མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་གསར་ཤོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྨ་ཆུའི་ཚི་ཧ་འགག་གི་ཆུ་གློག་ས་ཚིགས་ལས་གཞི་འཛུགས་སྐྲུན་ས་ཁུལ་དང་ཆུས་བསྣུབས་པའི་ས་ཁུལ་དུ་འཛུགས་སྐྲུན་ལས་གཞི་གསར་སྣོན་དང་མི་གྲངས་ནང་སྤོ་བཀག་འགོག་བྱེད་པའི་སྐོར་གྱི་བརྡ་ཁྱབ།  

མཚོ་སྲིད(2025)ཡིག་ཨང15པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་དོན་ཁང་། ཐིང་། ཅུའུ་ཁག་ལ།    

རྨ་ཆུའི་ཚི་ཧ་འགག་ཆུ་གློག་ས་ཚིགས་ཀྱི་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས་ཏེ།ལས་གཞི་འཛུགས་སྐྲུན་ས་ཁུལ་དང་ཆུས་བསྣུབས་ཁུལ་གྱི་དངོས་རྫས་དམིགས་ཚད་བརྟག་དཔྱད་ལས་དོན་ལ་ཕྱོགས་ཡོངས་ནས་གནད་དུ་འཁེལ་བའི་སྒོ་ནས་ལེགས་སྒྲུབ་བྱ་ཆེད།《ཆུ་བེད་ཆུ་གློག་ལས་གཞི་ཆེ་འབྲིང་འཛུགས་སྐྲུན་གྱི་ས་ཞིང་བསྡུ་ལེན་ཁ་གསབ་དང་གནས་སྤོས་ཡུལ་མི་བཀོད་སྒྲིག་སྐོར་གྱི་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟ་བརྡ་ཁྱབ་བཏང་པ་གཤམ་གསལ་ལྟར།

གཅིག རྨ་ཆུའི་ཚི་ཧ་འགག་ཆུ་གློག་ས་ཚིགས་ལས་གཞིའི་འཛུགས་སྐྲུན་ས་ཁུལ་དང་ཆུ་བསྣུབས་ཁུལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་འབྲོང་འཐུ་ཡུལ་ཚོའི་རྡོ་རྫོང་སྡེ་བ། ཁྱ་ཆེན་སྡེ་བ། ར་མོ་སྡེ་བ། རོང་བློན་སྡེ་བ། སྟག་ཐང་སྡེ་བ། ཆུ་སྔོན་གྲོང་རྡལ་གྱི་ཐོན་ཅེ་སྡེ་བ། འབའ་རྫོང་ཐང་མགོ་གྲོང་རྡལ་གྱི་གསར་ཐང་སྡེ་བ། སྐྱ་བོ་སྡེ་བ། དུང་དཀར་སྡེ་བ། ཅ་ལ་སྡེ་བ། ཆུ་དམར་སྡེ་བ། ཞོལ་མ་ཡུལ་ཚོའི་ཟམ་པ་སྡེ་བ། སྟག་སྡེ་བ། རྡེའུ་དཀར་སྡེ་བ། རྨོག་དཀར་སྡེ་བ། ཉིན་ལུང་སྡེ་བ། སྟག་ལུང་སྡེ་བ། སྟག་བསོད་སྡེ་བ། འབའ་ལུང་ཡུལ་ཚོའི་འབའ་མདོ་སྡེ་བ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་གཡུག་གཞུང་ཡུལ་ཚོ། བྱེ་བྲག་གི་ཁྱབ་ཁོངས་ནི་རྣམ་གྲངས་ཁྲིམས་མིས་ཞིབ་བཤེར་གཏན་འབེབས་བྱས་པའི་ས་ཆ་བསྡུ་ལེན་དམར་ཐིག་རི་མོ་གཞིར་བཟུང་ཡུལ་དངོས་སུ་ཕུར་པ་བཏང་ནས་ས་མཚམས་གཏན་འཁེལ་བྱེད་པའི་ཁྱབ་ཁོངས་དེ་ཚད་གཞིར་འཛིན་དགོས།

གཉིས། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལས་ཁུངས་དང་མི་སྒེར་གང་རུང་གིས་རྨ་ཆུའི་ཚི་ཧ་འགག་གི་ཆུ་གློག་ས་ཚིགས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་ས་བདག་བཟུང་དང་ཆུ་བསྣུབས་ཁུལ་དུ་ལས་གཞི་གསར་སྐྲུན་དང་། རྒྱས་སྐྲུན། བསྐྱར་སྐྲུན་བཅས་བྱེད་མི་ཆོག་པ་དང་། ས་ཞིང་གསར་སྤེལ་དང་ཁང་པ། དེ་བཞིན་སྒྲིག་བཀོད་གཞན་དག་གསར་སྐྲུན་བྱེད་མི་ཆོག ལོ་མང་སྐྱེ་བའི་དཔལ་འབྱོར་ལོ་ཏོག་དང་ཤིང་སྡོང་སྣ་ཚོགས་གསར་དུ་འདེབས་འཛུགས་བྱེད་མི་ཆོག གོང་གསལ་གྱི་གཏན་འབེབས་དང་འགལ་ནས་འཛུགས་སྐྲུན་དང་འདེབས་འཛུགས་བྱས་ན། གནས་སྤོ་བྱེད་སྐབས་འཛུགས་སྐྲུན་དང་འདེབས་འཛུགས་བྱས་པའི་ཆ་ཤས་ལ་ཁ་གསབ་མི་སྟེར། 

གསུམ། འབྲེལ་ཡོད་ལས་ཁུངས་ཀྱིས་རྨ་ཆུའི་ཚི་ཧ་འགག་ཆུ་གློག་ས་ཚིགས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་ས་བདག་བཟུང་དང་ཆུས་བསྣུབས་ཁུལ་གྱི་ཐེམ་ཐོའི་དོ་དམ་ལ་ཤུགས་སྣོན་བྱ་དགོས། གཏན་འབེབས་ལྟར་རྒྱུན་ལྡན་སྤོ་སྒྱུར་དང་། གཉེན་སྒྲིག་བྱེད་པ། བཟའ་ཟླ་དང་མཉམ་དུ་གནས་སྤོ་བྱེད་པའམ་ཡང་ན་ནར་མ་སོན་པའི་བུ་ཕྲུག་དང་མཉམ་དུ་གནས་སྤོ་བྱེད་པ། རྒྱལ་ཁབ་ལས་ཁུངས་དང་དོན་ལས་ལས་ཁུངས་ཀྱིས་ལས་དོན་མི་སྣ་ཡོངས་སྒྲོག་བསྡུ་ལེན་དང་། དངོས་ཞབས་དམག་མི་ཕྱིར་འཐེན་པ། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མ། བཙོན་འཇུག་ཚར་ནས་གློད་འགྲོལ་གཏོང་མཁན་ཕ་ཡུལ་དུ་ཕྱིར་ལོག་བྱེད་པ་སོགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱིས་གནས་སྤོ་བྱེད་ཆོག་པ་ཕུད། མི་འབོར་གནས་སྤོ་བྱེད་མི་ཆོག

བཞི། འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་དཔྱད་ལས་དོན་ལེགས་པར་བསྒྲུབ་དགོས་པ་དང་། སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་སྣོན་བྱ་དགོས། གནས་སྤོས་ཡུལ་མིའི་བསམ་བློའི་ལས་དོན་ལེགས་པར་བསྒྲུབ་དགོས། གནས་སྤོས་ཡུལ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། ལས་གཞིའི་འཛུགས་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱ་དགོས།

ལྔ། བྲག་དཀར་རྫོང་དང་། འབའ་རྫོང་། རྨ་ཆེན་རྫོང་བཅས་མི་དམངས་སྲིད་གཞུང་གིས་བླང་བྱ་ལྟར་མི་སྣ་སྒྲིག་འཛུགས་ཡག་པོ་བྱས་ཏེ། དངོས་རྫས་བརྟག་དཔྱད་ཚོགས་ཆུང་ལ་གཞོགས་འདེགས་བྱས་ནས་འཛུགས་སྐྲུན་ས་ཞིང་བསྡུ་ལེན་ཁྱབ་ཁོངས་ནང་གི་དངོས་རྫས་ལ་བརྟག་དཔྱད་དང་། ཐོ་འགོད་། ཁྱབ་སྒྲོག ཞིབ་བཤེར་གཏན་འབེབས་བཅས་བྱེད་པ་མ་ཟད་ད་དུང་ཁྱིམ་ཚང་དང་མི་ཚང་མར་གཏན་འཁེལ་བྱས་ཏེ། གནས་སྤོས་ཁྱིམ་ཚང་གི་བདག་པོ་སམ་ཡང་ན་གནས་སྤོ་ལས་ཁུངས་དང་དངོས་རྫས་བརྟག་དཔྱད་ཡུལ་དངོས་ཀྱི་འཐུས་ཚབ་ཕྱོགས་ཁག་གིས་མིང་རྟགས་བཀོད་ནས་ཁས་ལེན་བྱས་རྗེས་ཡིག་ཚགས་དང་བྱང་བུ་བཟོ་དགོས། དངོས་རྫས་བརྟག་དཔྱད་བྱེད་པར་ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་དྲང་ལྡན་དང་། འདྲ་མཉམ།  ཡོངས་སྒྲོག་བཅས་བྱས་ནས་རྫུན་བཟོ་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།

དྲུག བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།  

2025ལོའི་ཟླ་4པའི་ཚེས25ཉིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།