི་ལེའུ་གསར་པ་ཕྱེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པེ་རི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དང་རྩེ་ཚོགས་ཀྱི་བྱེད་ཐབས་གལ་ཆེན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་རྒྱུན་ཆད་མེད་པར་ཕན་ཁེ་བསྐྲུན་འདོད་ཡོད་ཟེར། 

ཁང་ཀེས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལི་པེ་རི་ཡ་ཕྱོགས་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁར“སྒོ་ཁྲལ་མེད་པའི”སྲིད་ཇུས་བཏོན་པ་དེས་ལི་པེ་རི་ཡ་ཕྱོགས་ལ་ཕན་ཁེ་ཆེན་པོ་ཐོབ་ཡོད། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ། མཚོ་དོན་དང་ལྗང་མདོག་ནུས་རྒྱུ། སྨན་བཅོས། ཞིང་ལས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། 

རུ་ཝང་ཏའི་ཕྱི་འབྲེལ་པུའུ་ཀྲང་ཨེན་ཏུའུ་ཧུང་ཅི་ལེ་ཧའེ་ལ་ཐུག་འཕྲད་གནང་སྐབས། ཝང་དབྱི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁ་ཅ་མེ་གཉིས་ཀྱིས་ཀྲུང་གོ་དང་ལུའུ་ཝང་ཏའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཐུན་མོང་ཐོག་མཐོ་རུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་ལྡན་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་ཕྱོགས་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་གཏིང་ཟབ་ཏུ་བཏང་ནས། རུ་ཝང་ཏ་ཕྱོགས་ཀྱིས“2050ལོའི་ཕུགས་འདུན”མགྱོགས་མྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། 

ཨེན་ཏུའུ་ཧུང་ཅི་ལེ་ཧའེ་ཡིས་བསྟན་དོན། རུ་ཝང་ཏ་ཕྱོགས་ཀྱིས་རྩེ་ཚོགས་ཀྱི་གྲུབ་འབྲས་དང་ལྷག་པར་དུ“རོགས་ཟླའི་འགུལ་སྐྱོད་ཆེན་མོ་བཅུ”དོན་འཁྱོལ་ཡག་པོ་བྱས་ཏེ། ཐུན་མོང་ཐོག་རང་བཙན་རང་བདག་གི་དེང་རབས་ཅན་དུ་བསྐྱོད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་གྱིས་ཞི་བདེ་དང་དར་རྒྱས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་ཕན་ཐོགས་ཡོད་པས། རུ་ཝང་ཏ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་འབྲེལ་རྒྱབ་སྐྱོར་ཧུར་ཐག་བྱེད་བཞིན་ཡོད། 

སོ་མ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཏེ་ཨའེ་ལ་ཐུག་འཕྲད་གནང་སྐབས། ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་རིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་གོ་དང་སོ་མ་ལིའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་ཕྱོགས་དང་མཉམ་དུ་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ། སོ་མ་ལིའི་མི་དམངས་ལ་ཕན་བདེ་དེ་བས་མང་པོ་བསྐྲུན་ནས་སོ་མ་ལིའི་ཞི་བདེ་བརྟན་ལྷིང་སླར་གསོ་དང་བསྐྱར་སྐྲུན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད།

ཏེ་ཨའེ་ཡིས་བསྟན་དོན། སོ་མ་ལིའི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སྐབས་སུ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སོ་མ་ལིའི་མི་དམངས་ཀྱི་སེམས་ནང་དུ་ཀྲུང་གོར་གོ་གནས་ཧ་ཅང་གལ་ཆེན་ལྡན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁར“སྒོ་ཁྲལ་མེད་པའི”སྲིད་ཇུས་ཁྱབ་བསྒྲགས་བྱས་པ་དེས་གླིང་ཆེན་ཨ་ཧྥེ་རི་ཁར་སྐུལ་ལྕག་ཐེབས་ཡོད། སོ་མ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གོ་ལ་ཧྲིལ་པོའི་གྲོས་གཞི་རབ་དང་རིམ་པར་བསྔགས་བརྗོད་ཚད་མཐོན་པོ་བྱེད་པ་དང་འབྲེལ་དེའི་ནང་ཧུར་ཐག་གིས་ཞུགས་འདོད་ཡོད། 

མོ་ཙམ་པི་ཁེ་ཡི་ཕྱི་འབྲེལ་པུའུ་ཀྲང་ལུའུ་ཁ་སི་ལ་ཐུག་འཕྲད་གནང་སྐབས། ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་མོ་ཙམ་པི་ཁེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་རྗེས་མའི་འབྲེལ་བ་དེ་བས་འོད་སྟོང་འཕྲོ་བའི་ལོ་ངོ50ཐུན་མོང་ཐོག་བསྐྲུན་འདོད་ཡོད། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་བྱས་པར་བསྔགས་བརྗོད་བྱེད་པ་དང་འབྲེལ་མོ་ཙམ་པི་ཁེ་ཡིས་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱེད་འདོད་ཡོད་པ་མ་ཟད། སྨན་བཅོས་ཆེད་མཁས་པ་མོ་ཙམ་པི་ཁེ་རུ་མུ་མཐུད་དུ་མངགས་གཏོང་བྱ་རྒྱུ་ཡིན་ཟེར། 

ལུའུ་ཁ་སིས་བསྟན་དོན། ཀྲུའ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གསར་པ་ཁྱབ་བསྒྲགས་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མོ་ཙམ་པི་ཁེ་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་པ་དང་ཁྱིམ་མི་ལྟ་བུའི་བརྩེ་འདང་ཡོད། མོ་ཙམ་པུ་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ལམ་ལུགས་ལ་ངོ་རྒོལ་བྱས་ནས་ཕྱོགས་རྐྱང་པའི་སྒོ་ཁྲལ་སྣོན་བསྡུ་བྱས་པར་བསྔགས་བརྗོད་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཚབ་བྱས་ནས་སྐད་ཆ་སྟོབས་ལྡན་ཞིག་བཤད་ཡོད། 

ཏུའོ་ཀོའི་ཕྱི་འབྲེལ་པུའུ་ཀྲང་ཏི་སའེ་ལ་ཐུག་འཕྲད་གནང་སྐབས། ཝང་དབྱི་ཡིས་བཤད་རྒྱུར། ཏུའོ་ཀོས་ཆབ་སྲིད་སྒྲིག་སྲོལ་བར་བརྒལ་བརྟན་རླིང་ངང་མངོན་འགྱུར་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་དང་། ཏུའོ་ཀོས་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་བཅོས་སྐྱོང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ན་ནིང་ཀྲུང་གོ་དང་ཏུའོ་ཀོའི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དུས་རབས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཏུའོ་ཀོའི་རང་བཙན་བདག་དབང་དང་མི་རིགས་ལ་རྒྱ་སྲུང་སྐྱོང་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཏི་སའེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་མཐུན་སྦྱོར་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་རྒྱལ་ཁའི་ངང་གཉེར་བར་རྟེན་འབྲེལ་ཞུ་རྒྱུ་དང་། འཛམ་གླིང་ལ་སུ་ནི་ཨ་ཧྥེ་རི་ཁའི་གྲོགས་པོ་ངོ་མ་ཡིན་པ་དང་། སུ་ཞིག་གིས་ཨ་ཧྥེ་རི་ཁ་གླིང་ལ་ལེགས་སྐྱེས་ངོ་མ་འབུལ་བཞིན་ཡོད་པ་སྔར་བས་གསལ་པོར་མཐོང་ཐུབ་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་རབ་དང་རིམ་པས་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་བརྟན་ལྷིང་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཐག་གཅོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།