《མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས(2024ལོ)》ཁྱབ་སྒྲོག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 ཟླ5ཚེས14ཉིན་མི་དམངས་དྲ་བས་སྤེལ་བའི་འཕྲིན།  ཉིན་དེར་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་དང་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས།  མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས(2024ལོ)》 (གཤམ་དུ《སྤྱི་བསྒྲགས》ཞེས་འགོད་རྒྱུ)ཁྱབ་སྒྲོག་བྱས།

 མདོ་ལ་རི་བོ་ནི་མཚོ་བོད་མཐོ་སྒང་དང་། སོག་ཤིན(蒙新)མཐོ་སྒང་།  ས་སེར་མཐོ་སྒང་བཅས་མཐོ་སྒང་ཆེན་པོ་གསུམ་གྱི་འདུས་མདོ་རུ་ཆགས་ཡོད་པ་དང་། རང་རྒྱལ་གྱི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས་རྨ་ཆུ་འབབ་རྒྱུད་དང་ནུབ་བྱང་གི་ཆུ་བོ་དུ་མའི་འབྱུང་ཁོངས་དང་འབབ་ཁུལ་གལ་ཆེན་ཡིན་པར་མ་ཟད།  སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྤེལ་ས་ཁོངས་ཀྱང་ཡིན་པས།  ཆུ་ཁུངས་གསོ་ཉར་དང་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས།  གནམ་གཤིས་སྙོམས་སྒྲིག་ལ་སོགས་ཕྱོགས་སུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཆེན་པོ་འདོན་གྱི་ཡོད། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་འཕྲལ་བསྟུན་དང་གནོད་འགོག་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཀྲོའུ་ཚང་གིས་འདི་སྐད།  མདོ་ལ་རི་བོ་རུ་རྩྭ་སའི་རྩི་ཤིང་དང་།  ཁངས་གསོག   འཁྱགས་ས།  འཁྱགས་རོམ། བརླན་ས་སོགས་དཔེ་མཚོན་ཅན་གྱི་སྐྱེ་ཁམས་མ་ལག་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔག་བྱེད་པ་ནི།  ས་ཁུལ་དེའི་རང་བྱུང་གི་སྐྱེ་ཁམས་མ་ལག་གི་ཤུགས་རྐྱེན་དང་འགྱུར་ལྡོག་ལ་ཞིབ་འཇུག་དང་སྟངས་འཛིན་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

《སྤྱི་བསྒྲགས》ཀྱིས2024ལོའི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ལ་སྒོ་ཀུན་ནས་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱས་ལ། གཙོ་བོ་གནམ་གཤིས་ཆ་རྐྱེན་དང་།  ཆུའི་ཐོན་ཁུངས་ཀྱི་གནས་ཚུལ།  རྩི་ཤིང་གི་སྐྱེ་ཁམས་གནས་སྟངས། སྐྱེ་ཁམས་མ་ལག་ཞབས་ཞུའི་བྱེད་ནུས། གླིང་ཁུལ་གྱི་ཚོད་ལྟ་བྱེད་སའི་སྔ་གཞུག་གི་འགྱུར་བཅས་ནང་དོན་ཁག་ལྔ་འདུ།  ལྟ་ཞིབ་ཚད་ལེན་གྱི་མཇུག་འབྲས་ནང་དུ།  ཉེ་བའི་ལོ་བཅུ་ཡི་ཆ་སྙོམས་དང་བསྡུར་ན།  ལོའི་ཆ་སྙོམས་ཀྱི་གནམ་གཤིས་དྲོད་ཚད་ཅུང་མཐོ་བ་དང་། ལོའི་ཆར་ཆུ་འབབ་ཚད་དོ་མཉམ་ཡིན་པ། ལོའི་ཉི་འོད་ཀྱི་དུས་ཡུན་ཅུང་ཉུང་བ།    ཆུ་རྒྱུན་མོད་པ།  སའི་ཆུ་ཉར་ཚད་མང་པ།  དཔེ་མཚོན་ཅན་གྱི་འཁྱགས་རོམ་རྒྱ་ཁྱོན་དང་འཁྱགས་རོམ་ཉར་ཚད་ཇེ་ཉུང་དུ་ཕྱིན་པ།  དུས་ཚིགས་ཀྱི་འཁྱགས་སའི་གཏིང་ཚད་མི་ཟབ་པ།   ཁངས་གསོག་གི་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ། གངས་གསོག་གི་ཉིན་གྲངས་ཉུང་བ་བཅས་མངོན་ལ།    དེའི་ནང་བར་དམ་འཁྱགས་རོམ་(八一冰川)དང་། གངས་དཀར་ཕྱོགས་ལས་ཀྱི་འཁྱགས་རོམ།    གངས་དཀར་རྩེ་ལྷ་སྤུན་གསུམ་འཁྱགས་རོམ(团结峰)བཅས་ཀྱི་རྒྱ་ཁྱོན་དང་འཁྱགས་རོམ་གྱི་ཉར་ཚད་ལོ་བཅུའི(2015ལོ)ཡར་སྔོན་དུ་བསྡུར་ན།  སོ་སོ་ནས་སྟོང་སྨི་གྲུ་བཞི་མ0.4~12.6དང་4.6~12.9%ཞི་ནས་ཇེ་ཆུང་དུ་ཕྱིན་ཡོད་པ་རེད། 

ལྟ་ཞིབ་ཚད་ལེན་ལྟར་ན།  2024ལོར་སྐྱེས་པའི་རྩི་ཤིང་གི་ཁེབས་ཚད་ཆ་སྙོམས49.2%ཡིན་པ་དང་། དེ་ནི་ཉེ་བའི་ལོ་བཅུ་དང་བསྡུར་ན་ཆ་སྙོམས1.7%འཕར།  རྩྭ་ས་གསོ་སྐྱོང་གི་དུས་ཡུན་སྤྱི་ཡོངས་ནས་ཉིན6བསྲིངས་ཡོད།   རྩྭ་སས་རྩྭའི་ཐོན་འབོར་དེ་ས་ཁུལ་མང་ཤོས་དང་གཅིག་མཚུངས་ཡིན།  གཞན2024ལོའི་ཟླ1པོ་ནས9པའི་བར་གླིང་ཁུལ་དུ་ཡོད་པའི་འབྲོང་ལུང་གི་རྩྭ་སའི་སྐྱེ་ཁམས་མ་ལག་ཧྲིལ་བའི་ཐཱན་སེལ་ཚད་བཟང་བ་དང་།  གླིང་ཁུལ་གྱི་ཆུ་གསོ་ཉར་བྱེད་ས་མང་ཤོས་ཀྱི་ཞབས་ཞུ་ནུས་པ་ཇེ་མཐོར་ཕྱིན། ཚོད་ལྟ་མ་བྱས་སྔོན་དང་བསྡུར་ན། 2024ལོར་གླིང་ཁུལ་གྱི་རྩྭ་སའི་རྩི་ཤིང་གི་ཁེབས་ཚད་སྤྱི་ཆ་ནས3.9%འཕར་ཡོད་པ་དང་།  རྩི་ཤིང་གི་སྐྱེ་ཁམས་སྤུས་ཚད་ཀྱི་སྟོན་གྲངས15.7%དང་།  ཆུ་གསོ་ཉར་གྱི་ཞབས་ཞུ་ནུས་པའི་སྟོན་གྲངས20.1བཅས་འཕར་ཡོད་དོ། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།