《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་དང་དམངས་སྲོལ་བཟང་པོར་སྣེ་ཁྲིད་བྱེད་དགོས》ཞེས་པ་སྤེལ་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས10པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན། ཁ་ཡིག་ལ《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་དང་དམངས་སྲོལ་བཟང་པོར་སྣེ་ཁྲིད་བྱ་དགོས》ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ12པ་ནས2025ལོའི་ཟླ3པའི་བར་གྱི་རྒྱས་བཤད་གལ་ཆེན་སྐོར་གནད་བསྡུས་བྱས་པ་ཞིག་རེད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་སྲོལ་གྱི་གནད་དོན་ནི་སྲིད་སྐྱོང་ཏང་གི་ཆག་འཇིག་དང་འབྲེལ་བ་ཡོད། སྤྱོད་ཚུལ་འཛུགས་སྐྲུན་བྱ་རྒྱུ་དེ་ང་ཚོའི་ཏང་གིས་ཡུན་རིང་སྲིད་སྐྱོང་ཐུབ་མིན་དང་སྲིད་འཛིན་གྱི་འགན་འཁྲི་ལག་བསྟར་བཟང་པོ་བྱེད་ཐུབ་མིན་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་ཏང་ནང་ཁུལ་དུ་གནས་པའི་གནད་དོན་དང་སྐྱོན་ཆ་སྣ་ཚོགས་ལ་ཐད་ཀར་གདོང་གཏད་དེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ནས་གནད་དོན་ཐག་གཅོད་བྱས་ཏེ། གནས་བབ་གསར་པའི་འོག་སྤྱོད་ཚུལ་འཛུགས་སྐྲུན་ཐད་ཅི་ཞིག་དམ་འཛིན་དང་ཇི་ལྟར་དམ་འཛིན་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གསར་བརྗེ་རང་བཞིན་གྱི་རྡུང་བཟོ་བརྒྱུད་དེ། སྒྲིག་ཁྲིམས་ལྷོད་པ་དང་སྤྱོད་ཚུལ་ཏན་ཏིག་མིན་པའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་། དངོས་གནས་གཟབ་ནན་དོ་དམ་བྱེད་པ་དང་། དོ་དམ་བྱེད་ཕོད་ལ་གཟབ་ནན་ཡང་བྱེད་ཕོད་པ། ཡུན་རིང་དོ་དམ་དང་གཟབ་ནན་བྱེད་པ་བཅས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་། ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པས། སྤྱི་ཚོགས་ཀྱི་སྲོལ་དང་དམངས་སྲོལ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་ནས་མི་དམངས་ཀྱི་སེམས་སུ་ཏང་གི་སྣང་བརྙན་བསྐྱར་སྐྲུན་བྱས་ཡོད།

རྩོམ་ཡིག་ལས་བསྟན་དོན། གཏན་འབེབས་དོན་ཚན་བརྒྱད་ཀྱི་མཛུབ་ཁྲིད་དགོངས་པ་ནི་བླང་བྱ་ནན་མོ་འདོན་པ་སྟེ། ཏང་གིས་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པ་མངོན་པར་བྱེད་དགོས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་མགོ་བརྩམས་ཏེ་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སྒྱུར་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་མོ་བྱེད་དགོས་ན། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཡོངས་ཀྱིས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་མིག་དཔེ་བཟང་པོ་སྟོན་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་གོང་རིམ་ནས་འོག་རིམ་ལ་སྣེ་ཁྲིད་བྱེད་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་ལས་འབྲས་སྟོན་དགོས་ཤིང་། རང་རྟོགས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་པར་བྱེད་དགོས། ང་ཚོས་དངོས་སྒྲུབ་ནན་འཛིན་བྱས་པ་ཡིན་ན། ཐག་གཅོད་མི་ཐུབ་པའི་གནད་དོན་ཡོད་མི་སྲིད།

རྩོམ་ཡིག་ལས་བསྟན་དོན། སྤྱོད་ཚུལ་གནད་དོན་ནི་ངོ་བོའི་སྟེང་ནས་བཤད་ན་ཏང་གཤིས་གནད་དོན་ཡིན། སྤྱོད་ཚུལ་བཞིའིགནད་དོན་གྱི་རྩ་བ་ཡང་ཏང་གཤིས་དང་རྒྱབ་འགལ་དུ་སོང་བ་ཞིན་ཡིན་པས་རྩ་དོན་བོར་བ་རེད། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་ན་ངེས་པར་དུ་ཏང་དང་མི་དམངས་མང་ཚོགས་བར་དུ་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པའི་གནད་འགག་དང་དམ་དུ་སྦྲེལ་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པ་དང་། སྤྱོད་ཚུལ་བཞིཡོ་བསྲང་བྱེད་པ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལྷོད་གཡེང་སུན་སྣང་གི་བསམ་པ་ཡོད་ཚདམཐའ་གཅིག་ཏུ་གཏན་འགོག་བྱས་ནས། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་སྲོལ་ངན་སོགས་ཀྱི་གོམས་སྲོལ་ངན་པ་མེད་པར་གཏོང་དགོས་ཤིང་། སྤྱོད་ཚུལ་བཞིའིམི་མངོན་པའི་རྣམ་པ་གསར་པ་འབྱུང་བར་ནམ་ཡང་སྔོན་འགོག་བྱས་ཏེ། སྤྱོད་ངན་ཡང་བསྐྱར་འབྱུང་བར་གཏན་འགོག་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། སྤྱོད་ཚུལ་འཛུགས་སྐྲུན་གྱི་ལས་འགན་གཙོ་བོར་བརྩི་བ་དང་། དམིགས་སའི་རང་བཞིན་གྱི་བྱེད་ཐབས་ཞིབ་འཇུག་བྱེད་པ། ཚན་རིག་ལྟར་གནད་འཁེལ་བཅོས་སྐྱོང་བྱེད་དགོས་ལ། དོན་དངོས་བྱེད་ཐབས་སྤྱད་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས། དཀའ་སྡུག་མྱོང་ཐུབ་པའི་བློ་སྤོབས་ལ་བརྟེན་ནས། ངེས་ཤུགས་སྲུང་འཛིན་དང་ཕྱི་སྣུར་གཏན་ནས་མི་བྱེད་པ། བཅོས་སྐྱོང་གཏིང་ཟབ་དང་མཐའ་འཁྱོལ་བྱས་ན། རིམ་པ་བཞིན་དུ་སྤྱོད་གཙང་སྲོལ་བཟང་གི་རྣམ་པ་མངོན་འགྱུར་བྱེད་ཐུབ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྲུན་ནམ་ཡང་ལམ་དུ་ཡོད་ལ། མཇུག་སྒྲིལ་བའི་དུས་མེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པ་ནི། ང་ཚོའི་ཏང་གི་དུས་རབས་གསར་པའི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་ཡིན་པས། ངེས་པར་དུ་དུས་རྒྱུན་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ལ། ལོ་ངོ་མང་བོར་རྒྱུན་འཁྱོངས་བྱས་ནས་གོམས་གཤིས་སུ་འགྱུར་བར་བྱེད་དགོས་པར་མ་ཟད། ཏང་སྲོལ་བཟང་བོས་སྤྱི་ཚོགས་ཀྱི་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས། ང་ཚོས་མིག་མཐོང་ལག་ཟིན་གྱི་ཐབས་ལ་བརྟེན་ནས་དམ་འཛིན་གང་ལེགས་བྱེད་དགོས་པ་དང་། ལས་དོན་སྒྲུབ་མཁས་བྱེད་དགོས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་དེ་ནི་ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོ་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སེམས་ཞིབ་མོས་རྩ་འཛུགས་དང་ལག་བསྟར་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་གོམས་གཤིས་སུ་འགྱུར་བར་བྱེད་དགོས་པར་མ་ཟད། བྱ་སྤྱོད་བཟང་བོས་སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་ལས་སྐྲུན་བྱེད་དགོས།  །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།