ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཁྲང་ཧྲ་རུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབུས་མའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་འཁོར25ལོན་པའི་འབྲེལ་ཡོད་སྣེ་ལེན་ཚོགས་འདུར་ཞུགས་པ་དང་། དེའི་རིང་ཀམ་པི་ཡའི་འཐུས་མི་ཚོགས་པ་དང་མཉམ་དུ་ཚོགས་འདུར་ཞུགས་པའི་ཀམ་པི་ཡའི་ཞིང་པ་ཁེ་ལས་པ་མུའུ་ས་དང་སྤེལ་རེས་བྱས།
མུའུ་ས་ཡིས་ཡོན་ལུང་ཕིང་གི་འདྲེས་སྡེབ་ཆུ་འབྲས་ལག་རྩལ་ནང་འདྲེན་བྱས་ཏེ་ཆུ་འབྲས་ཀྱི་ཐོན་ཚད་ཆེས་ཆེར་འཕར་བ་མངོན་འགྱུར་བྱུང་བའི་གཏམ་རྒྱུད་ངོ་སྤྲོད་གནང་སྟེ། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་ཞིང་ལས་ཆེད་མཁས་པའི་རོགས་རམ་འོག རང་ཉིད་ཀྱི་འབྱོར་ཕྱུག་མངོན་འགྱུར་བྱས་པ་དང་ལས་དབང་བསྒྱུར་བ་མ་ཟད། ཕ་ཡུལ་བཀྲེས་ལྟོགས་དང་ཁ་བྲལ་ཐུབ་པ་མ་ཟད། ཨ་ཧྥེ་རི་ཁའི་འབྲུ་རིགས་དཀོན་པའི་དཀའ་ངལ་ལས་ཐར་བར་རོགས་རམ་བྱས། ད་ཐེངས་ཁོང་གིས་ཆེད་དུ་ཀམ་པི་ཡའི་འབྲས་འཁྱེར་ནས་ཁྲང་ཧྲར་ཕེབས་ཏེ་སྐུ་ཞབས་ཡོན་ལུང་ཕིང་ལ་གུས་བཀུར་དང་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཀྲུང་གོའི་ཞིང་ལས་ལག་རྩལ་དང་དེང་རབས་ཅན་གྱི་ཉམས་མྱོང་མང་པོ་སློབ་སྦྱོང་བྱས་ཏེ། ཀང་ཀྲུང་བར་སྔར་ལས་གཏིང་ཟབ་པ་དང་ཁྱབ་རྒྱ་ཆེ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཝང་དབྱི་ཡིས་མུའུ་སར་བཤད་རྒྱུར། ཁྱེད་ཀྱི་ལེགས་འགྲུབ་བྱུང་བའི་གཏམ་རྒྱུད་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབུས་མ་བར་གྱི་མཛའ་གྲོགས་སྐོར་གྱི་གཏམ་རྒྱུད་བཟང་པོ་ཞིག་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབུས་མའི་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཀྱང་ཡིན། ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོ་གྲོགས་པོ་སྒྲིག་པའི་དམིགས་ས་གལ་ཆེན་ཞིག་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་དམངས་ཚོགས་དཀྱུས་མར་བདེ་སྐྱིད་བརྩོན་ལེན་བྱ་རྒྱུ་དེ་ཡིན། ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཡང་དག་པའི་བདེན་ཁེའི་ལྟ་བ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་དང་། གླིང་ཆེན་ཨ་ཧྥེ་རི་ཁ་རུའང་མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་ལག་བསྟར་བྱས་ནས། གླིང་ཆེན་ཨ་ཧྥེ་རི་ཁའི་དམངས་ཚོགས་སྔར་ལས་མང་པོར་དོན་བཟང་དང་དོན་དངོས་བསྒྲུབ་དགོས།
ཝང་དབྱི་ཡིས་བསྟན་དོན། མུའུ་ས་ལྟ་བུའི་ལེགས་འགྲུབ་བྱུང་བའི་གཏམ་རྒྱུད་ཇི་ཙམ་མང་ན། ཨ་ཧྥེ་རི་ཁ་དབུས་མ་བར་གྱི་མཛའ་གྲོགས་སྟོབས་ཤུགས་དེ་ཙམ་གྱིས་གཅིག་སྒྲིལ་བྱེད་ཐུབ་པ་དང་། ཨ་ཧྥེ་རི་ཁའི་རང་བདག་འཕེལ་རྒྱས་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་དེ་ཙམ་གྱིས་རེ་བས་ཁེངས་ཡོད། །