ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་རྒྱ་ཆེའི་ངལ་རྩོལ་པར་སྐུལ་མ་ཐེབས་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ནས་རྒྱང་ལམ་གསར་པའི་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུ་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུའི་ཐད་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད། 

ཚང་མས། རྒྱང་ལམ་གསར་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱེད་ཅིང་། ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། ཏན་ཏན་ཏིག་ཏིག་དང་འབད་འབུངས་ཡར་བརྩོན། འབད་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ།  གོམ་པ་རེ་ལ་རྐང་རྗེས་རེའི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་བརྗིད་ཆེའི་འཆར་འགོད་དེ་དོན་དངོས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་དུས་རབས་གསར་པའི་རྒྱང་ལམ་གསར་པར་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་རྒྱལ་གྱི་བཟོ་པའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་བསྟན་གནང་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་རྒྱ་ཆེའི་ལས་བཟོ་པ་དང་ངལ་རྩོལ་མང་ཚོགས་ནས་བྱས་རྗེས་འཇོག་རྒྱུ་དང་གསར་གཏོད་གསར་སྐྲུན་བྱ་རྒྱུར་སྐུལ་སློང་དང་སྐུལ་མ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། དེས་ཚང་མར་འགན་འཁྲི་དང་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་ཉིན་དེར། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་། ནང་སོག་བྱང་ཕྱོགས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་འགོག་སྲུང་ལས་དོན་པུའུ་སྒྲིག་ཆས་ཉམས་གསོ་ལྟེ་གནས་གྲངས་འཛིན་ཚོད་འཛིན་པུའུ་ཡི་གློག་ལས་བཟོ་པ་ལེའོ་ལི་ཅོན་གྱིས་ལས་རོགས་རྣམས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གནང་བ་དང་། རང་ཉིད་ཀྱི་མྱོང་ཚོར་མཉམ་སྤྱོད་གནང་ཡོད། ལེའོ་ལི་ཅོན་གྱིས། ང་རང་ཐོན་ལས་བཟོ་པ་ཞིག་ཡིན་པའི་ངོས་ནས། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་གི་མཚན་སྙན་ཐོབ་པ་མ་ཟད་གཟེངས་སྟེགས་ཐོག་བྱ་དགའ་ལེན་པར་འགྲོ་རྒྱུ་བྱུང་བས་སྤོབས་པ་ཆེན་པོ་སྐྱེད་ཀྱི་འདུག ང་ཚོས་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་གཏོད་པ་དང་། “སྤེལ་རོགས་ཁྲིད”གསུམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ང་ཚོའི་རྒྱལ་སྲུང་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

གུང་གསེང་གི་ཉིན་དང་པོར། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་། ཆི་ཏུང་ཀྲུང་གོ་རྒྱང་རིང་མཚོ་འདྲེན་རྒྱ་མཚོའི་ལས་གྲྭ་ཚད་ཡོད་ཀུང་སིའི་རྒྱ་མཚོའི་ལས་གྲྭ་དང་ནུས་ཁུངས་གསར་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་གློག་རླངས་ཁང་གི་ཀྲུའུ་རེན་ཧོང་ཅན་གྱིས་སྔར་རྒྱུན་བཞིན་ལས་གནས་བརྟན་སྲུང་གནང་བཞིན་ཡོད། ཧོང་ཅན་གྱིས། ངས་ལས་དོན་ཁྲོད་ངལ་རྩོལ་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཏེ། རྒྱ་ཆེའི་ཐོན་ལས་བཟོ་པའི་སྣེ་ཁྲིད་ནས་གསར་གཏོད་ཀྱི་མེ་སོན་ཐོན་ལས་ཀྱི་ཞིང་ས་གཤིན་པོའི་ནང་གཏོར་རྒྱུ་ཡིན། དེ་དང་ཆབས་ཅིག་ང་ཚོས་འབྱུང་འཕྲོད་ནུས་ཁུངས་གསར་པའི་རྒྱ་མཚོའི་ལས་གྲྭའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཐད་འགག་གཏོར་ཡོང་བ་བྱས་ནས། རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་བཟོ་སྐྲུན་ཁྱབ་ཁོངས་སུ་སླར་ཡང་གྲུབ་འབྲས་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།

རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་ངལ་རྩོལ་པའི་བྱང་ཚད་ལ་རེ་བ་སྔར་ལས་མཐོ་བ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱ་ཆེའི་ངལ་རྩོལ་པས་ཚེ་གང་སློབ་སྦྱོང་དང་ཟམ་མི་ཆད་པར་རང་ཉིད་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ཤེས་བྱ་ཅན་དང་རྩལ་ནུས་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་པའི་དཔུང་ཆེན་ཞིག་འབད་པས་འཛུགས་དགོས་ཞེས་བསྟན་གནང་ཡོད།

རྒྱལ་ཡོངས་སྔོན་ཐོན་ལས་དོན་པ།  ལང་ཧྥང་གྲོང་ཁྱེར་ཞིང་འཕྲུལ་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་འགོ་འཛིན་པི་ཝུན་ཕིང་གིས། གོམ་སྟབས་རྗེས་མར། དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཆ་འཕྲིན་ཅན་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་དང་། ཁོང་གིས། སྲུང་སྐར་གྱིས་གནད་ལ་འཕིགས་པའི་ངང་གནས་ཐིག་གཏན་འཁེལ་བྱེད་པ་དང་རང་འགུལ་ཕྱོགས་སྟོན་བྱེད་པ། དེ་བཞིན་དངོས་ཟོག་མཉམ་འབྲེལ་དྲ་བ་སོགས་དེང་རབས་ཀྱི་ཚན་རིག་ལག་རྩལ་ཞིང་འཕྲུལ་སྒྲིག་ཆས་ཐོག་བཀོལ་སྤྱོད་བྱ་རྒྱུའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཆུ་དང་ལུད། ཞིང་སྨན། ས་བོན་བཅས་གནད་འཕིགས་ཚད་འགྱུར་གྱི་ལས་ཀའི་གནད་དོན་དང་ཞིང་ལས་འཕྲུལ་མིའི་བེད་སྤྱོད་ཁོར་ཡུག་སོགས་ཉམས་ཞན་ལྷུ་ཚིགས་ཀྱི་མི་འདང་བའི་ཆ་ཐག་གཅོད་བྱ་རྒྱུ་ཡིན་ཞིང་། ཞིང་འཕྲུལ་སྒྲིག་ཆས་ལ་ཚན་རྩལ་གྱི་གཤོག་ཟུང་ཐོགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེ་བ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་གོམས་སྲོལ་དར་སྤེལ་ཤུགས་ཆེན་བཏང་སྟེ། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།

“ལྔ་གཅིག”གུང་གསེང་རིང་། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་། ཅང་ཞི་ཅིན་ལི་ཡུང་ཚི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་ཝུན་ཞའོ་ཀྲེན་གྱིས་ཀྱང་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་གནང་བཞིན་ཡོད། ཁོང་གིས། ང་ཚོས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བརྒྱུད་བསྒྲགས་དང་ལག་བསྟར་ཡག་པོ་བྱས་ཐོག རང་འཁྲིའི་ལས་གནས་ཐོག་གཞི་རྐང་ཚུགས་ནས་ལག་རྩལ་འཇོན་ཐང་ཅན་གྱི་ཆེད་ལས་བྱང་ཚད་འདོན་སྤེལ་བྱེད་པ་དང་། མི་སྔར་ལས་མང་བར་ཤུགས་རྐྱེན་ཐེབས་ཐུབ་པ་དང་ཁོང་ཚོར་སྣེ་ཁྲིད་བྱས་ནས་ངལ་རྩོལ་དཔེ་བཟང་མིག་དཔེར་འཛིན་པ་དང་ངལ་རྩོལ་དཔེ་བཟང་ལ་འགྱུར་རྒྱུའི་བརྩོན་ལེན་བྱེད་པའི་ཁོར་ཡུག་ཅིག་ཆགས་པ་བྱས་ཏེ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དེ་བྱ་གཞག་གོང་འཕེལ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་། ཧོང་ཧྲན་མགྲོན་བསུའི་གསོམ་ཤིང་གི་གསོམ་ཤིང་སྲུང་སྐྱོང་བ་ཧུའུ་ཞའོ་ཁྲུན་གྱིས། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་པར་བཅངས་པའི་བརྩེ་བ་ཟབ་མོ་དང་ཐུགས་རེ་ཟབ་མོ་དེ་འབད་འབུངས་ཡར་བརྩོན་གྱི་སྟོབས་ཆེའི་སྒུལ་ཤུགས་སུ་འགྱུར་བ་བྱས་ནས། དཔེ་བཟང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཐོག ཧོང་ཧྲན་རི་བོར་རྩ་བ་ཚུགས་ཤིང་ཧོང་ཧྲན་རི་བོར་ཞབས་ཞུ་བསྒྲུབས་ཏེ། མཛེས་པའི་ཀྲུང་གོ་དང་མཛེས་པའི་ཨན་ཧུའེ་ཡི་འབྱུང་ཁམས་ཀྱི་མིང་བྱང་དེ་སྔར་ལས་ལེགས་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད།

མིག་སྔར། ལོ་བརྒྱའི་བཟོ་ཚོགས་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་བཟོ་ཚོགས་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་ནས། བཟོ་ཚོགས་ཀྱི་ལས་དོན་སྔར་ལས་ལེགས་པ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

རྒྱལ་ཡོངས་བཟོ་ཚོགས་མ་ལག་གི་ངལ་རྩོལ་དཔེ་བཟང་། ཀྲུང་གོ་ལྕགས་ལམ་ཀོང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཀོང་ཀྲོའུ་གློག་མཁོ་འདོན་དུམ་བུའི་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཧུའུ་ཧྲོང་ཧུང་གིས། ངས་གཞི་རིམ་བཟོ་ཚོགས་ཀྱི་ལས་དོན་སྤེལ་ནས་ལོ་35ལྷག་ཙམ་ཕྱིན་སོང་། བཟོ་ཚོགས་ཀྱི་ལས་དོན་ལ་བརྩེ་དུང་ཟབ་མོ་ཡོད། ངས་རྒྱ་ཆེའི་གཞི་རིམ་ལས་བཟོ་པར་སློབ་གསོ་དང་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ནས། ཁོང་ཚོའི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་ཀའི་རྩལ་ནུས་མཐོ་རུ་གཏོང་རྒྱུ་དང་། རྒྱ་ཆེའི་ལས་མི་རྣམས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།