ཟླ5པའི་ཚེས11ཉིན། ཕྱི་འབྲེལ་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པའི་སྐོར་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད་ལ་བརྡ་གཏོང་ཚོགས་འདུ་བསྡུས། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་ལས་རོགས་མིའོ་ཏི་ཡུས་ཀྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
མིའོ་ཏི་ཡུས་ཀྱིས་བསྟན་དོན། ཐེངས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་བརྗོད་དོན་ནི"འཕེལ་རྒྱས་དང་དར་སྤེལ་མཉམ་དུ་གྲོས་མོལ་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པ"ཞེས་པ་དེ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་ཐེངས་འདིའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་ལ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཕྱིར་དྲན་གནང་རྒྱུ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པོ་དང་ལག་ལེན་གྱི་གྲུབ་འབྲས་ཆེན་པོ། མདུན་ལམ་རྒྱ་ཆེན་པོ་བཅས་ཀྱི་ཐད་ནས་རྒྱས་བཤད་གནང་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གྲོས་འགོ་གསར་པ་དང་བྱེད་ཐབས་གསར་པ་བཏོན་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་ཡུན་རིང་དང་བརྟན་བརླིང་ངང་འཕེལ་རྒྱས་འབྱུང་བར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད། ཚོགས་འདུའི་སྟེང་ནས་གྲུབ་འབྲས་ཐོབ་པའི་ཡིག་ཆ་མང་པོ་ཞིག་ལ་གྲོས་འཆམ་འབྱུང་ངེས་ཡིན་ལ། དེའི་ནང་ཕྱོགས་གཉིས་ཀྱི་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་ཉོ་ཚོང་། དངུལ་གཏོང་། མི་ཐབས་རིག་ནུས། དངུལ་རྩ། རྨང་གཞིའི་སྒྲིག་ཆས། ཞིང་ལས་འབྲུ་རིགས། བཟོ་ལས་དང་ཆ་འཕྲིན་ཅན། ནུས་ཁུངས་གཏེར་ཐོན།"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བཅས་ཀྱི་ཐད་ཀྱི་མཉམ་ལས་བྱེད་ཐབས་ཞིབ་ཕྲ་ཡོད་ཅིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཞི་བདེ་བརྩོན་ལེན་བྱེད་པ་དང་འཕེལ་རྒྱས་ལ་འཆར་འགོད་འཐེན་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཀྱི་ཆོད་སེམས་བརྟན་པོ་མངོན་ཐུབ།
མིའོ་ཏི་ཡུས་ཀྱིས་བཤད་རྒྱུར། ལོ་བཅུའི་སྔོན་ལ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་དང་པོ་པེ་ཅིན་དུ་ལེགས་འགྲུབ་ངང་འཚོགས་པ་དེས་ཀྲུང་གོ་དང་ལ་ཏིང་མེ་གླིང་འབྲེལ་བའི་སྒོ་འབྱེད་མཉམ་ལས་དང་སྤྱི་ཡོངས་མཉམ་ལས་ཕྱོགས་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པ་དངོས་སུ་མགོ་བརྩམས་ཡོད། ལོ་བཅུའི་རིང་གཙོ་བདག་ཕྱི་འབྲེལ་ཀྱི་འཐབ་ཇུས་སྣེ་ཁྲིད་དང་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་པུའུ་ཀྲང་རིམ་པའི་ཚོགས་འདུ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་ཕྱི་འབྲེལ་པུའུ་ཀྲང་གི་གླེང་མོལ། རྒྱལ་ཁབ་མཐུན་སྦྱོར་པའི་ཚོགས་འདུ་སོགས་ལམ་སྲོལ་བཙུགས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྤྱི་ཡོངས་མཉམ་ལས་ཀྱི་ཀ་བཞི་གདུང་བརྒྱད་བསྐྲུན་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་དངོས་སུ་འཁོར་སྐྱོད་བྱས་ནས་ལོ་འཁོར10ལོན་པའི་སྐབས་སུ། པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པ་འཚོགས་པ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་གྲོས་མོལ་ཀྱིས་འཛིན་སྐྱོང་སྤེལ་གསུམ་དང་། ཐུན་མོང་གྲོས་མོལ་མཉམ་ལས། འབྱུང་འགྱུར་མཉམ་དུ་བསྐྲུན་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་འཕེལ་རིམ་ཁྲོད་མཚོན་རྟགས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པས། འཛམ་གླིང་ཡོངས་ལ་མཐུན་སྒྲིལ་མཉམ་ལས་དང་མཉམ་དུ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་བརྡ་རྟགས་གསལ་པོ་ཞིག་བཏང་ཡོད་ཟེར།
མིའོ་ཏི་ཡུས་ཀྱིས་ནན་གྱིས་བསྟན་དོན། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ཡོད་པས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་ལ་འཚམས་འདྲི་ཐེངས6བྱས་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་ཡུལ་དུས་སུ་ས་ཁུལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་མཉམ་འགུལ་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་འགོད་དངོས་སུ་འཆར་འགོད་བྱས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད་སྒོ་འབྱེད། དམངས་ཕན་བཅས་ཀྱི་དུས་རིམ་གསར་བར་སླེབས་པར་སྣེ་ཁྲིད་བྱས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པར་གོ་དོན་གཏིང་ཟབ་སྤྲད་ཡོད། བཙན་དབང་ལ་ངོ་རྒོལ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་དར་སྤེལ་གཏོང་རྒྱུ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཕྱོགས་གཉིས་ཀྱིས་མཉམ་དུ་དོན་གཉེར་བྱེད་བཞིན་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཕྱོགས་གཉིས་ཚང་མས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་དང་། ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལམ་སྲོལ་སྒྲིག་གཞི་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་རྐྱང་རིང་ལུགས་དང་དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་བྱེད་པ། དཔལ་འབྱོར་ཉོ་འཚོང་པོའི་འབྲེལ་བ་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་འགྱུར་བར་ངོ་རྒོལ་བཅས་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་གྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། ལ་ཏིང་མེ་གླིང་ཕྱོགས་དང་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་མཉམ་དུ་གྲོས་མོལ་དང་མཉམ་ལས་ཀྱི་བྱེད་སྒོ་ཆེན་པོར་གཞོགས་འདེགས་བྱས་ཏེ། གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པར་མཉམ་དུ་བློ་གྲོས་དང་སྟོབས་ཤུགས་བྱས་རྗེས་སུ་འཇོག་འདོད་ཡོད།
མིའོ་ཏི་ཡུས་ཀྱིས་ད་དུམ་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་། གོ་ལ་ཧྲིལ་བོའི་ཉོ་ཚོང་སོགས་ཀྱི་དྲི་བར་ལན་བཏབ། །