ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་གྲོས་གཞིར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་པ་དང་། པེ་ཅིང་དང་ཧི་པེ་ཡི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གཟིགས་ཞིབ་མཛད་སྐབས། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིན་ཅན་དུ་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས། ཧྲང་ཧེ་རུ་གཟིགས་ཞིབ་མཛད་སྐབས་དང་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་བཅུ་པ་བཅས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཟབ་སྒྱུར་དང་ནང་སྒྱུར། ཚུལ་སྒྱུར་སྟེང་ཤུགས་འདོན་པ། སློབ་སྦྱོང་གི་གྲུབ་འབྲས་དེ་སྲིད་གྲོས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ལངས་གནས་མཐོན་པོ་དང་ཚད་གཞི་མཐོན་པོ། ཆུ་ཚད་མཐོན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དང་། རྒྱལ་ཡོངས་སྲིད་གྲོས་ཏང་གི་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་སོགས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མ་ཆད་པར་སྲ་བརྟན་དུ་གཏོང་བ། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་དང་ལས་སྒོ་བྱ་བའི་མཉམ་བསྲེས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་གི་འཛུགས་སྐྲུན་གྱིས་སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ལྔ་པ་དང་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བའི་སྐོར་གྱི་བཀོད་སྒྲིག་གྲོས་གཞི་དང་། སྲིད་གྲོས་དམངས་གཙོ་ས་གནས་ཁྲིམས་འཛུགས་གྲོས་མོལ་ཁྲོད་ཞུགས་པ་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ་སོགས་སྐོར་གྱི་ལམ་ལུགས་རང་བཞིན་གྱི་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི2023ལོའི་བྱ་བའི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་བསྟན་དོན། ད་ལོར། ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་རེ་བ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། སྤུས་ཚད་མཐོ་བའི་ངང་བརྗོད་དོན་སློབ་གསོ་སྤེལ་བར་དོ་སྣང་བྱས་པ་དང་། བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བས། གྱོད་གཞི་སྒྲུབ་པ་དང་ལམ་ལུགས་ཅན་གྱི་འཛུགས་སྐྲུན་སོགས་ཕྱོགས་ནས་གྲུབ་འབྲས་གལ་ཆེན་བླངས་པ་དང་། འགོ་རྩོམ་ལོའི་ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ། རྣམ་པ་གསར་བ་མངོན་པར་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོའི་བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱེད་པ་དང་། སྔ་མོ་ནས་སང་ལོའི་གཙོ་གནད་བྱ་བར་ཇུས་འགོད་བྱེད་པ། བྱ་བ་བཟང་བོར་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་ཀྱི་ཚད་གཞི་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྲིད་གྲོས་བྱ་བ་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཐེན་ཁུའེ། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།