ཟླ6པའི་ཚེས11ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“དགའ་བདེ་ཡི་རང་བྱུང་འཆམ་མཐུན་ལ་བརྟེན་ནས་བཟོ་རྩལ་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པའི་ཚོང་འགུགས་དངུལ་འདྲེན་དང་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཁྱབ་བསྒྲགས་བྱེད་སྒོ་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་སུ་འཚོགས། བྱེད་སྒོའི་དམིགས་ཡུལ་ནི་སྒོ་འབྱེད་རྣམ་པའི་མཉམ་ལས་ཀྱི་ཟམ་པ་བསྐྲུན་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་མ་འོངས་མཛེས་སྡུག་མཉམ་བསྐྲུན་བྱ་རྒྱུ་དེ་ཡིན།
སྤྲོ་སེམས་འཁོལ་བའི་ཞབས་བྲོ《གངས་ལྗོངས་ཀྱི་གླུ་གར》ཁྲོད་བྱེད་སྒོ་དངོས་སུ་མགོ་ཚུགས་ཤིང་། དགའ་བདེ་རྫོང་གི་ཞིང་ལས་རིག་གནས་ཡུལ་སྐོར་ཁེ་ལས12ཀྱིས་མཐོ་སྒང་གི་འཚམས་འདྲི་དང་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པས། ཚོགས་ཞུགས་སྐུ་མགྲོན་དང་ཧྲང་ཧའེ་གྲོང་མིའི་ཡིད་དབང་བཀུག དགའ་བདེ་རྫོང་གི་འོས་སྦྱོར་དཔོན་གསུམ་པོས་རིག་གནས་ཡུལ་སྐོར་དང་ཚོང་འདོན། ཞིང་ཕྱུགས་བཅས་ཕྱོགས་གསུམ་ཐད་ནས་དགའ་བདེའི་འཕེལ་རྒྱས་ཀྱི་ལེགས་ཆ་འོས་སྦྱོར་བྱས། དགའ་བདེ་རྫོང་ཞིང་ཚོང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཧྲང་ཧའེ་མེ་ཐེན་ཞོར་ཟས་ཚད་ཡོད་ཀུང་སི། དགའ་བདེ་རྫོང་འཕེལ་རྒྱས་སྒྱུར་བཅོས་ཅུས་དང་ཀྲུང་ཁོའོ་གཤེར་གཟུགས་ཉི་འོད་ཚོགས་པ། དགའ་བདེ་རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཧྲང་ཧའེ་ཁྲུན་ཆིའུ་རྒྱལ་སྤྱིའི་ཡུལ་སྐོར་ཅུས། དགའ་བདེ་རྫོང་ཞིང་ཕྱུགས་ཅུས་དང་ཧྲང་ཧའེ་ཧེ་ཧུའུ་དྲ་རྒྱའི་ཚན་རྩལ་ཚད་ཡོད་ཀུང་སི་བཅས་དབར་མཉམ་ལས་གྲོས་མཐུན་བཞག
དགའ་བདེ་རྫོང་གི་རྫོང་དཔོན་གཞོན་པ་རྡོ་རྗེ་ཚེ་བརྟན་གྱིས་ཁ་གཏད་མཚོ་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། ཁྲང་ཉིང་ཆུས་དང་དགའ་བདེ་རྫོང་གཉིས་ཀས་ལག་གདང་སྦྲེལ་ནས་ཐོན་ལས་མཉམ་ལས་དང་། དམངས་འཚོ་ཇེ་ལེགས་སུ་གཏོང་བ། ཤེས་ལྡན་མི་སྣ་སྤེལ་རེས་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་མང་པོ་ཐོབ། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྐྱོར་གྲུབ་འབྲས་གསོན་ཉམས་ལྡན་པའི་འགྲེམས་སྟོན་ཡིན་བྱེད་ས་ཡིན་ལ། ལྷག་པར་དུ་ས་གནས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་མགོ་འཛུགས་ས་གསར་བའང་ཡིན་པས། དགའ་བདེ་རྫོང་གི་ཐོན་རྫས་ཀྱི་རིན་ཐང་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད། སྤུས་རྟགས་སྟོབས་ཤུགས་གྲུབ་པ། ཐོན་རྫས་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། །