སྤྱི་ཟླ6པའི་ཚེས2ཉིན་གྱི་ཆུ་ཚོད16སྟེང་དུ(ཧྥ་རིན་སིའི་ཕ་ལིའི་ལུགས་ཀྱི་དུས་ཚོད་ཚེས2ཉིན་གྱི་སྔ་དྲོའི་ཆུ་ཚོད10ཡི་སྟེང་ཡིན)ཧྥ་རིན་སིའི་རྒྱལ་ས་ཕ་ལིའི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་བསྡུས་པའི་འཛམ་གླིང་གི་ས་གཤིས་སྤྱི་གླིང་གསར་པར་དམིགས་བསལ་གྱི་མཚན་བྱང་སྩོལ་བའི་མཛད་སྒོའི་སྟེང་དུ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྩ་འཛུགས་དེའི་སྤྱིའི་ལས་འཛིན་གྱིས་དངོས་སུ་ཕྱག་བྲིས་གནང་བའི“ཁམས་ར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང”ཞེས་པའི་དཔང་ཡིག་དངོས་བསྩལ། དེ་ནི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གི་འཛུགས་སྐྲུན་དེ་གོ་སྐབས་གསར་པ་ཞིག་ལ་འཕྲད་པའི་མཚོན་རྟགས་ཤིག་ཡིན།
རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་བཞི་བའི་ནང་མཚོ་སྔོན་གྱི་ཁམས་ར་འོས་འདེམ་བྱེད་དུས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“འཛམ་གླིང་ས་གཤིས་སྤྱི་གླིང”ཞེས་པའི་མཚན་སྙན་གནང་ཡོད། དེ་ནི་ཀྲུང་གོ་ནས་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཚན་སྙན་ཐོབ་མཁན་ཨང48པ་ཡིན་ཞིང་། རང་ཞིང་གི་ཁུ་ནུ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་གི་རྗེས་སུ་བདམས་ཐོན་བྱུང་བའི་འཛམ་གླིང་ས་གཤིས་སྤྱི་གླིང་གཉིས་པ་ཡིན་ལ། རང་ཞིང་ལ་ཡོད་པའི“འཛམ་གླིང་རིམ་པའི”མཚན་སྙན་ཅན་གྱི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་ཨང་བདུན་པ་ཡང་རེད།
སྤྱི་གླིང་གི་ཁོངས་སུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་ནས་རྩ་འཛུགས་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གྲོས་སུ་ཚུད་པའི་རེབ་གོང་སྒྱུ་རྩལ་དང་། རྨ་ལྷོའི་བོད་ཀྱི་ཟློས་གར་གཉིས་དང་། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོ་བཞི། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ54བཅས་ཡོད་པ་དང་། འཛམ་གླིང་དུ་མཐོང་དཀོན་པའི་ཞིབ་ཆ་ཧ་ཅང་ཆེ་བའི་ས་གཤིས་རིག་པའི་ཞིབ་འཇུག་དང་སྣ་མང་རིག་གནས་ལ་མྱོང་རོལ། མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བཅས་བྱེད་པའི་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ས་གཤིས་སྤྱི་གླིང་ཞིག་རེད།