ཧན་ཀྲིན་གྱིས་སི་ཕེན་ལ་འཚམས་འདྲི་གནང་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་དེའི་དུས་ཚོད་ཟླ6པའི་ཚེས12ཉིན། སི་ཕེན་སྲིད་གཞུང་གི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་སི་ཕེན་ལ་འཚམས་འདྲི་གནང་། འདི་ནི་ཟླ6པའི་ཚེས12ཉིན། ཧན་ཀྲིན་གྱིས་མཱ་ཏེ་རི་རྒྱལ་པོའི་ཕོ་བྲང་དུ་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པར་ཐུག་འཕྲད་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ6པའི་ཚེས10ཉིན་ནས་ཚེས12ཉིན་བར། སི་ཕེན་སྲིད་གཞུང་གི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་སི་ཕེན་ལ་འཚམས་འདྲི་གནང་བ་དང་། མཱ་ཏེ་རི་རྒྱལ་པོའི་ཕོ་བྲང་དུ་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པ་དང་དབུ་བཞུགས་བློན་ཆེན་སང་ཆའེ་སི་ལ་ཐུག་འཕྲད་གནང་།

ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པར་ཐུག་འཕྲད་གནང་སྐབས། ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པར་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པ་དང་། སི་ཕེན་གྱི་རྒྱལ་རྒྱུད་ཚང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པར་བསྔགས་བརྗོད་གནང་། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་ནུས་ཁུངས་གསར་པ་དང་། ཞིང་ལས་བཟའ་བཅའི་ཐོན་རྫས། གློག་སྒུལ་རླངས་འཁོར། གྲངས་འཛིན་དཔལ་འབྱོར། མི་ཆོས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་འདོད་ཡོད། རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་ཐད་ཀྲུང་གོ་དང་སི་ཕེན་གྱི་ལྟ་སྟངས་གཅིག་མཚུངས་ཡིན་པས། དེ་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་སྒྲིག་ལམ་སྲུང་སྐྱོང་། དེ་བཞིན་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་ཡོ་རོབ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་འདོད་ཡོད། 

རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པས་ཧན་ཀྲིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་རོགས་ཞུས་པ་དང་། ད་ལོའི་ཚུན། ཕྱོགས་གཉིས་ཀྱི་མཐོ་རིམ་བར་ཕན་ཚུན་སྤེལ་རེས་ཡང་ཡང་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། སི་ཕེན་གྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་འཛམ་གླིང་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་། འཕེལ་རིམ་དེའི་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་བརྟན་ལྷིང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། སི་ཕེན་གྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་སྒྲིག་གཞིར་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་ཕྱོགས་མང་ཉོ་ཚོང་གི་སྒྲིག་ལམ་དང་སྒྲིག་སྲོལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ། འཛམ་གླིང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

སང་ཆེ་སིར་ཐུག་འཕྲད་གནང་སྐབས་ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ4པར་སྐུ་ཞབས་དབུ་བཞུགས་བློན་ཆེན་ལོ་གསུམ་ནང་ཀྲུང་གོར་འཚམས་འདྲི་ཐེངས3གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཆང་གིས་ཁྱེད་དང་བརྗེ་རེས་གཏིང་ཟབ་གནང་བ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་སྒོ་འབྱེད་གཉིས་ཕན་མཉམ་ལས་གཏིང་ཟབ་གཏོང་བ་དང་། རང་མོས་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོབ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བཅས་ཀྱི་སྐད་ཆ་བཏོན་པ་དེ་ཐོག་ནས་ཀྲུང་གོ་དང་སི་ཕེན་བར་གྱི་འབྲེལ་བས་འཛམ་གླིང་བརྟན་ལྷིང་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པ་གོ་སྐབས་སུ་བརྩིས་ནས། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གལ་ཆེན་ཁྲོད་ཀྱི་འབྲེལ་གཏུག་མཉམ་ལས་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་འདོད་ཡོད། མིག་སྔའི་ཟང་ཟིང་འདྲེས་པའི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་གོ་དང་ཡོ་རོབ་དབར་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོང་བྱས་ཚེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ཕན་ཐོགས་ཡོད་པ་མ་ཟད་འཛམ་གླིང་དཔལ་འབྱོར་བརྟན་ལྷིང་ཡོང་བར་ཡང་ཕན་ཐོགས་ཡོད། སི་ཕེན་གྱིས་ཀྲུང་གོ་དང་ཡོ་རོབ་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

སང་ཆེ་སིས་བསྟན་དོན། སི་ཕེན་གྱིས་ཀྲུང་གོ་དང་མཛའ་གྲོགས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། མིག་སྔར་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱིས་རྒྱལ་ཁབ་ཁག་གི་ཁེ་ཕན་ལ་གནོད་འཚེ་གཏོང་གིན་ཡོད་པས། ཀྲུང་གོས་ཕྱོགས་མང་རིང་ལུགས་བརྟན་སྲུང་དང་ཁས་ལེན་བྱ་རྒྱུ་ནི་དེ་བས་ཀྱང་རྩ་ཆེན་ཡིན། སི་ཕེན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་ཁེ་ལས་དེ་བས་མང་པོ་སི་ཕེན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་ཉོ་ཚོང་དངུལ་གཏོང་དང་། ཚན་རྩལ་གསར་གཏོད། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་འདོད་ཡོད། སི་ཕེན་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད། 

ཧན་ཀྲིན་གྱིས་ད་དུང་སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཨའར་ཝ་ལེ་སི་ལ་ཐུག་འཕྲད་གནང་བ་དང་། ཀྲུང་གོ་དང་སི་ཕེན་གྱི་བཟོ་ཚོང་ལས་རིགས་ཀྱི་དགའ་བསུའི་དགོང་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་གསུངས་པ་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུ་དང་། ཀྲུང་གོ་དང་སི་ཕེན་བར་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཧན་ཀྲིན་གྱིས་ད་དུང་སའེ་ཝེ་ལི་ཡར་འཚམས་འདྲི་གནང་ནས། ཨན་ཏ་ལུའུ་ཞི་ཡ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་མོ་ལེ་ནོ་ལ་ཐུག་འཕྲད་གནང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།