མཚོ་སྔོན་གྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་སེམས་ཤུགས་ཆེར་བསྐྱེད་ཐད་ལས་འགན་གལ་ཆེན་བདུན་བཏོན།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་
རྩོམ་སྒྲིག་པ:སུང་ཆི།
སྤེལ་དུས།:2023-02-10 10:12:00
ཟླ2ཚེས8ཉིན་མི་དམངས་དྲ་བས་སྤེལ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྦྱིན་ནས་ཁྲོམ་རའི་སེམས་ཤུགས་ཆེ་རུ་བསྐྱེད་ཆེད། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལ་དཀའ་ངལ་སེལ་རོགས་དང་དྲོལ་ཁོལ་སྦྱིན་པའི་དཔྱིད་རླུང་འགུལ་སྐྱོད་ཇུས་གཞི》(གཤམ་ནས《ཇུས་གཞི》ཞིས་བསྡུས་མིང་འགོད་རྒྱུ)པར་འགྲེམས་བྱས། 《ཇུས་གཞི》ཡི་ནང་དུ་ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་འབེན་ནི་དཀའ་ངལ་སེལ་རོགས་དང་ཁུར་བོ་ཇེ་ཡང་དུ་བཏང་ནས་ཁྲོམ་རའི་བྱེད་པོ་ཡོངས་ལ་ཕན་པ་བསྐྲུན་དགོས་པ་དང་། སྔོན་དཔག་བརྟན་པོ་བྱས་ནས་ཁྲོམ་རའི་དར་ཤུགས་ཇེ་དྲག་ཏུ་གཏང་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་ཁེ་ལས་མང་པོའི་གནད་དོན་ཐག་གཅོད་ཚད་དང་ཡིད་ཚིམ་ཚད་ཇེ་ཆེར་གཏང་དགོས། ཞིང་འབྲོག་ལས་དང་བཟོ་ལས། ཨར་སྐྲུན་བཟོ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་བཏང་ནས་ཚོང་ལས་དང་ཁྲོམ་ར་ཡོངས་སླར་གསོ་ཐུབ་པར་ཞབས་ཞུ་བསྒྲུབས་ནས་ལོ་ཧྲིལ་བོར་ཁེ་ལས་ཀྱི་གྲངས་འབོར10%ཡན་ལ་འཕར་བར་བརྩོན་ལེན་བྱ་དགོས་བའི་བླང་བྱ་བཏོན་ཡོད།
དེ་བཞིན་དུ། 《ཇུས་གཞི》ཡི་ནང་ཐེངས་འདིའི་འགུལ་སྐྱོད་དེ་ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས། བཟོ་ལས། ཨར་སྐྲུན་བཟོ་ལས། ཞབས་ཞུ་ལས་རིགས13ལ་ཁྱབ་ཡོད་ཅིང་། རྒྱབ་སྐྱོར་བྱ་ཡུལ་གཙོ་བོ་ནི། དང་པོ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དང་། དབང་འཐུས་རིམ་པའི་ཨར་སྐྲུན་བཟོ་ལས་ཁེ་ལས། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་གི་མགྲོན་ཁང་དང་གསོལ་ཁང་ཁེ་ལས། གཞི་ཁྱོན་ཡན་གྱི་ཞབས་ཞུ་ལས་རིགས་ཀྱི་ཁེ་ལས་བཅས་ཡིན། གཉིས་པ། སྐྱེད་སྲིང་བྱས་ནས་གཞི་ཁྱོན་ཅན་དུ་འགྱུར་རེ་ཡོད་པའི་ཁེ་ལས། གསུམ་པ་ནི། ད་ལོར་གཞི་ཁྱོན་ཅན་དུ་འགྱུར་རེ་ཡོད་པའི་ཁེ་ལས་གསར་པ། བཞི་བ། ཚོང་འགུག་དངུལ་འདྲེན་གྱི་ངོས་ནས་གཞི་ཚུགས་ཤིང་འཛུགས་སྐྲུན་གྱི་ཆ་རྐྱེན་ལྡན་པའི་ཁེ་ལས། ལྔ་པ། ཁྲོམ་རའི་མདུན་ལྗོངས་ཡག་ལ། འཕེལ་རྒྱས་ཀྱི་འདུན་པ་ཆེ་བ། འཚར་ལོངས་ཅུང་མགྱོགས་པའི་ཁེ་ལས་ཆུང་འབྲིང་དང་། བསྐྱར་དར་ཁེ་ལས། ཆེད་གཉེར་ཁེ་ལས་གསར་པ་དང་གསར་དར་ཐོན་ལས་ཀྱི་ཁྲོམ་རའི་བྱེད་པོ། དྲུག་པ། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས། )སོ་སོས་རང་རྟོགས་ཀྱིས་གཏན་འཁེལ་བྱས་པའི་རོགས་སྐྱོར་བྱ་ཡུལ(ས་གནས་རིང་གི་ཁེ་ལས་གྲངས་འབོར་གྱི5%ཡས་མས་ནང་བཞིན་གཏན་འཁེལ་བྱེད་དགོས)བཅས་ཡིན་ལ། དེའི་ཁྲོད་ཞིང་ཆེན་ཡོངས་ནས་ཐོག་མར་གཏན་འཁེལ་བྱས་པའི་རོགས་སྐྱོར་བྱ་ཡུལ་ཁེ་ལས5317(དེའི་ནང་གཞི་ཁྱོན་ཡན་གྱི་ཁེ་ལས2466དང་། 、སྐྱེད་སྲིང་བྱས་ནས་གཞི་ཁྱོན་ཅན་དུ་འགྱུར་རེ་ཡོད་པའི་ཁེ་ལས2851)ཡོད། ས་ཁུལ་ཁག་གིས་རང་འགུལ་གྱིས་གཏན་འཁེལ་བྱས་པའི་རོགས་སྐྱོར་བྱ་ཡུལ་ཁེ་ལས7000ཡོད་ལ། ཞིང་ཆེན་ཡོངས་སུ་རོགས་སྐྱོར་བྱ་ཡུལ་ཁེ་ལས་བསྡོམས་པས12000ཡན་ལ་བསླེབས་ཡོད་བཅས་བཀོད་ཡོད།
དེ་མིན《ཇུས་གཞི》ཡི་ནང་ཐེངས་འདིའི་འགུལ་སྐྱོད་ཀྱི་ལས་འགན་གལ་ཆེན་བདུན་བཏོན་ཡོད་ཅིང་། དེ་དག་ནི་ཁེ་ལས་ཀྱི་གཞི་གྲངས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ནས་ཞབས་ཞུའི་རྩིས་ཐོ་གཟུག་དགོས། གནས་གཏན་འཁེལ་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འགན་འཁྲི་གནད་ཐོག་ཏུ་སྨིན་དགོས། རེ་ཞུའི་གནད་ཐོག་ཏུ་བབས་ཏེ་དཀའ་ངལ་དངོས་སེལ་རོགས་བྱེད་དགོས། སྲིད་ཇུས་དྲིལ་སྒྲོག་ལ་དམ་འཛིན་བྱས་ནས་ཁེ་ལས་ལ་སེམས་ཤུགས་བསྐྱེད་དགོས། དགོས་ངེས་ཀྱི་ཆ་རྐྱེན་ལ་འགན་སྲུང་ནན་མོ་བྱས་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས། ལས་གཞིར་དངུལ་གཏོང་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་ཀྱི་གཞུག་ཤུགས་ཇེ་དྲག་ཏུ་གཏང་དགོས་པའི་བླང་བྱ་བཏོན།
ཐེངས་འདིའི་འགུལ་སྐྱོད་དོན་འཁྱོལ་དོན་དུ་སྨིན་པར་འགན་སྲུང་བྱ་ཆེད། 《ཇུས་གཞི》ཡིས་དུས་བཅད་ལྟར་ཚོགས་འདུ་གྲོས་མོལ་བསྡུ་བའི་སྙོམས་སྒྲིག་རྐྱེན་སྲོལ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་འགན་གཙང་མཉམ་འཁུར་རྐྱེན་སྲོལ། གནད་དོན་འཚོལ་སྡུད་བགོ་སྤྲོད་རྐྱེན་སྲོལ། ཆ་འཕྲིན་ཞུ་སྐྱེལ་རྐྱེན་སྲོལ། ཁེ་ལས་རོགས་སྐྱོར་ལས་གཞིའི་མ་རྩ་མཉམ་སྡུད་རྐྱེན་སྲོལ། དྲིལ་སྒྲོག་སྒྲོག་སྤེལ་རྐྱེན་སྲོལ། ལྟ་སྐུལ་འཁྲིད་སྟོན་དཔྱད་སྡུར་རྐྱེན་སྲོལ་བཅས་བྱ་བའི་རྐྱེན་སྲོལ་བདུན་གཟུག་དགོས་པའི་བླང་བྱ་བཏོན་ཡོད་པ་མ་ཟད། འགོ་ཁྲིད་སྒྲིག་འཛུགས་ལ་ཤུགས་སྣོན་དང་། ལྟ་སྐུལ་ཞིབ་བཤེར་ཇེ་དྲག གླེང་ཕྱོགས་ཀྱི་ངང་ཚུལ་བཟོ་བ། སྒྲིག་བཤེར་སྒྲིག་སྲོལ་གཟབ་ནན་བཅས་ཕྱོགས་ལ་འགན་སྲུང་བྱེད་ཐབས་བཏོན་ཡོད་དོ། །
ལོ་ཙཱ་བ། ཁོན་ཐར་འཚོ།