《བོད་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག(རྒྱ་ཡིག་དང་བོད་ཡིག་གི་པར་མ)》དུས་དེབ་དངོས་སུ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཉེ་ལམ། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གིས་གཙོ་སྒྲུབ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་གིས་སྒྲུབ་འགན་ཁུར་བའི《བོད་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག(རྒྱ་ཡིག་དང་བོད་ཡིག་གི་པར་མ)》དུས་དེབ་དངོས་སུ་སྤེལ་བའི་དཔྱད་གླེང་ཚོགས་འདུ་ལྷ་ས་རུ་བསྡུས། 

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། པེ་ཅིང་སློབ་ཆེན། པེ་ཅིང་ཕྱི་སྐད་སློབ་ཆེན།  ཀྲུང་དབྱང་མི་རིགས་སློབ་ཆེན།   ཀུའེ་ཀྲོའུ་སློབ་ཆེན།  བོད་ལྗོངས་སློབ་ཆེན།  ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ།  ནོར་བུ་གླིང་གའི་དོ་དམ་ཁྲུའུ།  བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་དང་རིག་གཞུང་སྨྲ་བ40ལྷག་ཚོགས་འདུར་ཞུགས་ཏེ། 《བོད་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག(རྒྱ་ཡིག་དང་བོད་ཡིག་གི་པར་མ)》གི་དུས་དེབ་དངོས་སུ་འདོན་སྤེལ་གྱི་བསམ་ཕྱོགས་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་ནས་གྲོས་སྡུར་གྲོས་ཞིབ་བྱས། རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་ཐོག་ཏུ་ཞུགས། 

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ།  སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཞའོ་ཉིང་གིས་འདི་སྐད། 《བོད་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག(རྒྱ་བོད་པར་མ)》ཡི་དུས་དེབ་དེས་རྒྱལ་ཁབ་ཕྱི་ནང་དུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་ཞིབ་འཇུག་བྱེད་པའི་ཆེད་ལས་ཀྱི་དུས་དེབ་མེད་པའི་སྟོང་ཆ་བསྐངས་ཏེ།  རིག་པ་སྨྲ་བའི་སྡེ་རུ་རིག་གཞུང་བརྗེ་སྤེལ་བྱེད་སའི་སྒོ་མོ་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད་ལ།  བོད་ལྗོངས་ཀྱི་ཤིང་ཏ་ལའི་ལོ་མའི་ཞིབ་འཇུག་དེ་ཆེད་ལས་ཅན་དང་། མ་ལག་ཅན།  རྒྱལ་སྤྱི་ཅན་དུ་འགྱུར་བའི་དུས་རིམ་གསར་པ་ཞིག་ལ་བསླེབས་པ་ཡང་མཚོན།   དེ་བཞིན་དུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་གོང་སྤེལ་ཐད་ལ་མཚོན་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད།  རང་རྒྱལ་དང་ཐ་ན་རྒྱལ་སྤྱིའི་སམ་སྐྲྀཏའི་སྐད་དང་དང་བོད་རིག་པའི་ཁྱབ་ཁོངས་ཀྱི་དོན་ཆེན་ཞིག་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་།  མ་སྐུལ་རང་རྟོགས་ཀྱིས་དུས་རབས་གསར་པ་དང་རིག་གནས་གསར་པའི་འགན་འཁྲི་ཁུར་དུ་བླངས་པའི་མཚོན་སྟངས་གལ་ཆེན་ཞིག་ཡིན་ཞེས་བརྗོད།

2013ལོར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་བཙུགས་ནས་སྒོ་བྱང་བཀལ།  2014ལོ་ནས་བཟུང《བོད་ཀྱི་ཤིང་ཏ་ལའི་ལོ་མའི་ཞིབ་འཇུག》ཅེས་པའི་རྒྱ་བོད་སྐད་གཉིས་ཀྱི་དུས་དེབ་གཉིས་སྤེལ་མགོ་བརྩམས།  དུས་ད་ལྟའི་བར་དུ་དེབ20དང་དེབ་ཚོམས10པར་དུ་བསྐྲུན་པ་དང་།  བོད་རྒྱ་སྐད་གཉིས་ཀྱི་དཔྱད་རྩོམ190(བོད་ཡིག་གི94དང་རྒྱ་ཡིག་གི96)སྤེལ།  དེ་ནི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་གཞུང་ལུགས་རིག་པའི་སྡེ་རུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ལ་རྩེ་གཅིག་ཏུ་གཞོལ་བའི་དུས་དེབ་གཅིག་པུ་ཡིན་ཞིང་།  བོད་ལྗོངས་ཀྱི་མཐོ་སློབ་དང་ཞིབ་འཇག་སྡེ་ཁག དེ་མིན་རྒྱལ་ནང་གི་ཞིབ་འཇུག་ལས་ཁུངས་གཙོ་བོ་དག་གི་རིག་གཅིག་མཁས་པ་བཅས་ཀྱིས་ཞིབ་འཇུག་གི་གྲུབ་འབྲས་གསར་པ་དག་ཕྱོགས་གཅིག་ཏུ་བསྡུས་ནས་མངོན་ཡོད་པས།   རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་གདེང་འཇོག་ཚད་མེད་ཐོབ།

བོད་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་གི་རིག་ཚན་མ་ལག་དང་རིག་གཞུང་མ་ལག  སྐད་ཁོངས་ཀྱི་མ་ལག་དར་སྤེལ་ལ་སྔར་ལས་སྐུལ་འདེད་གཏང་ཆེད་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཀྱི་བདག་དབང་གི་ཤེས་བྱའི་མ་ལག་བཟོས་ནས་རིག་གནས་ཀྱི་རང་རློམ་བརྟན་ཞིང་། སྒོ་གློད་ཅིང་དཀྱེལ་ཡངས་པ།    དྲང་བདེན་སྲུང་ཞིང་གསར་གཏོད་རྒྱུན་འཁྱུངས་ཐུབ་པ་ཞིག་ཡོང་ཆེད།   བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཏང་ཙུའུ་ཡི་ཞིབ་འཇུག་བརྒྱུད། 《བོད་ཀྱི་ཤིང་ཏ་ལའི་ལོ་མའི་ཞིབ་འཇུག(རྒྱ་བོད་པར་མ)》ལ་རྒྱལ་ཡོངས་གཅིག་གྱུར་གྱི་དུས་དེབ་ཨང་རྟགས་ཤིག་སྙན་སེང་ཞུས་ཏེ།  སྤུས་རྟགས་ཅན་གྱི་རིག་གཞུང་དུས་དེབ་བཏོད་ནས་རྒྱལ་སྤྱིའི་བོད་འབྲེལ་གྱི་རིག་གཞུང་གི་སྨྲ་བརྗོད་དབང་ཆ་ཆེ་རུ་གཏང་རྒྱུ་ཐག་བཅད།    རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་དང་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག  2024ལོའི་ཟླ12པར་དངོས་སུ་ཆོག་མཆན་ཐོབ་ཏེ་ལོ་ཕྱེད་ཀྱི་དུས་དེབ་ལ་གཏན་འཁེལ་བྱས་པ་དང་།   ད་ལྟ་ལོ་ཕྱེད་ཀྱི་དུས་དེབ་ཐོག་མ་དེ་དངོས་སུ་བཀྲམས་ལ།  དེའི་སྟེང་དུ་ཆེད་མཁས་པ་གྲགས་ཅན་བཅུ་ཕྲག་ལྷག་གི་རིག་གཞུང་དཔྱད་རྩོམ་སྤེལ་ཡོད་ཅིང་།   ནང་དོན་གྱི་ཆ་ནས་ཤིང་ཏ་ལའི་ལོ་མའི་བྲིས་དེབ་ཞིབ་འཇུག    སཾ་བོད་ཀྱི་བརྡ་སྤྲོད་ཞིབ་འཇུག   ནང་བསྟན་གཏན་ཚིགས་རིག་པར་ཞིབ་འཇུག་ལ་སོགས་འདུ་བ་དང་། དེ་ལས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཀྱི་དམིགས་བསལ་བྲིས་དེབ་སྐོར་གྱི་དཔྱད་རྩོམ་ཁག་ཅིག་ནི་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྨྲ་བའི་སྡེ་རུ་ཐོག་མར་སྤེལ་བ་ཞིག་ཡིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།