ཟླ5པའི་ཚེས12ཉིན་ནས་ཚེས13ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་སུ་རྟོག་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་དོན་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་བག་ནུས་ཟབ་མོར་སྔོག་པ། ཁྱད་ལྡན་དགེ་མཚན་སྟོབས་ཆེར་སྐྱེད་པ། དམངས་འཚོ་མུ་མཐུད་དུ་འགན་ལེན་དང་ལེགས་བཅོས་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཟབ་མོར་སྤེལ་ཏེ། གུང་ཧོ་གཤོང་ས་ལྗང་མདོག་དར་རྒྱས་ལ་སྟོབས་ཤུགས་གཅིག་སྡུད་སྒོས་སྐུལ་འདེད་གཏོང་དགོས།
ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་འབྲས་རྩྭ་སྔོན་པོ་འདེབས་འཛུགས་རྟེན་གཞི་དང་མཚོ་བོད་ཚོ་བའི་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་ཀུང་སི་རུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་འབྲས་རྩྭ་སྔོན་པོ་དང་ནས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། ཞིང་ལས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་འདྲེས་སྦྱོར་ཟབ་མོ་བྱེད་པ་དང་། ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་ཁུངས་གཅིག་སྡུད་ཀྱིས་ཐོན་རྫས་རྩེ་གྲ་དང་གྲགས་སྐར་རྫས་རྐྱང་སྐྲུན་པ། ཟུར་སྣོན་རིན་ཐང་སྔར་ལས་མཐོན་པོ་གསར་སྐྲུན་བྱེད་པ། “དག་གཙང་མཚོ་སྔོན། མཐོ་སྒང་གི་ཁྱད་ནོར”ཚོང་རྟགས་ཀྱི་ཁྲོམ་རའི་བར་སྟོང་ཕན་ནུས་ལྡན་པར་རྒྱ་སྐྱེད་དགོས།
ཁྲི་ཀ་རྫོང་ཞིང་དཔྱིད་རྨ་འགྲམ་དང་དྭངས་གཙང་རྨ་ཆུའི་མཛེས་ལྗོངས། ཀོས་ནན་རྫོང་བྱེ་སྣེའི་རྒྱལ་ཁབ་བྱེ་མའི་སྤྱི་གླིང་། ཐུན་ཏེ་རྫོང་སྐྱེ་ཁམས་ཞིག་གསོ་ལས་གཞི་ཡུལ་དངོས། འབའ་མདོ་སྡེ་བའི་རྨ་ཆུའི་འགྲམ་རྒྱུད་བཅས་སུ། ལུའོ་ཏུང་ཁྲོན་གྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ། ནན་གྱིས་བསྟན་དོན། “རི་གཉིས”འདུ་ཤེས་ལག་ལེན་ཟབ་མོར་འདེབས་པ་དང་། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་སྲོལ་ཡིག》དངོས་འབེབས་ནན་ཏན་བྱེད་པ། ཀྲུང་དབྱང་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་རྨ་ཆུའི་ཉེན་སྟོན་བརྙན་གྱི་ཕྱིར་སློག་གནད་དོན་བཅོས་སྐྱོང་ལེགས་པར་འཛིན་པ། མཚོ་ལྷོའི་ཁྱད་ཆོས་ཡོད་པ་དང་རྫོང་ཁོངས་ཀྱི་ཁྱད་ཆོས་འབུར་དུ་དོད་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་དང་འཛུགས་སྐྲུན་བཟང་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ། རྨ་ཆུ་ནི་མཐོ་སྒང་མི་དམངས་ལ་ཕན་བདེ་སྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་དུ་འཇུག་དགོས།
ཁྲི་ཀ་རྫོང་མི་ཉག་དགུ་ཐོག་དང་འབའ་རྫོང་རྫོང་རུ་རིག་གནས་གནའ་ཤུལ་དུ། ལུའོ་ཏུང་ཁྲོན་གྱིས་གནའ་བོའི་འཛུགས་སྐྲུན་ཚོགས་པའི་རིག་རྫས་སྲུང་སྐྱོང་དང་རྫོང་རུ་རིག་གནས་གནའ་རྫས་བརྟག་དཔྱད་སྔོག་འདོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ། ནན་གྱིས་བསྟན་དོན། རིག་རྫས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་། རྒྱུན་འཛིན་སྲུང་སྐྱོང་བེད་སྤྱོད་ཀྱི་རྣམ་པ་གསར་པ་འབད་པ་ཆེན་པོས་འཚོལ་ཞིབ་བྱེད་པ། རིག་གནས་དང་ཡུལ་སྐོར་འདྲེས་སྦྱོར་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་སྐྲུན་པ། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། གནའ་རྫས་བརྟག་དཔྱད་གྲུབ་འབྲས་གཞན་སྒྱུར་ལ་མཐོང་ཆེན་བྱས་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་དེར་དུས་རབས་གསར་པར་གཟི་འོད་གསར་པ་འཕྲོ་རུ་འཇུག་དགོས།
ཀོས་ནན་རྫོང་མང་ཆུ་གྲོང་རྡལ་སྲིད་གཞུང་ཕྱོགས་བསྡུས་ལས་སྒྲུབ་ཚོམས་ཆེན་དུ། ལུའོ་ཏུང་ཁྲོན་གྱིས་ལས་ཁུངས་ཀྱི་སྲིད་དོན་སྒེའུ་ཁུང་རེ་རེའི་ཞབས་ཞུ་ལས་དོན་གྱི་གནས་ཚུལ་ལ་འདྲི་རྟོགས་ཞིབ་མོ་གནང་བ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་ཟབ་མོ་བྱེད་པ་དང་རྣམ་པ་རིང་ལུགས་བཅོས་སྐྱོང་གིས་གཞི་རིམ་འགན་འཁུར་ཇེ་ཡང་དུ་བཏང་བའི་གནས་ཚུལ་སྙན་ཞུར་གསན་ཏེ་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་གཏིང་ཟབ་མོས་ཁོང་དུ་ཆུད་པ་དང་། དགོངས་གཞི་ནན་མོ་དང་བླང་བྱ་དངོས་མ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་སློབ་གསོ་དང་གཞི་རིམ་འགན་འཁུར་ཇེ་ཡང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཕན་འབྲས་སུ་ངེས་པ་དོན་གྱིས་བསྒྱུར་ཏེ། གཞི་རིམ་གྱི་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ལེགས་པོ་བསྒྲུབ་དགོས།
ཐུན་ཏེ་རྫོང་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། ལུའོ་ཏུང་ཁྲོན་གྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་འགལ་བ་རྩོད་གཞི་ཐག་གཅོད་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་། “མཐུན་པ་སྤུན་བཞིའི་འདུམ་འགྲིག་བྱེད་ཐབས”སོགས་ཁྱད་ཆོས་ལྡན་པའི་ཉམས་མྱོང་བྱེད་ཐབས་ལ་གདེང་འཇོག་ཁས་ལེན་མཛད་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། དམངས་དོན་ཞབས་ཞུའི་ལྷག་བསམ་བཟང་པོ་དུས་དང་རྣམ་པ་ཀུན་ཏུ་སྲུང་འཛིན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་སླད་དུ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་སྐུལ་མ་གནང་།
ཞིན་ཧེ་རྫོང་ཐང་ནག་ཤང་སྡེ་གསུམ་གནས་སྤོར་བདེ་འགོད་གནས་སུ། ལུའོ་ཏུང་ཁྲོན་གྱིས་ལས་གཞི་འཕེལ་འགྲོས་གནས་ཚུལ་ལ་ཡུལ་དངོས་ནས་གཟིགས་རྟོག་གནང་སྟེ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྤྱི་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྗེས་མཐུད་ཀྱི་ལས་ཞུགས་དང་ཐོན་ལས་རོགས་སྐྱོར་བྱེད་ཤུགས་ཆེར་བསྐྱེད་པའི་བླང་བྱ་བཏོན་པར་མ་ཟད། མང་ཚོགས་སྡོད་ཁང་གསར་པར་སྤོས་པ་དང་འཚོ་བར་རྣམ་པ་གསར་པ་བསུས་པར་རྟེན་འབྲེལ་ཞུས། ཞིན་ཧེ་རྫོང་བོད་སྨན་ཁང་དུ། ལུའོ་ཏུང་ཁྲོན་གྱིས་བོད་སྨན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གྱིས་གསན་ཏེ་བསྟན་དོན། ཚན་ཞིབ་དང་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། དུས་རབས་གསར་པའི་ཀྲུང་ལུགས་བོད་ལུགས་གསོ་རིག་གསར་གཏོད་འཕེལ་རྒྱས་ལ་སྔར་ལས་ལེགས་པར་སྐུལ་འདེད་བཏང་སྟེ། མཐོ་སྒང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཕན་བདེ་འཕེལ་བའི་ཐོག་སྔར་ལས་ཆེ་བའི་ནུས་པ་འདོན་དགོས། །