ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གི་མཇལ་ཞུ་དང་ལེན་གནང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི·ཆོས་ཀྱི་རྒྱལ་པོ་མཆོག་གི་མཇལ་འཕྲད་ལ་དང་ལེན་བྱས། ཞི་ཅིན་ཕིང་གིས་ཁོང་ལ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མིག་དཔེར་བཟུང་སྟེ། ནང་བསྟན་ཆོས་ལ་མཁྱེན་རྟོགས་ཟབ་ཅིང་།  སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་གོང་བཀུར་དང་དགའ་མོས་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཏུ་འགྱུར་བར་འབད་བརྩོན་མཛད་ནས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། བོད་ལྗོངས་བརྟན་ལྷིང་ངང་ནས་འཕེལ་རྒྱས་ཡར་ཐོན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་སྐུལ་ལྕག་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཅས་ཀྱིས་ཕེབས་རོགས་འོག་མཇལ་ཞུ་དང་ལེན་གནང་། པཎ་ཆེན་མཆོག་གིས་ཞི་ཅིན་ཕིང་ལ་མཇལ་དར་ཕུལ་རྗེས། ཉེ་བའི་ལོ་ཤས་རིང་ཁོང་གི་སློབ་སྦྱོང་དང་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། ཞི་ཅིན་ཕིང་གིས་ཁོང་ལ་ཕྱོགས་སོ་སོ་ནས་ཡར་རྒྱས་ཡོང་བར་རྟེན་འབྲེལ་ཞུས།     ཞི་ཅིན་ཕིང་གིས་འདི་སྐད། པཎ་ཆེན་ནས་བོད་རྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེ་བ་ཡིན། སློབ་སྦྱོང་ཐད་ནས་འབད་པ་ཆེན་པོས་ཡར་རྒྱས་ལ་བརྩོན་ལེན་བྱས་ཏེ། ཟབ་མོ་ཆོས་ལ་བསླབ་པ་དོན་གཉེར་དང་སྒྲུབ་པ་ཉམས་ལེན་གྱིས་གཞོལ་ནས་ཡོན་ཏན་གྱིས་མཐར་ཕྱིན་པ་ཞིག་འཁྱོངས་བར་རྒྱུན་དུ་འབད་པ་དང་། ཤེས་བྱའི་གནས་ཐམས་ཅད་ལ་སྦྱངས་པ་བྱང་ཆུད་པ་ཞིག་བྱེད་པར་ཤུགས་རྒྱག་དགོས།  ལས་ཀའི་ཕྱོགས་ནས་དགེ་མཚན་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད། བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཅས་གཏང་བའི་ཐད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་དགོས།   བློ་སྦྱོང་ཐད་ནས་འདུལ་ཁྲིམས་ཚུལ་བཞིན་སྲུང་ཤིང་དགེ་སྒྲུབ་གཙིགས་སུ་བཟུང་སྟེ། སྣེ་ཁྲིད་ཡག་པོ་ཁྲིད་དེ་ཕྱིའི་ཀུན་སྤྱོད་དང་ནང་གི་བློ་སྦྱོང་ཐད་གསོ་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས།

པཎ་ཆེན་ནས་འདི་སྐད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱིས་གནང་བའི་བཀའ་སློབ་ཡིད་ལ་དམ་པོར་བཅངས་ཏེ།   པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མིག་དཔེར་བཟུང་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་གོང་བཀུར་མཐའ་གཅིག་བྱ་བ་དང་།  མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་མཐའ་གཅིག་བྱ་ངེས་པ་དང་། བསླབ་པ་དོན་གཉེར་དང་སྒྲུབ་པ་ཉམས་ལེན་ལ་སྔར་བཞིན་བརྩེ་གཅིག་ཏུ་གཞོལ་ཞིང་། ནང་བསྟན་གྱི་རིག་པའི་གཞུང་ལུགས་ལ་དཔྱིས་ཕྱིན་པ་སྦྱངས་ནས་ཕྱོགས་བསྡུས་བྱང་ཚད་མུ་མཐུད་དུ་ཇེ་མཐོར་བཏང་སྟེ།   མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད།   བོད་ལྗོངས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཅས་ཐད་རང་ཉིད་ཀྱིས་ནུས་ཤུགས་ཅི་ནུས་འདོན་རྒྱུ་ཡིན་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅའེ་ཐེངས་དེའི་མཇལ་ཞུའི་སྟེང་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།