ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཞུང་ལུགས་སྒྲོག་འགྲེལ་བྱ་བ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ2པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས2024ལོའི་གཞུང་ལུགས་དྲིལ་སྒྲོག་བྱ་བ་ཡག་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ནས། ད་ལོར་ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་སྒྲོག་འགྲེལ་བྱ་བ་ཡག་པོར་བསྒྲུབ་པར་བཀོད་སྒྲིག་གསལ་བོ་བྱས་པ་དང་། གཞུང་ལུགས་སྒྲོག་འགྲེལ་ཆེད་དོན46གཏན་འཁེལ་བྱས་ཏེ། གཞུང་ལུགས་སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་གཏན་ཁེལ་སྔར་ལས་གསལ་བོ་བྱས།

བརྡ་ཐོ་ལས་ནན་གྱིས་བསྟན་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་པས།  ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་སྒྲོག་འགྲེལ་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སོགས་སྒྲོག་འགྲེལ་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མི་རྣམས་ཀྱི་སེམས་གཏིང་དུ་སིམ་པར་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་དུ་སྒྲོག་འགྲེལ་ཟབ་མོ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཁྱབ་ཁོངས་ཀྱི་གསར་གཏོད་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ཟབ་མོ་བྱེད་དགོས།  ཞིང་ཆེན་ཏང་ཨུའི་བྱ་བ་གཙོ་བོ་དང་བཀོད་སྒྲིག་བླང་བྱ་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སྒྲོག་འགྲེལ་ཟབ་མོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཚོ་སྔོན་ནས་གསོན་ཉམས་ལྡན་པར་ལག་ལེན་བྱས་པའི་གཡུར་ཟའི་གྲུབ་འབྲས་སྒྲོག་འགྲེལ། ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་དང་གྲུབ་འབྲས་གསར་བ་སྒྲོག་འགྲེལ་བཅས་བྱེད་དགོས།

བརྡ་ཐོ་ལས་ཞིང་ཆེན་ཡོངས་ཀྱི་ལོ་ཧྲིལ་བོའི་གཞུང་ལུགས་སྒྲོག་འགྲེལ་བྱ་བས་རྩ་འཛུགས་འགོ་ཁྲིད་ལ་ཏན་ཏིག་གིས་ཤུགས་སྣོན་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་མཉམ་དུ་ཟབ་ཞུགས་བྱེད་པའི་སྒྲོག་འགྲེལ་ཆེན་པོའི་བྱ་བའི་རྣམ་པ་ཧུར་ཐག་གིས་བསྐྲུན་དགོས། ལས་བྱེད་པ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཐབས་ལམ་ལ་བརྟེན་ནས། རིགས་དབྱེ་ཅན་དང་མཉམ་འགུལ་ཅན་གྱི་སྒྲོག་སྤེལ་བྱེད་དགོས། དུས་ཡུན་རིང་པོར་གཞི་རིམ་དུ་གཞི་ཚུགས་ཤིང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་རྐང་འཛིན་པ་སྐོར་ཞིག་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས། སྔོན་ཐོན་དཔེ་མཚོན་ལེགས་པར་འདེམ་པ་དང་རྒྱ་ཆེར་དྲིལ་སྒྲོག་བྱས་ཏེ། གླེང་ཕྱོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།