ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྨྱན་བྱད་སྟེང་མཚན་བཀོད་རྩོམ་ཡིག་སྤེལ་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན། མའོ་སི་ཁོར་ཕེབས་ནས་ཨུ་རུ་སུར་རྒྱལ་དོན་མཚམས་འདྲི་གནང་བ་མ་ཟད་སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་ནས་ལོ་འཁོར80ལོན་པའི་རྟེན་འབྲེལ་མཛད་སྒོར་ཞུགས་རྩིས་ཡོད་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཨུ་རུ་སུའི་ཚགས་པར》སྟེང་ཁ་བྱང་ལ《ལོ་རྒྱུས་དཔྱད་གཞིར་བཟུང་ནས་མཉམ་དུ་འབྱུང་འགྱུར་བཏོད》ཅེས་པའི་མཚན་བཀོད་རྩོམ་ཡིག་སྤེལ། རྩོམ་ཡིག་ཧྲིལ་བོ་གཤམ་ལྟར།

ལོ་རྒྱུས་དཔྱད་གཞིར་བཟུང་ནས་མཉམ་དུ་འབྱུང་འགྱུར་བཏོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།

ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་། སུའུ་ལེན་ཀྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར80ལོན་པའི་ལོའང་ཡིན། “ལི་སྡོང་མེ་ཏོག་གང་སར་བཞད་པའི”དུས་ཚིགས་འདིར། ངས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲིར་གནང་རྩིས་ཡོད་པ་མ་ཟད། སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ནས་དཔའ་རྟུལ་གྱི་ཨུ་རུ་སུའི་མི་དམངས་དང་མཉམ་དུ་ལོ་རྒྱུས་ལ་བསྐྱར་དྲན་དང་དཔའ་བོར་དྲན་གསོ་ཞུ་རྒྱུ་ཡིན།

ལོ་ངོ10གོང་གི་སྐབས་འདིར། ང་རང་ཨུ་རུ་སུར་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། ཨུ་རུ་སུའི་འཐབ་འཛིང་པ་རྒན་རྒོན་འཐུས་མི18ལ་ཆེད་དུ་ཐུག་འཕྲད་གནང་ཞིང་། ཁོང་ཚོས་སུའུ་ལེན་ཀྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་དང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་གཡུལ་སར་ཟུངས་ཁྲག་དམར་པོ་བཏོན་ནས་འབད་འཐབ་གནང་བ་རེད། འཐབ་འཛིང་པ་རྒན་གྲས་ཚོའི་རྣོ་ལྕགས་ལྟ་བུའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དེ་ངས་ད་ལྟའི་བར་དུ་བརྗེད་མི་སྲིད། འདས་ཟིན་པའི་ལོ་འགའི་ནང་། དམག་སྤྱི་ཆེན་མོ་ཅ་ལེ་ཡེ་ཧྥུའུ་དང་དམག་སྤྱི་གཞོན་པ་ཧྲུའུ་ཏེ་ལུའོ་སོགས་འཐབ་འཛིང་པ་རྒན་གྲས་སྔ་རྗེས་སུ་སྐུ་གཤེགས་པས་ང་ལྷག་བསམ་རྣམ་དག་གིས་ཁོང་ཚོར་དྲན་གསོ་ཞུ་བཞིན་ཡོད། དམག་དཔོན་ནས་དམག་མིའི་བར་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ཆེད་དུ་བླ་མེད་བྱས་རྗེས་བཞག་པའི་དམག་དཔོན་རྒན་རྒོན་ཚང་མ་ང་ཚོས་ནམ་ཡང་བརྗེད་མི་སྲིད། དཔའ་བོ་ཇི་སྲིད་བར་དུ་གནས་པ་དང་། དྲང་བདེན་ལ་ནམ་ཡང་ཉམས་པ་མེད།

འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་དང་ཕན་ཚུན་རོགས་སྐྱོར་བྱས་ཡོད། ཀྲུང་གོ་མི་དམངས་གྱི་འཇར་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་། ཀྲུང་གོར་རོགས་སྐྱོར་བྱེད་པའི་སུའུ་ལེན་གྱི་མཁའ་སྐྱོད་རུ་ཁག་གིས་ནན་ཅིང་དང་། ཝུའུ་ཧན། ཁྲུང་ཆིང་སོགས་སུ་མཁའ་དབྱིངས་ནས་འཇར་པན་ཇག་དམག་ལ་ཕར་རྒོལ་བྱས་པའི་ཁྲོད་འཕུར་སྐྱོད་པ་མང་པོ་ཞིག་གིས་ཚེ་སྲོག་ཕུལ་བ་རེད། སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་གི་འགག་རྩའི་དུས་སུ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་དུ་བྱུང་བའི་གསང་མྱུལ་མཁན་ཡན་པའོ་ཧང་གིས་སུའུ་ལེན་ཕྱོགས་ལ་གསང་འཕྲིན་མཁོ་འདོན་བྱས། དམག་འཁྲུག་གི་ལོ་ཟླའི་ནང་། སུའུ་ལེན་གྱིས་ཀྲུང་གོར་མཚོན་ཆ་དང་སྒྲིག་ཆས་འབོར་ཆེན་མཁོ་འདོན་བྱས་པ་དང་། ཀྲུང་གོས་ཀྱང་སུའུ་ལེན་ལ་འཕྲལ་མཁོའི་འཐབ་ཇུས་དངོས་ཟོག་སྐྱེལ་ཡོད། རྒྱལ་ཁབ་གཉིས་ཀྱིས་དཀའ་སྡུག་ཁྲོད་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི“སྲོག་རྩ”ཞིག་བཏོད་པ་དེས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཟུངས་ཁྲག་དང་ཚེ་སྲོག་གཅིག་ཏུ་སྒྲིལ་བའི་མཛའ་གྲོགས་ཟབ་མོ་ནི་རྨ་ཆུའི་ཆུ་རྒྱུན་བཞིན་ཆད་པ་མེད་ལ། ཧྥུའུ་ཨར་ཅའི་གཙང་བོ་བཞིན་ཡངས་ཤིང་གཏིང་ཟབ་པས། ཀྲུང་གོ་དང་ཨུ་རུ་སུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ལ་རྫོགས་མཐའ་མེད་པའི་འབྱུང་ཁུངས་ཞིག་ཏུ་གྱུར་ཡོད།

ལོ་ངོ80ཡི་སྔོན་དུ། ཀྲུང་གོ་དང་སུའུ་ལེན་ཚུད་པའི་འཛམ་གླིང་ཡོངས་ཀྱི་དྲང་བདེན་སྟོབས་ཤུགས་ཀྱིས་ཞེ་སྡང་མཉམ་སྐྱེས་དང་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་ཏེ། དཔུང་པ་མཉམ་གཤིབ་ཀྱིས་འཛམ་གླིང་གི་ཧྥ་ཤི་སིའི་སྟོབས་ཤུགས་ཕམ་པར་བྱས་ཡོད། ལོ་ངོ80རྗེས་ཀྱི་དེ་རིང་། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་དྲག་ཐབས་བཙན་བརྙས་བྱ་སྤྱོད་ཀྱི་གནོད་འཚེ་གཏིང་ཟབ་པས། མིའི་རིགས་ནི་ཡང་བསྐྱར་མཐུན་སྒྲིལ་དང་ཁ་བྲལ་དང་། གླེང་མོལ་དང་ཡང་ན་ཁ་གཏད། མཉམ་རྒྱལ་ལམ་ཡང་ན་བསྡོམས་མེད་བཅས་ཀྱི་བཞི་མདོར་གནས་ཡོད། རླབས་ཆེའི་ཨུ་རུ་སུའི་རྩོམ་པ་པོ་ལེ་ཧྥུའུ·ཐའོ་ཨར་སི་ཐའེ་ཡིས《དམག་འཁྲུག་དང་ཞི་བདེ》ཞེས་པའི་ནང“ལོ་རྒྱུས་ནི་རྒྱལ་ཁབ་དང་མིའི་རིགས་ཀྱི་རྣམ་ཐར་ཞིག་རེད”ཅེས་བྲིས་ཡོད། ལོ་རྒྱུས་ཀྱི་དྲན་ཤེས་དང་གནས་ཚུལ་ངོ་མ་ལོ་ཟླའི་འཁོར་རྒྱུན་དང་བསྟུན་ནས་ཡལ་མི་སྲིད་ལ། ང་ཚོར་དོན་དངོས་ལ་བློ་སྒོ་འབྱེད་པ་དང་འབྱུང་འགྱུར་གསལ་སྟོན་བྱེད་པའི་འོད་སྣང་ནི་ནམ་ཡང་ཡལ་པ་མེད། ང་ཚོས་ལོ་རྒྱུས་དཔྱད་གཞིར་བྱས་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་བསླབ་བྱ་གཏིང་ཟབ་དང་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་གི་རླབས་ཆེའི་རྒྱལ་ཁའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཐུན་མོང་ཐོག་མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱ་དགོས།

ང་ཚོས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གོ་དང་སུའུ་ལེན་སོ་སོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཨེ་ཤེ་ཡ་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་ཡིན་པའི་ཆ་ནས། འཇར་པན་དམག་རྒྱལ་རིང་ལུགས་དང་འཇར་མན་ན་ཙི་རིང་ལུགས་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་ལ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ཐག་གཅོད་རང་བཞིན་གྱི་བྱས་རྗེས་བཞག་ཡོད། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་མགོ་ཚུགས་པའི་དུས་ཚོད་སྔ་བ་དང་ཡུན་རིང་བ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་འགོག་གི་མི་རིགས་གཅིག་གྱུར་འཐབ་ཕྱོགས་ཀྱི་དར་ཆ་དར་སྤེལ་དང་གསར་འཛུགས་བྱས་པའི་འོག ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱིས་མདུན་སྐྱོད་རྗེས་མཐུད་དང་། ནུས་ཤུགས་གཅིག་སྒྲིལ་བྱས་ཏེ། བློས་གཏོང་ཆེན་པོས་གདུག་རྩུབ་ཆེ་བའི་འཇར་པན་དམག་རྒྱལ་རིང་ལུགས་པ་ཕམ་པར་བྱས་ཏེ། འཇར་འགོག་དམག་འཁྲུག་ལ་རླབས་ཆེའི་རྒྱལ་ཁ་བླངས་པ་རེད། ཡོ་རོབ་གླིང་གི་གཡུལ་སར། སུའུ་ལེན་དམར་དམག་གིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ན་ཙིའི་བཙན་འཛུལ་པའི་ཧམ་སེམས་གཏོར་བ་དང་། འཇར་མན་ཧྥ་ཤི་སིས་བྲན་གཡོག་བྱས་པའི་མི་དམངས་རྣམས་བཅིངས་འགྲོལ་བཏང་སྟེ། སུའུ་ལེན་གྱི་རླབས་ཆེའི་རྒྱལ་སྲུང་དམག་འཁྲུག་ལ་རྔམ་བརྗིད་ལྡན་པའི་རྒྱལ་ཁའི་སྙན་ངག་བརྩམས་ཡོད།

ལོ་རྒྱུས་ཀྱིས་ང་ཚོར་འོད་སྣང་གིས་མུན་པ་མཐའ་དག་སེལ་ནས། དྲང་བདེན་ནི་ནམ་ཡང་གདུག་རྩུབ་ལས་རྣམ་པར་རྒྱལ་ངེས་པ་བརྗོད་ཡོད། ཉིའུ་ལུན་པའོ་རྒྱལ་སྤྱིའི་དམག་དོན་ཁྲིམས་ར་དང་ཡོན་ཏུང་ས་ཁུལ་གྱི་རྒྱལ་སྤྱིའི་དམག་དོན་ཁྲིམས་རས་དམག་འཁྲུག་ཉེས་ཅན་མཐའ་དག་ཇི་སྲིད་བར་དུ་ལོ་རྒྱུས་ཀྱི་དམའ་འབྱིན་ཀ་བའི་ཐོག་བཏགས་ཡོད། འདྲི་གཅོད་ཆེན་པོ་དེ་གཉིས་ཀྱི་དྲང་བདེན་གྱི་ངོ་བོ་དང་། ལོ་རྒྱུས་ཀྱི་རིན་ཐང་། དུས་རབས་ཀྱི་དོན་སྙིང་བཅས་ལ་གཡོ་འགུལ་གཏོང་མི་རུང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་འཁྱོག་བཤད་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཡོད་ཚད་ཁས་མི་ལེན་པ། ཀྲུང་གོ་དང་སུའུ་ལེན་གྱི་ལོ་རྒྱུས་བྱས་རྗེས་རྨག་མེད་དུ་གཏོང་བ་བཅས་ཀྱི་ངན་ཇུས་མཐའ་དག་ལ་ནམ་ཡང་རྒྱལ་ཁ་ཐོབ་མི་སྲིད། ལོ་རྒྱུས་ཕྱིར་བཤོལ་བྱེད་འདོད་ཀྱི་བྱ་སྤྱོད་གང་ཞིག་ཡིན་རུང་། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཁས་ལེན་མི་སྲིད་པར་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཀྱང་ཁས་ལེན་མི་སྲིད།

ང་ཚོས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་འགྲིལ་བའི་སྔ་རྗེས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆེས་གལ་ཆེ་བའི་ཐག་གཅོད་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པ་དེ་ཡིན། ཀྲུང་གོ་དང་སུའུ་ལེན་གྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ཐོག་སྔོན་ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཀྱི་གོ་གནས་ནི་ལོ་རྒྱུས་ཐོག་གྲུབ་པ་ཞིག་ཡིན་པ་དང་། ཟུངས་ཁྲག་དང་ཚེ་སྲོག་ལ་བརྟེན་ནས་བརྗེས་པ་ཞག་ཡིན། རྒྱལ་སྤྱིའི་གནས་བབ་ཇི་ཙམ་ཟང་ཟིང་དང་རྙོག་འཛིང་ཡིན་ན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དམིགས་ཡུལ་དང་རྨང་གཞི་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། རྒྱུན་མཐུད་འདྲ་མཉམ་དང་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ད་ལོ་ནི་ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར80ལོན་པའི་ལོ་ཡིན། ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་པ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། 《ཁེ་ལོའི་བསྒྲགས་གཏམ》དང《པོ་ཚི་ཐན་གྱི་གསལ་བསྒྲགས》སོགས་རྒྱལ་སྤྱིའི་བཅའ་ཁྲིམས་རབ་དང་རིམ་པའི་ནུས་ལྡན་གྱི་ཡིག་ཆས་ཐའེ་ཝན་ལ་ཀྲུང་གོའི་བདག་དབང་ཡོད་པ་ཁས་ལེན་བྱས་ཡོད་པས། དེའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་དོན་དངོས་ལ་དོགས་པ་བྱེད་མི་རུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང2758པའི་ཟིལ་ཤུགས་རང་བཞིན་ལ་འགྲན་སློང་བྱེད་མི་རུང་། ཐའེ་ཝན་གླིང་ཕྲན་ནང་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཇི་ལྟར་ཟིང་འཁྲུག་བསླངས་རུང་། ཀྲུང་གོས་མཐར་ཐུག་ན་གཅིག་གྱུར་བྱེད་ངེས་པ་དང་གཅིག་གྱུར་བྱེད་སྲིད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོར་སུས་ཀྱང་བཀག་འགོག་བྱེད་མི་ཐུབ།

ཀྲུང་གོ་དང་ཨུ་རུ་སུས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཨུ་རུ་སུའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་བྱེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཆེད་དུ་སྤྱད་པའི་བྱེད་ཐབས་མཐའ་དག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཐེངས་མང་པོར་གསལ་བསྒྲགས་གནང་ཡོད། ཀྲུང་གོའི་ཕྱོགས་གྱིས་དེར་ཚད་མཐོའི་གདེང་འཇོག་བྱས་ཡོད།

ང་ཚོས་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས། དེང་སྐབས་འཛམ་གླིང་ཐོག་ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་མང་དུ་འགྲོ་བ་ལས་ཇེ་ཉུང་དུ་འགྲོ་ཀིན་མེད། ངས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་བཅས་ནི་གོང་གསལ་གྱི་མཚལ་ཡིག་དེ་དག་གཏོར་བ་དང་། དྲང་གཞག་དྲང་བདེན་དེ་འདུ་ཤེས་བསམ་གཞིར་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྣེ་ཁྲིད་ཧུར་ཐག་བྱ་ཆེད་ཡིན།

འཇིག་རྟེན་ལ་དྲང་བདེན་དགོས་པ་ལས་བཙན་ཤེད་མི་དགོས། ལོ་རྒྱུས་དང་དོན་དངོས་གཉིས་ཀས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ངེས་པར་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། གླེང་མོལ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་པ་ལས་མནའ་འབྲེལ་མི་བྱེད་པ། མཉམ་རྒྱལ་ལས་ཁ་བྲལ་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། ཕྱོགས་སོ་སོའི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱས་ཏེ། རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚང་མ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་བ་དང་། དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་བ་གདམ་ག་བྱ་རྒྱུ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་ལ། གོ་ལ་ཧྲིལ་པོའི་འཐབ་ཇུས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཀྱང་ཡིན། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ལོ་རྒྱུས་ཀྱི་གཏན་ཚིགས་གསལ་པོ་དང་། ནང་གནས་ཀྱི་སྒུལ་ཤུགས་སྟོབས་ཆེན། ཤེས་རིག་གི་རྨང་གཞི་གཏིང་ཟབ་བཅས་ལྡན་པས། ཕྱོགས་གསུམ་པར་དམིགས་པ་མིན་ལ། ཕྱོགས་གསུམ་པ་གང་རུང་གི་ཚོད་འཛིན་ཡང་ཐེབས་ཀྱིན་མེད། ཕྱོགས་གཉིས་ཀྱིས་འགལ་རྐྱེན་གང་རུང་གིས་ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ལ་གཏོར་བརླག་བྱེད་པའི་ངན་ཇུས་ལ་ཐུན་མོང་ཐོག་བཀག་འགོག་བྱས་ཏེ། དུས་སྐབས་ཤིག་དང་དོན་དག་གཅིག་ལ་མགོ་འཐོམ་པ་དང་། དཀའ་ངལ་དང་རྙོག་འཛིང་དབང་གིས་བར་ཆད་ཐེབས་མི་སྲིད་པར། ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་མཉམ་ལས་ཀྱི་ངེས་གཏན་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ལ་བརྟེན་ནས་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཀྲུང་གོ་དང་ཨུ་རུ་སུ་ཚང་མ་ནི་འོད་སྟོང་འཕྲོ་བའི་དཔལ་ཡོན་ལྡན་པའི་རླབས་ཆེན་གྱི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་མི་དམངས་དང་ཨུ་རུ་སུའི་མི་དམངས་ཚང་མ་ནི་དཔའ་བོའི་ཁྲག་རྩ་ལྡན་པའི་རླབས་ཆེན་གྱི་མི་དམངས་ཡིན། ལོ་ངོ80ཡི་གོང་དུ། ང་ཚོ་ཡར་ལངས་ནས་ངོ་རྒོལ་བྱས་པ་བརྒྱུད། ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རླབས་ཆེའི་རྒྱལ་ཁ་ཐོབ་པ་རེད། ལོ་ངོ80ཡི་རྗེས་ཀྱི་དེ་རིང་། ང་ཚོས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ། རང་ངོས་ཀྱི་བདག་དབང་དང་བདེ་འཇགས། ཁེ་ཕན། འཕེལ་རྒྱས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་དྲན་ཤེས་ཀྱི་སྲུང་སྐྱོང་པ་དང་འཕེལ་རྒྱས་དར་སྤེལ་གྱི་ལས་རོགས་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་གྱི་སྲུང་སྐྱོང་མཁན་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བརྩོན་ལེན་བྱེད་དགོས ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།