དྲུག་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་དགོས། 

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་》སྐོར་ལ་གསལ་བཤད་བྱེད་དགོས་པའི་གནད་དོན་གལ་ཆེན་འགའ་ཞིག །

(2020ལོའི་ཟླ་10ཚེས་26ཉིན།) 

གྲོས་གཞིའི་མ་ཟིན་ནང་ལྟ་བ་དང་རྣམ་བཤད་འགའ་བཏོན་ཡོད། འདིར་དེའི་ནང་གི་དོན་གནད་འགའ་ཞིག་སྐོར་ལ་གསལ་བཤད་མདོར་བསྡུས་ཞུ་རྒྱུ་ཡིན། 

དང་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པའི་སྐོར། གྲོས་གཞིའི་མ་ཟིན་ནང་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་དགོས་ཤིང་། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག །འཕེལ་རྒྱས་ཀྱི་ཆ་རྐྱེན་བཅས་ལ་འགྱུར་ལྡོག་བྱུང་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་ཡིན་ཞེས་བཏོན་ཡོད། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པར་མ་ཟད་ད་དུང་ཡུན་རིང་གནས་རྒྱུ་ཡིན་པ་དང་། རང་རྒྱལ་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། འཕེལ་རྒྱས་གཏོང་རྒྱུ་ནི་སྔར་བཞིན་ང་ཚོའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན། ངེས་པར་དུ་ནན་བཤད་བྱེད་དགོས་པ་ཞིག་ནི། དུས་རབས་གསར་པ་དང་དུས་རིམ་གསར་པའི་འཕེལ་རྒྱས་ལ་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་དགོས། དེང་སྐབས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་བར་གྱི་འགལ་བར་གྱུར་པ་དང་། འཕེལ་རྒྱས་གཏོང་རིང་གི་འགལ་བ་དང་གནད་དོན་དག་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱི་ཐོག་ནས་གཅིག་བསྡུས་ཀྱིས་མཚོན་ཡོད། དེས་ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱི་གནད་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། 

དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འཕེལ་རྒྱས་འགྲོ་བའི་ཕྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་བཀག་འགོག་དང་ཁྱད་གསོད་བྱེད་པ་དང་། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཕོག་ཐུག་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་དགོས་ན། གནད་འགག་ནི་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་པ། དཔལ་འབྱོར་གོམ་སྟབས་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ལྷིང་འཇགས་ཞི་མཐུན་ཡོང་བ་བཅས་བྱེད་དགོས་པ་དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཁག་ཚང་མས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཚོན་དགོས། 

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བཟུང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་དགོས་པ་དང་། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་སྤེལ་རྒྱུ་གཙོ་ཐིག་བྱས་ཏེ་སྤུས་ཚད་ཨང་དང་པོ་དང་ཕན་འབྲས་འགོ་མ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་སྤོ་སྒྱུར་རྣལ་མ་བྱེད་པ་དང་། སྤུས་ཚད་གསར་སྒྱུར་དང་། ལས་ཆོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉིད་མི་དམངས་ཡོངས་ལ་ལྷག་ཏུ་ཕན་པའི་གསོས་སུ་སྒྲུབ་པ་དང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། 

གཉིས་པ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐོར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ནི་དུས་བསྟུན་མདུན་སྐྱོད་སྒོས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་གཏོད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་རྗེས། རང་རྒྱལ་ནི་རྒྱལ་སྤྱིའི་འཁོར་སྐྱོད་ཆེན་པོའི་ནང་ཞུགས་ཤིང་། ཚོང་ར་དང་ཐོན་ཁུངས་“སྣེ་གཉིས་ཕྱི་རུ་ཡོད་པ་”དང་“འཛམ་གླིང་བཟོ་གྲྭའི་”འཕེལ་རྒྱས་འགྲོ་སྟངས་ཆགས་པ་དེས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་མགྱོགས་མྱུར་ངང་མཐོར་འདེགས་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། ཉེ་བའི་ལོ་འགའི་རིང་ལ། འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་སྦྲགས་ནས་གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་གནས་ཚུལ་ཇེ་སྡུག་ཏུ་སོང་བ་དང་། རྒྱལ་ཁབ་ལ་ལས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཤུགས་ཆེར་སྤེལ་བས། སྲོལ་རྒྱུན་གྱི་རྒྱལ་སྤྱིའི་རེས་འཁོར་མངོན་གསལ་གྱིས་ཉམས་ཞན་དུ་སོང་ཡོད། གནས་ཚུལ་དེ་འདྲའི་འོག་ངེས་པར་དུ་འཕེལ་རྒྱས་ཀྱི་རྟེན་གཞི་རྒྱལ་ནང་དུ་འཇོག་དགོས་པ་དང་། སྔར་བས་ཀྱང་རྒྱལ་ནང་གི་ཚོང་རར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱེད་དགོས། རང་རྒྱལ་ལ་མི་འབོར་དུང་ཕྱུར་14ཡོད་ཅིང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1ལས་བརྒལ་ཡོད་ལ། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཀྱི་ཚོང་ར་ཆེ་ཤོས་དང་བག་ཉལ་སྟོབས་ཤུགས་ཆེས་འཛོམས་ཤོས་ཡིན་པས་འཕར་སྣོན་གྱི་བར་སྟོང་ཆེན་པོ་ཡོད། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ང་ཚོ་ཕྱིའི་ཉེན་ཁའི་ཕོག་ཐུག་མང་པོར་འཕྲད་མྱོང་བ་དང་། མཇུག་མཐར་ཉེན་ཁ་ཡོངས་སུ་སེལ་ཐུབ་པ་བྱུང་བ་ནི་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབས་པ་དང་། འཕེལ་རྒྱས་ཀྱི་རྟེན་གཞི་རྒྱལ་ནང་དུ་བཞག་པ་ལས་བྱུང་བ་རེད། 

འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་བྱས་ཏེ། ཐོན་སྐྱེད་དང་། བགོ་བཤའ། འགྲོ་རྒྱུག །འཛད་སྤྱོད་བཅས་སྔར་བས་རྒྱལ་ནང་གི་ཚོང་རར་བརྟེན་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་བར་བྱེད་དགོས། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་བྱེད་པའི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འདོན་སྤྲོད་མ་ལག་དེ་རྒྱལ་ནང་གི་དགོས་མཁོར་འཚམ་པའི་ཤས་ཆེ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་གི་འགག་གནད་སེལ་བ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ཆ་ཚང་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ནང་གི་ཚོང་ར་དེ་མཐའ་མཇུག་གི་དགོས་མཁོའི་འབྱུང་ཁུངས་གཙོ་བོར་འགྱུར་བར་བྱེད་པ་དང་། དགོས་མཁོས་འདོན་སྤྲོད་ཀྱི་སྣེ་འདྲེན་བྱེད་པ་དང་། འདོན་སྤྲོད་ཀྱིས་དགོས་མཁོ་གསར་སྐྲུན་བྱེད་པའི་ཆུ་ཚད་སྔར་བས་མཐོ་བའི་འགུལ་རྣམ་ཅན་གྱི་དོ་མཉམ་ཆགས་པར་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནི་སྒོ་འབྱེད་ཅན་གྱི་རྒྱལ་ནང་རྒྱལ་སྤྱིའི་རེས་འཁོར་གཉིས་ལྡན་ཡིན་པ་ལས་བཀག་སྡོམ་ཅན་གྱི་རྒྱལ་ནང་གི་རེས་འཁོར་ཁོ་ན་གཏན་ནས་མིན། རྒྱ་ཆེ་ལ་ཤར་རྒྱུག་ཡོང་བའི་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་ཆགས་པར་སྐུལ་འདེད་བཏང་ན། གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་བདག་རྐྱེན་སྔར་ལས་ལེགས་པའི་སྒོ་ནས་འགུག་འདྲེན་བྱེད་ཐུབ་པ་དང་། རྒྱལ་ནང་གི་དགོས་མཁོ་སྐོང་ཐུབ་པར་མ་ཟད། རང་རྒྱལ་གྱི་ཐོན་ལས་ལག་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་ཀྱང་མཐོ་རུ་བཏང་སྟེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་དགེ་མཚན་གསར་པ་ཆགས་པར་བྱེད་ཐུབ། 

གསུམ་པ། “ལོ་ལྔ་ཚན་བཅུ་བཞི་པ་”དང་2035ལོར་སླེབས་སྐབས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་སྐོར། བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ནང་དུ་ས་གནས་དང་སྡེ་ཁག་འགའ་ཤས་ཀྱིས་“ལོ་ལྔ་ཚན་བཅུ་བཞི་པའི་”དཔལ་འབྱོར་འཕར་སྣོན་མྱུར་ཚད་དང་དམིགས་འབེན་གསལ་པོར་འདོན་རྒྱུ་དང་། 2035ལོར་སླེབས་སྐབས་དཔལ་འབྱོར་བསྡོམས་འབོར་རམ་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་འཕར་བའི་དམིགས་འབེན་གསལ་པོར་འདོན་རྒྱུའི་གྲོས་འགོ་བཏོན་ཡོད། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་ཞིབ་འཇུག་ནན་ཏན་དང་ཚོད་རྩིས་བྱས་པ་བརྒྱུད། དཔལ་འབྱོར་འཕེལ་རྒྱས་གཏོང་ནུས་དང་ཆ་རྐྱེན་གྱི་ངོས་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་ལ་ཡུན་རིང་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བའི་རེ་བ་དང་བག་ཉལ་སྟོབས་ཤུགས་ལྡན་ཡོད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་མཇུག་ཏུ་སླེབས་སྐབས་ད་ལྟ་སྤྱོད་བཞིན་པའི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་རྒྱུ་མ་ཟད། 2035ལོར་སླེབས་སྐབས་དཔལ་འབྱོར་བསྡོམས་འབོར་རམ་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་འཕར་ཐུབ་རྒྱུ་ཡིན་པར་འདོད་ཀྱིན་ཡོད། དུས་མཚུངས་སུ། མ་འོངས་པའི་དུས་སྐབས་ཤིག་གི་རིང་དུ་ཕྱིའི་ཁོར་ཡུག་ལ་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ཅུང་མང་བ་དང་། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕོག་ཐུག་འབྱུང་སྲིད་པའི་ཉེན་ཁ་དང་བག་ཉལ་འགལ་རྐྱེན་མི་ཉུང་བ་གནས་པ། ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་ནས་ཤུགས་རྐྱེན་ཟབ་ཡངས་ཐེབས་པ། འཛམ་གླིང་གི་དཔལ་འབྱོར་བསྟུད་མར་འཕེལ་མེད་སོར་གནས་འབྱུང་སྲིད་པ་བཅས་ལ་གཞིགས་ནས་དུས་ཡུན་རིང་འབྲིང་གི་འཆར་འགོད་དམིགས་འབེན་གྱིས་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་འགྱུར་ཡོང་བར་སྔར་བས་མཐོང་ཆེན་བྱེད་དགོས་པ་དང་། ཕྱོགས་སོ་སོས་ལས་ཀའི་གཙོ་གནད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་ཐོག་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས། 

ཏང་ཀྲུང་དབྱང་གི་གྲོས་གཞི་ནི་གཙོ་བོར་ཁ་ཕྱོགས་ཆེན་པོ་འཛིན་རྒྱུ་དང་འཐབ་ཇུས་ཆེན་པོ་གཏན་འཁེལ་བྱ་རྒྱུ་དེ་ཡིན། ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་སྟེ། གྲོས་གཞིའི་མ་ཟིན་ནང་“ལོ་ལྔ་ཚན་བཅུ་བཞི་པ་”དང་2035ལོར་སླེབས་སྐབས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་ལ་ངོ་བོ་གཏན་འཁེལ་བྱས་ཏེ་བརྗོད་རྒྱུ་གཙོ་བོར་འཛིན་པ་དང་གྲངས་ཚད་གཏན་འཁེལ་ཚུད་ཡོད་པའི་བྱེད་སྟངས་སྤྱད་ཡོད། འཆར་འགོད་《རྩ་གནད་》[1]སྒྲིག་བཟོ་བྱེད་སྐབས་ཚོད་རྩིས་ནན་ཏན་བྱས་པའི་རྨང་གཞིའི་ཐོག་དེར་མཐུན་གྱི་གྲངས་བཅད་དམིགས་འབེན་བཏོན་ཆོག །

བཞི་པ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་སྐོར། མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་དེ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ལ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱས་པས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དབུལ་བྲལ་འགག་སྒྲོལ་བྱ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་སྟེ། ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཡོད་ཚད་དབུལ་སྒྲོལ་བྱ་རྒྱུ་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་ཅུང་ཆེ་བས། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན། འོན་ཀྱང་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་ཕྱེས་པ་དང་སྦྲགས་ནས་ང་ཚོས་ངེས་པར་དུ་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་གལ་འགངས་ཆེ་བའི་གནས་སུ་འཇོག་དགོས་པ་དང་། ཏན་ཏན་ཏིག་ཏིག་དང་བརྩོན་པ་རྒྱུན་ཆགས་ཀྱི་སྒོ་ནས་དམིགས་འབེན་དེར་དམིགས་ནས་སྔར་ལས་དོན་ལྡན་ཧུར་བརྩོན་གྱིས་འབད་བརྩོན་བྱེད་དགོས། དེའི་ཕྱིར་གྲོས་གཞིའི་མ་ཟིན་ལས་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་རིང་གི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ནང་དུ་“མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་དེ་བས་གསལ་པོ་ཞིག་ཡོང་དགོས་”ཞེས་བཏོན་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཀ་ལེགས་སྒྱུར་བྱེད་པའི་དོན་ཚན་ལས་“མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་”ཞེས་དམིགས་སུ་བཀར་ནས་ནན་བཤད་བྱས་པར་མ་ཟད། བླང་བྱ་གལ་ཆེན་དང་ཐབས་བཀོད་གལ་ཆེན་ཁག་ཅིག་བཏོན་ཡོད། དེ་ལྟར་བརྗོད་པ་ནི་ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་ནང་དུ་བྱུང་ཐེངས་དང་པོ་ཡིན་ཏེ། མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འབད་འཐབ་ཀྱི་དམིགས་འབེན་གསལ་པོར་བསྟན་པར་མ་ཟད། ད་དུང་དངོས་ཐོག་བདེན་འཚོལ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡང་མཐུན་ལ། དགོས་མཁོ་དང་འབྱུང་སྲིད་པ་གཉིས་ཀར་བསམ་བློ་བཏང་ཡོད་པས། ལས་དོན་གྱི་ནང་དུ་ཧུར་བརྩོན་དང་བརྟན་པོའི་ངང་ངེས་ཤེས་འདྲོངས་ཏེ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་འགྲོ་ལམ་ཐོག་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་ཕན་ཐོགས་ཡོད། 

ལྔ་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པའི་སྐོར། ང་ཚོས་བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན་པ་སྔར་ལས་ལྷག་པའི་སྒོ་ནས་ངོས་ཟིན་བྱུང་ཡོད། ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ནི་རང་རྒྱལ་གྱི་འགལ་བ་དང་ཉེན་ཁ་སྣ་ཚོགས་འབྱུང་སླ་བའི་དུས་སྐབས་ཡིན་ཞིང་། སྔོན་ཚོད་བྱེད་ཐུབ་པ་དང་སྔོན་ཚོད་བྱེད་དཀའ་བའི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་མངོན་གསལ་གྱིས་འཕར་སྣོན་བྱུང་ཡོད། ང་ཚོས་ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་དང་། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེར་སྐྱེད། མཐའ་ཚད་ཀྱི་བསམ་གཞིགས་སྐྱེད་པ། དཀའ་ངལ་ལ་ཚོད་དཔག་དེ་བས་དཔྱིས་ཕྱིན་པ་ཞིག་བྱེད་པ། ཉེན་ཁར་བསམ་བློ་དེ་བས་གཏིང་ཟབ་མོ་ཞིག་གཏོང་བ། འཐུས་ཤོར་ཁ་སྐོང་དང་ཉམ་ཞན་སྟོབས་སྤེལ་བྱེད་པར་དོ་སྣང་། ལག་པ་སུ་སྔ་རྩོད་པ་དང་རང་དབང་ཆེ་དགོས་པ་བཅས་ཀྱི་ཐོག་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འགོག་ཟོན་དང་ཁྱད་གསོད་ནུས་ལྡན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་བདེ་བླག་ངང་སྤེལ་བར་འགན་ལེན་ཏན་ཏིག་བྱེད་དགོས། 

གོང་གསལ་གྱི་ངོས་འཛིན་གཞིར་བཞག་ནས་གྲོས་གཞིའི་མ་ཟིན་ལས་ཆེད་དོན་ལེའུ་ཞིག་བཀོད་སྒྲིག་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་དུ་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་དང་ནུས་པའི་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས་པ། རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་གཏོང་དགོས་པ་བཅས་ནན་བཤད་བྱས་ཡོད། 

དྲུག་པ། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་སྐོར། གྲོས་གཞིའི་མ་ཟིན་ལས་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཐད་དུ་ངེས་པར་དུ་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་མ་ལག་ལྡན་པའི་སྒོ་ནས་ཇུས་འགོད་དང་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལག་ལེན་གྱི་དགོས་མཁོ་གསར་པར་གཞིགས་ནས་བཀོད་པ་གསར་པ་དང་ཐབས་ཇུས་གསར་པ་རབ་དང་རིམ་པ་ཆགས་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། བརྒྱུད་རིམ་འདིའི་ནང་དུ་མ་ལག་གི་འདུ་ཤེས་ནི་རྨང་གཞིའི་རང་བཞིན་གྱི་བསམ་བློ་དང་ལས་ཀ་བྱེད་ཐབས་ཤིག་ཡིན། 

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་རྗེས། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་རྒྱུ་ཡིན། རང་རྒྱལ་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་ཅིང་། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ནང་དུ་འགལ་བ་རྙོག་འཛིང་ཆེ་བས། ངེས་པར་དུ་མ་ལག་གི་འདུ་ཤེས་ནས་འགོ་བཙུགས་ཏེ་ཇུས་འགོད་དང་ཐག་གཅོད་བྱེད་དགོས་པ་དང་། ཁྱབ་ཁོངས་སོ་སོའི་ལས་དོན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། 

བདུན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བའི་གནས་ཚུལ་དང་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ཀྱི་སྐོར། ཏང་བཙུགས་ནས་ལོ་ངོ་100འཁོར་བའི་སྐབས་སུ། མི་འབོར་དུང་ཕྱུར་བཅུ་གྲངས་ལ་ཕན་ཞིང་ཆུ་ཚད་སྔར་བས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཚར་བར་བྱ་རྒྱུ་ནི་ང་ཚོའི་ཏང་དུས་རབས་གསར་པར་སླེབས་རྗེས། འབྱོར་འབྲིང་སྤྱི་ཚོགས་གཞི་རྩའི་ཆ་ནས་བསྐྲུན་ཚར་བར་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་འབད་འཐབ་དམིགས་འབེན་དང་། མི་དམངས་ལ་བཞག་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཐོག་མའི་དུས་སུ་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་བསམ་བཀོད་བཏོན་པ་ནས་བཟུང་། ང་ཚོས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བཟུང་ནས་མི་རབས་འགས་ལུ་གུ་བརྒྱུད་དུ་འབད་འཐབ་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི་”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་ཡིན་ཞིང་། ང་ཚོས་གཙོ་གནད་དམ་འཛིན་དང་། ཆད་སྐྱོན་ཁ་གསབ། ཉམ་ཞན་སྟོབས་སྤེལ་བཅས་གཙོ་བོར་བཏོན་པ་དང་། ཉེན་ཁ་ཆེན་པོ་འགོག་ཟོན་དང་ཁྱད་གསོད་བྱེད་པ་དང་། དབུལ་བྲལ་གནད་འཕིགས། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་བློ་ཐག་རྦད་ཆོད་ཀྱིས་ཡག་པོར་བརྒྱབ་སྟེ། གྲུབ་འབྲས་གསར་པ་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཆེན་པོ་ཐེབས་ཡོད་པ་རེད། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག་རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་འབྱུང་ཚུལ་དེ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད་ལ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལེགས་སུ་ཕྱིན་ནས་སྤྱི་ཚོགས་ཀྱི་དམངས་འཚོར་འགན་སྲུང་ནུས་ལྡན་ཐོབ་ཡོད། སྔོན་དཔག་བྱས་ན་ད་ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་100ལས་བརྒལ་རྒྱུ་ཡིན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ། ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཕྱོགས་ཡོངས་ནས་དབུལ་བྲལ་ཡོང་རྒྱུ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལས་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་དུས་བཀག་ལྟར་ཡོངས་འགྲུབ་བྱ་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་ཡོང་རྒྱུ་རེད། 

ད་ལྟ་ནི་སྔར་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་བཞིན་པའི་སྒང་ཡིན་པར་བསམ་བློ་བཏང་ནས་གྲོས་གཞིའི་མ་ཟིན་ལས་“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་”ཞེས་བརྗོད་ཡོད། སང་ལོའི་ལོ་སྟོད་དུ་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་མ་ལག་ཚང་བའི་དཔྱད་དཔོག་དང་ཕྱོགས་བསྡོམས་བྱ་རྒྱུ་དང་། དེ་ནས་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། 

མཆན་འགྲེལ། 

[1] 《རྩ་གནད་》ཅེས་པ་ནི་འདིར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་》ཅེས་པར་གོ །

༄༅། །ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་དགོས།

(2020ལོའི་ཟླ་10ཚེས་29ཉིན།) 

མི་རབས་དུ་མས་རྒྱུན་མཐུད་འབད་བརྩོན་བྱས་མཐར། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་ཡོངས་འགྲུབ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བཅས་བྱས་ཚར་གྲབས་ཡོད་ལ། སང་ལོ་ནས་བཟུང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་འགོ་རྩོམ་རྒྱུ་ཡིན། 

དུས་སྐབས་གལ་ཆེན་འདིར། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིའི་གནས་སྟངས་ཡག་པོ་ཡིན་ཞིང་། ང་ཚོར་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་པའི་རྨང་གཞི་དང་། ཆ་རྐྱེན། ནུས་པ་བཅས་ཡོངས་སུ་ལྡན་པ་མཐོང་དགོས་ལ། མིག་སྔར་འགལ་བའི་ཐོག་ལ་འགལ་བ་བརྩེགས་ཤིང་། ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་མང་དུ་ཕྱིན་པས། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་རྙོག་འཛིང་ཆེ་བའི་ཁོར་ཡུག་འཕྲད་ཡོད་པའང་མཐོང་དགོས། ང་ཚོས་ངེས་པར་དུ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། ཁྱོན་ཡོངས་ཀྱི་ལྟ་བ། འཕེལ་རྒྱས་ཀྱི་ལྟ་བ་བཅས་རྒྱུན་འཁྱོངས་ཀྱིས་མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཤིན་ཏུ་རྙོག་འཛིང་ཆེ་བའི་སྣང་ཚུལ་འོག་གི་ངོ་བོ་གསལ་རྟོགས་བྱས་ནས་འཚབ་མེད་བབ་བརླིང་དང་། ཉེན་ཁ་ལས་གོ་སྐབས་འཚོལ་བ། གསར་གཏོད་ཡར་བརྩོན། རྣམ་པ་གསར་འབྱེད་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་འདོམས་སྔར་ལས་ལྷག་པ་ཞིག་བྱེད་དགོས། 

རྒྱལ་སྤྱིའི་ངོས་ནས་བཤད་ན། འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དེ་ཇེ་མགྱོགས་སུ་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་སྣེ་མང་རྙོག་འཛིང་དུ་འགྱུར་བཞིན་ཡོད། ཕྱོགས་གཅིག་ནས་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་འཕེལ་རྒྱས་གཏིང་ཟབ་འབྱུང་བཞིན་པ་དང་། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་གཤིབ་བསྡུར་ལ་ལེགས་སྒྲིག་ཟབ་མོ་འབྱུང་བཞིན་ཡོད་ཅིང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་ཟབ་མོར་འཇགས་ཡོད། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་དུས་བབ་བརྟན་བརླིང་མིན་པའི་རང་བཞིན་དང་གཏན་ཆགས་མེད་པའི་རང་བཞིན་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་རྒྱ་ཆེར་མཆེད་པའི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགོག་རྐྱེན་འཕྲད་ཡོད། དམངས་འདོད་རིང་ལུགས་དང་ཕྱིར་འབུད་རིང་ལུགས་ལངས་ཡོང་བ་དང་། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། བཙན་དབང་རིང་ལུགས་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་འཇིགས་སྐུལ་བཟོ་བཞིན་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་། ཚན་རྩལ། རིག་གནས། བདེ་འཇགས། ཆབ་སྲིད་སོགས་ཀྱི་རྣམ་པར་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད། ང་ཚོས་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་འཕེལ་ཕྱོགས་ཐག་གཅོད་བྱེད་པའི་གནད་ཆེའི་རྒྱུ་རྐྱེན་ངོས་འཛིན་ཡང་དག་པ་བྱས་ཏེ། འཐབ་ཇུས་ཀྱི་རང་དབང་ལག་ཏུ་དམ་པོར་འཛིན་དགོས། 

རྒྱལ་ནང་གི་ངོས་ནས་བཤད་ན། རང་རྒྱལ་མུ་མཐུད་དུ་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་ཐད་ཀྱི་དགེ་མཚན་དང་མཐུན་རྐྱེན་འཛོམས་ཡོད་ལ། དཀའ་ངལ་དང་འགྲན་སློང་ཡང་མི་ཉུང་བ་ཞིག་ལ་འཕྲད་ཡོད། འགག་རྩ་ནི་ཕྱོགས་ཡོངས་དང་། རྩོད་སྒྲུབ། ཕུགས་རིང་བཅས་ཀྱི་མཐོང་རྒྱ་ལས་གནད་དོན་ལ་ལྟ་བ་དང་། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། 

དང་པོ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ངོས་འཛིན་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་མ་ལག་རང་བཞིན་ཤུགས་ཆེ་རུ་གཏོང་དགོས། མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ལ་ཕྲད་པའི་གནད་དོན་གཙོ་བོ་ནི་གསར་གཏོད་ཀྱི་ནུས་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ་དང་། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མིན་པ། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་ཅུང་ཆེ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ། དམངས་འཚོ་འགན་སྲུང་ཐད་ཆད་སྐྱོན་ཡོད་པ་དང་སྤྱི་ཚོགས་བཅོས་སྐྱོང་ཐད་ད་དུང་ཞན་ཆ་ཡོད་པ་བཅས་ཡིན། མདོར་བསྡུས་ན། འཕེལ་རྒྱས་དོ་མི་མཉམ་ཞིང་འཕེལ་རྒྱས་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་དེ་རེད། འཕེལ་རྒྱས་དོ་མི་མཉམ་པ་ཞེས་པ་ནི་གཙོ་བོ་ས་ཁོངས་སོ་སོ་དང་ཁྱབ་ཁོངས་སོ་སོ། ཕྱོགས་སོ་སོ་ཚང་མར་དོ་མི་མཉམ་པའི་སྣང་ཚུལ་ཡོད་པ་དང་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཚོད་འཛིན་ཐེབས་པར་གོ་དགོས། འཕེལ་རྒྱས་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་ཞེས་པ་ནི་གཙོ་བོ་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་ལམ་ཐག་ཧ་ཅང་རིང་པོ་ཡོད་པ་དང་། འཕེལ་རྒྱས་ཀྱི་ལས་འགན་སྔར་བཞིན་ཧ་ཅང་ལྗིད་པོ་ཡིན་པར་གོ་དགོས། གནད་དོན་དེ་དག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཚེ་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་མངོན་ཚུལ་ཡིན་ཕྱིན་ཐག་གཅོད་བྱེད་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་མིན་པས། ངེས་པར་དུ་དོན་ལྡན་ཧུར་བརྩོན་བྱེད་དགོས་པར་མ་ཟད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་ཡང་བྱེད་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་དང་དམིགས་འབེན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྨང་གཞི་བརྟན་གཏོང་དང་། དགེ་མཚན་དར་སྤེལ། ཆད་སྐྱོན་ཁ་གསབ། ཞན་ཆ་ཁ་སྐོང་བཅས་བྱེད་པར་ཤུགས་རྒྱག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་མཐུན་སྦྱོར་དང་རྒྱུན་མཐུད་ཐུབ་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 

གཉིས་པ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་དམིགས་གཏད་རང་བཞིན་ཆེ་རུ་གཏོང་དགོས། རང་རྒྱལ་ལ་ཡུན་རིང་གནས་པའི་ཐོན་ཉུང་མཁོ་མང་གི་དཔལ་འབྱོར་དང་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་སྤྱིའི་ཆ་ནས་“ཡོད་མེད་”ནས་“བཟང་མི་བཟང་”གི་ཕྱོགས་སུ་འཕོ་འགྱུར་བྱུང་ཞིང་། སྣ་མང་ཅན་དང་། རིམ་པ་མང་བ། ཕྱོགས་མང་པོ་བཅས་ཀྱི་ཁྱད་ཆོས་མངོན་ཡོད། དེ་དག་ལས་དགོས་མཁོ་མང་པོ་ཞིག་སྔོན་ཆད་ཁ་ཚ་དགོས་གཏུག་གི་གནད་དོན་མིན་ཡང་། ད་ལྟ་མི་དམངས་མང་ཚོགས་ཀྱི་བླང་བྱ་ཇེ་མཐོར་ཕྱིན་ཡོད་པས། ང་ཚོས་གནད་དོན་དེ་དག་ངོས་ཟིན་བྱེད་ཚད་དང་ལས་ཀའི་ཆུ་ཚད་ཀྱང་དེར་བསྟུན་ནས་མཐོ་རུ་གཏོང་དགོས། ང་ཚོས་འཕེལ་རྒྱས་གཏོང་བའི་ངང་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་། བདེ་རྩར་ཐུག་ཤོས། ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སྔར་ལས་ལྷག་པར་སྐོང་དགོས། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་འབྱུང་བར་སྐུལ་སྤེལ་ཧུར་ཐག་གཏོང་དགོས། 

གསུམ་པ། དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་ཆ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་ཡིད་ཆེས་ཆེ་རུ་གཏོང་དགོས། ད་ལྟ། རང་རྒྱལ་གྱི་དཔལ་འབྱོར་ལ་དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་དང་གྲུབ་ཚུལ་རང་བཞིན་གྱི་རྒྱུ་རྐྱེན་སྣོལ་བརྩེགས་དང་། འཕྲལ་གྱི་གནད་དོན་དང་ཕུགས་ཀྱི་གནད་དོན་མཉམ་འདྲེས། ཕྱི་རོལ་གྱི་ཕོག་ཐུག་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་འབྲེལ་ཐུག་སོགས་ཀྱི་ཤུགས་རྐྱེན་སྣ་མང་ཐེབས་ཡོད་པས་དཀའ་ངལ་འདི་ལྟ་བུ་སྔར་བྱུང་མྱོང་མེད་ཅེས་བཤད་ཆོག །རིམས་ནད་ཀྱི་ཕོག་ཐུག་ནི་གནས་སྐབས་ཡིན་ཞིང་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་ཞིག་ཡིན། ཕྱི་ཕྱོགས་ཀྱི་ཕོག་ཐུག་གིས་ང་ཚོར་རང་བརྟེན་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུའི་ལྡོག་སྐུལ་བྱེད་ཀྱི་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་ཆར་འགྱུར་ལྡོག་བྱུང་མེད། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་ཐུབ་པའི་ལམ་ལུགས་ཀྱི་དགེ་མཚན་ནི། དཔལ་འབྱོར་བརྟན་པོའི་ངང་ཕུགས་རྒྱང་དུ་སྐྱོད་པ་དང་སྤྱི་ཚོགས་བརྟན་བརླིང་མངོན་འགྱུར་ཡོང་བའི་རྩ་བའི་ཁག་ཐེག་ཡིན། དུས་ཡུན་རིང་པོའི་ནང་དུ། རང་རྒྱལ་གྱིས་གསོག་འཇོག་བྱས་པའི་བརྟན་བརླིང་གི་དངོས་པོའི་རྨང་གཞི་དང་། ཕུན་སུམ་ཚོགས་པའི་མི་ཤུགས་ཐོན་ཁུངས། ཆ་ཚང་བའི་ཐོན་ལས་མ་ལག །སྟོབས་དང་ལྡན་པའི་ཚན་རྩལ་སྟོབས་ཤུགས་བཅས་དང་། དེ་བཞིན་རང་རྒྱལ་ནི་གོ་ལ་ཧྲིལ་པོའི་བག་ཉལ་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཚོང་ར་ཆེ་ཤོས་ཡིན་པ་བཅས་ནི་ང་ཚོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱི་རོལ་གྱི་ཉེན་ཁ་བཀག་འགོག་བྱེད་པའི་རྩ་བའི་རྟེན་གཞི་ཡིན། 

རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ན། ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་དུ། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་བཟང་པོའི་དུས་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ལ་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། འཐབ་ཇུས་ཀྱི་གོ་སྐབས་ཞེས་པའི་ཐ་སྙད་འདི་ཐོག་མར་འདོན་སྐབས་དུས་རབས་འདིའི་ཐོག་མའི་ལོ་ངོ་20ལ་གོ་བ་ཡིན། ལོ་ངོ་20རྗེས་ཀྱི་ད་ལྟའི་དུས་ལ། འཐབ་ཇུས་ཀྱི་གོ་སྐབས་བཟང་པོ་ཞེས་པར་བརྡར་ཤ་ཇི་ལྟར་གཅོད་རྒྱུ་ནི་གནད་དོན་གལ་ཆེན་ཞིག་རེད། སྔོན་ཆད་ང་ཚོ་དུས་བབ་དང་མཐུན་པར་མདུན་དུ་བསྐྱོད་པས་གོ་སྐབས་དམ་འཛིན་བྱ་རྒྱུ་ཅུང་སླ་བ་ཡིན། ད་ལྟ་འགལ་རྐྱེན་ལ་གདོང་གཏད་ནས་མདུན་དུ་སྐྱོད་དགོས་པས། གོ་སྐབས་དམ་འཛིན་བྱེད་པའི་དཀའ་ཚད་ཀྱང་མི་འདྲ་བ་རེད། སྔོན་ཆད་ཁོར་ཡུག་ཆེན་པོ་བལྟོས་བཅས་ཀྱིས་བརྟན་པོ་ཡིན་པས་ཉེན་ཁ་དང་འགྲན་སློང་གསལ་པོར་མཐོང་རྒྱུ་ཅུང་སླ་བ་དང་། ད་ལྟ་ནི་འཛམ་གླིང་གི་དུས་བབ་གཡོ་འགུལ་དང་རྙོག་འཛིང་ཆེ་ཞིང་། ས་འབྲེལ་ཆབ་སྲིད་ཀྱི་འགྲན་སློང་གི་རླུང་རླབས་ཆེ་ཞིང་དྲག་པ་དང་། མངོན་མེད་བཀག་ཆ་དང་འགལ་རྐྱེན་ཡང་མང་བས་བབ་བསྟུན་བྱེད་ནུས་སྔར་ལས་ཆེ་དགོས་པ་རེད། སྔོན་ཆད་ང་ཚོའི་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བས་གཞན་དང་ཕན་ཚུན་གསབ་རེས་ཀྱི་རང་བཞིན་ཅུང་མང་པོ་ཡོད། ད་ལྟ་ང་ཚོའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པས་གཞན་དང་འགྲན་རྩོད་ཀྱི་རང་བཞིན་མང་དུ་འགྲོ་བཞིན་ཡོད། 

ང་ཚོས་ཉེན་ཁ་དང་གོ་སྐབས་མཉམ་དུ་གནས་པ་དང་། ཉེན་ཁའི་ནང་དུ་གོ་སྐབས་ཡོད་ལ། ཉེན་ཁ་གོ་སྐབས་སུ་བསྒྱུར་ཆོག་པ་དང་། གོ་སྐབས་ལ་འཐབ་ཇུས་རང་བཞིན་དང་བསྒྱུར་འཐུས་རང་བཞིན་ལྷག་པར་ལྡན་པ་དང་། འགྲན་སློང་ལ་རྙོག་འཛིང་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ལྷག་པར་ལྡན་པས། འགྲན་སློང་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། ཁ་གཏད་ཡག་པོ་འཇལ་ཐུབ་ཚེ་གོ་སྐབས་ཀྱང་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པའི་བརྡར་ཤ་གཅོད་ཀྱི་ཡོད། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་ནི་ཉེན་ཁ་ཞོད་འཇགས་སུ་གཏོང་བ་དང་གོ་སྐབས་སུ་བསྒྱུར་བའི་དཔེ་མཚོན་ཞིག་རེད། ལོ་འགོར་རིམས་ནད་བྱུང་མ་ཐག་པའི་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་དེ་དུས་ཀྱི་གནས་ཚུལ་ནི་ཇི་འདྲའི་ཛ་དྲག་ཆེ་བ་དང་ཁུར་པོ་ནི་ཇི་འདྲའི་ལྕི་བ་ལ་ཨང་། ད་ལྟ་དུས་ཡུན་ལོ་ཕྱེད་ལྷག་འདས་རུང་རིམས་ནད་ཀྱིས་ང་ཚོ་ཕམ་པར་རྒྱག་མ་ནུས་པར། དེ་ལས་ལྡོག་སྟེ་གོ་ལ་ཧྲིལ་པོའི་རིམས་འགོག་ལེགས་འགྲུབ་བྱུང་བའི་དཔེ་མཚོན་དུ་གྱུར་ཡོད། ད་ལོ་རང་རྒྱལ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་དངོས་མ་སླར་གསོ་བྱུང་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་ཉག་གཅིག་ཡིན་ཞིང་། རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་གཏོང་ནུས་ཀྱང་མ་བསམ་ས་ནས་མགྱོགས་ཙམ་གྱིས་གོང་འཕར་བྱུང་ཡོད། དེའི་ནང་གི་ཉམས་མྱོང་དང་གནས་ལུགས་ལ་བསམ་བློ་ཡག་པོ་གཏོང་དགོས་ལ་ངེས་ཤེས་ཡག་པོ་འདྲོང་དགོས། 

མདོར་ན། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ནི་རང་རྒྱལ་གྱིས་གོང་འཕེལ་གསར་པ་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཡིན། ང་ཚོས་གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། འགྱུར་ལྡོག་ངོས་འཛིན་གནད་འཁེལ་བྱེད་པ། ཚན་རིག་དང་མཐུན་པར་འགྱུར་ལྡོག་ལ་བསྟུན་པ། རང་དབང་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། རླུང་འཚུབ་གདོང་གིས་བསུས་ཏེ་གྲུ་གཟིངས་གཏོང་ཕོད་པ་དང་། ཉེན་ཁ་གོ་སྐབས་སུ་སྒྱུར་མཁས་པོ་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་ཞིག་རྩོམ་པ་དང་གོམ་པ་ཡག་པོ་ཞིག་སྤོ་དགོས། 

༄༅། །བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།

(2020ལོའི་ཟླ་10ཚེས་29ཉིན།) 

རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱད་ཆོས་གལ་ཆེན་མང་པོ་ལྡན་ཡོད། འཛམ་གླིང་དུ་དེང་རབས་ཅན་གྱི་དཔེ་སྲོལ་བླ་མེད་གཅིག་ཆོད་ཅིག་མེད་ལ། ཀུན་ལ་ཁྱབ་པའི་དེང་རབས་ཅན་གྱི་ཚད་གཞིའང་མེད། བློ་མཐུན་ཏེང་ཞའོ་ཕིན་གྱིས་གསུངས་དོན། “ང་ཚོས་སྤེལ་བྱའི་དེང་རབས་ཅན་ནི་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་ཡིན་པ་དང་། ང་ཚོས་འཛུགས་སྐྲུན་བྱ་རྒྱུའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡིན།”[1] ང་ཚོས་སྐུལ་འདེད་གཏོང་བའི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཞག་པའི་ཀྲུང་གོའི་ཁྱད་ཆོས་ནི་དེ་བས་ཀྱང་ལྡན་པ་རེད། དང་པོ་ནི། རང་རྒྱལ་གྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཡིན། རང་རྒྱལ་གྱི་མི་འབོར་དུང་ཕྱུར་14སྤྱི་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་ན། དེའི་གཞི་ཁྱོན་ནི་ད་ལྟའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་མི་གྲངས་བསྡོམས་འབོར་ལས་ཀྱང་བརྒལ་ཡོད་ཅིང་། དེང་རབས་ཅན་གྱི་འཛམ་གླིང་གི་མངའ་ཁོངས་རྦད་དེ་བསྐྱར་འབྲི་བྱ་རྒྱུ་ཡིན་པས། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཤུགས་རྐྱེན་ཟབ་མོ་ལྡན་པའི་དོན་ཆེན་ཞིག་རེད། གཉིས་པ་ནི། རང་རྒྱལ་གྱི་དེང་རབས་ཅན་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་ཡིན། མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། རང་རྒྱལ་གྱི་དེང་རབས་ཅན་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ས་ཁུལ་ཁག་བར་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག །ཡོང་འབབ་བགོ་བཤའི་ཧེ་བག་བཅས་རང་རྟོགས་དང་རང་དབང་ངང་ཐག་གཅོད་བྱས་ནས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་རིམ་བཞིན་མངོན་འགྱུར་བྱས་ཏེ། མཐའ་གཉིས་སུ་གྱེས་པ་རྦད་དེ་སྔོན་འགོག་བྱེད་པ་ཡིན། གསུམ་པ་ནི། རང་རྒྱལ་གྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན། རང་རྒྱལ་གྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། མི་དམངས་ཀྱི་སེམས་ཤུགས་ཇེ་ཆེར་བཏང་སྟེ་དངོས་པོ་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ་ཡིན། བཞི་པ་ནི། རང་རྒྱལ་གྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན། རང་རྒྱལ་གྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འགྲོས་གཅིག་ཏུ་སྐུལ་འདེད་གཏོང་བར་སྣང་ཆེན་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་པོ་བཅས་ཀྱི་ཤེས་དཔལ་དར་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་ཡིན་ལ། དེ་འདྲ་མ་ཡིན་ན་ཐོན་ཁུངས་དང་ཁོར་ཡུག་གི་གནོན་ཤུགས་མི་ཁྱོགས་པ་རེད། ལྔ་པ་ནི། རང་རྒྱལ་གྱི་དེང་རབས་ཅན་ནི་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་ཡིན། མ་རྩའི་རིང་ལུགས་ཀྱི་རྒྱལ་ཁབ་རྙིང་གྲས་ཁག་ཅིག་ནི་དྲག་ཤུགས་སྤྱད་དེ་མི་སེར་སྤེལ་ཡུལ་འཕྲོག་བཅོམ་བྱེད་པའི་ལམ་དུ་བསྐྱོད་པ་དང་། རྒྱལ་ཁབ་གཞན་དག་རྗེས་ལུས་ཐེབས་པ་རིན་དོད་དུ་གཏོང་བའི་དེང་རབས་ཅན་རེད། རང་རྒྱལ་གྱི་དེང་རབས་ཅན་ནི་འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུ་གཙིགས་སུ་འཛིན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཞིང་། ཧུར་བརྩོན་གྱིས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་འཇོག་པ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་མཚོན་ཡོད་པར་མ་ཟད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱང་མཚོན་ཡོད་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་བཏང་སྟེ་མིའི་རིགས་ལ་རྒྱུན་ཆད་མེད་པར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་དགོས། 

མཆན་འགྲེལ། 

[1] ཏེང་ཞའོ་ཕིན་གྱི་《འགྲོ་ལམ་ནོར་མི་འདུག་ལ་སྲིད་ཇུས་ཀྱང་འགྱུར་མི་སྲིད་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1994ལོའི་བོད་ཡིག་པར་གཞི། ཤོག་ངོས་43པ་)ཞེས་པར་གསལ། 

༄༅། །རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད།

(2021ལོའི་ཟླ་2ཚེས་25ཉིན།) 

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། 

དེ་རིང་ང་ཚོས་གཟབ་རྒྱས་ངང་ཚོགས་ཆེན་འཚོགས་ཏེ། བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་བྱ་རྒྱུར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་བསུ་བའི་དུས་སྐབས་གལ་ཆེན་འདིར། རང་རྒྱལ་གྱི་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་9899དབུལ་བྲལ་བྱུང་བ་དང་། དབུལ་ཕོངས་རྫོང་832ཀྱིས་དབུལ་ཞྭ་ཕུད་པ། དབུལ་ཕོངས་གྲོང་ཚོ་ཁྲི་12.8དབུལ་གྲལ་ལས་ཐོན་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་སེལ་བའི་གནད་དོན་ཐག་བཅད་པ། བལྟོས་མེད་དབུལ་ཕོངས་མེད་པར་བཟོ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ཡོངས་འགྲུབ་བྱས་ནས་སླར་ཡང་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་མི་ཡུལ་གྱི་ངོ་མཚར་བྱས་རྗེས་ཤིག་བཏོད་ཡོད། འདི་ནི་ཀྲུང་གོའི་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་ཡིན། 

འདིར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་དང་། དབུལ་བྲལ་འགག་སྒྲོལ་ལ་བྱས་རྗེས་འཇོག་མཁན་རིམ་པ་ཁག་གི་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན། གྲོང་གསེབ་ཀྱི་རྒྱ་ཆེའི་གཞི་རིམ་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ། མང་ཚོགས་བཅས་དང་། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི། དང་བླངས་པ་བཅས་དང་། དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་། མི་དམངས་ཚོགས་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་ལས་རིགས་ཁག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། དབུལ་བྲལ་འགག་སྒྲོལ་གྱི་ལས་ལ་ཧུར་ཐག་གིས་ཞུགས་པ་དང་དེར་རྒྱབ་སྐྱོར་གནང་མཁན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ་བཅས་དང་། ཀྲུང་གོའི་དབུལ་འཕྲིའི་བྱ་གཞག་ལ་ཐུགས་ཁུར་དང་རོགས་རམ་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་གྱི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། 

དབུལ་ཕོངས་ནི་མིའི་རིགས་སྤྱི་ཚོགས་ཀྱི་གཅོང་ནད་ཡིན། དབུལ་ཕོངས་ལ་རྒོལ་བ་ནི་ཐོག་མཐའ་བར་གསུམ་དུ་གནའ་དེང་ཀྲུང་ཕྱིའི་རྒྱལ་ཁབ་བདེ་བར་སྐྱོང་བའི་དོན་ཆེན་ཞིག་ཡིན། ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་ཕོངས་དང་འཐབ་རྩོད་བྱས་པའི་ལོ་རྒྱུས་ཤིག་ཡིན། ཆུས་ཡོན་[1]གྱི་“འཁོས་ཞན་འབངས་རྣམས་དཀའ་བའི་ཚུལ་མཐོང་དུས། །བདག་ནི་མཆི་མས་བརླན་ཞིང་དབུགས་རིང་འབྱིན། །”[2]ཞེས་ཐུགས་ཚོར་ཟབ་མོ་བྱུང་བ་ནས་ཏུའུ་ཧྥུ་[3]ཡི་“གནམ་འོག་ཉམ་ཐག་མ་ལུས་ཁང་བཟང་གི། །དགའ་བདེའི་དཔལ་ལ་ནམ་ཞིག་སྤྱོད་འགྱུར་རམ། །”[4]ཞེས་པའི་ཕུགས་རེ་དང་། དེ་ནས་སུན་ཀྲུང་ཧྲན་གྱིས་“མི་ལ་ལྟོ་གོས་འཛོམས་ཞིང་ཁྱིམ་ཚང་བདེ་སྐྱིད་ལྡན་པ་དང་། ཡུལ་ཕྱོགས་ཀུན་ཏུ་སྐྱེ་བོ་དར་མ་རྣམས་ནི་རང་འཁྲིའི་ལས་ལ་བརྩོན་ཐུབ་པ་”[5]ཞེས་པའི་ཕུགས་ཀྱི་ཐུགས་འདུན་བཅས་ཚང་མས་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་ཕོངས་ལས་ཐར་རྒྱུ་དང་ཟས་གོས་གཉིས་འཛོམས་ཡོང་བར་སྐོམ་པ་ཆུ་འདོད་ཀྱི་རེ་སྨོན་བཅངས་པ་མཚོན་ཡོད། ཉེ་རབས་ཀྱི་རྗེས་སུ་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་རུལ་སུངས་སུ་གྱུར་པ་དང་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་པའི་དབང་གིས་ཀྲུང་གོའི་ཆབ་སྲིད་ཀྱི་གནས་བབ་བདེ་མེད་ཟང་ཟིང་ཆེ་ཞིང་དམག་འཁྲུག་གི་དུས་ཟིང་རྒྱུན་ཆད་མེད་པ་དང་མི་དམངས་འཚོ་ཐབས་བྲལ་ལ། དབུལ་ཕོངས་ཀྱི་རྨི་ལམ་ངན་པ་འཁྲུག་པས་ཀྲུང་གོའི་མི་དམངས་ལ་སྔར་ལས་ལྷག་པའི་སེམས་ངལ་བཟོས་ཡོད། དབུལ་ཕོངས་ལས་ཐར་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་ཕུགས་འདུན་ཞིག་ཏུ་གྱུར་ཡོད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། 

ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་རྒྱུ་དོན་གཉེར་བྱེད་པ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་ཉིད་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བ་སྐྲུན་ཆེད་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་པ་རེད། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཏང་གིས་རྒྱ་ཆེའི་ཞིང་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་“ཡུལ་གྱི་གཤེད་མ་གཏོར་བ་དང་། ས་ཞིང་བགོ་བཤའ་”བརྒྱབ་ནས་“རྨོ་མཁན་ལ་ས་ཞིང་ཡོད་པ་”བྱས་ཏེ། ཉམ་ཐག་དབུལ་པོ་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་པར་རོགས་རམ་བྱས་པས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྒྱབ་སྐྱོར་དང་གོང་བཀུར་ཆེན་པོ་ཐོབ་པ་དང་། ཀྲུང་གོའི་གསར་བརྗེ་ལ་རྒྱལ་ཁ་བླངས་པ་དང་ཀྲུང་གོ་གསར་པ་བཙུགས་པས། དབུལ་ཕོངས་ལས་ཐར་བར་རྩ་བའི་ཆབ་སྲིད་ཀྱི་མཐུན་རྐྱེན་བསྐྲུན་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཡོངས་འགྲུབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འབེབས་བྱས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། མི་དམངས་སྒྲིག་འཛུགས་བྱས་ཏེ་རང་སྟོབས་རང་སྤེལ་དང་། ཤུགས་སྐྱེད་སྟོབས་སྤེལ། རི་ཀླུང་བསྐྱར་སྐྲུན་བྱས་པ་བཅས་ཀྱི་ཐོག་ནས་དབུལ་ཕོངས་ལས་ཐར་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གཞི་ཁྱོན་ཆེ་ཞིང་འཆར་གཞི་ལྡན་ལ་སྒྲིག་འཛུགས་ཡོད་པ་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་བྱས་ཏེ། ཤུགས་བརྒྱབ་ནས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་བཏང་བ་དང་། ཤུགས་བརྒྱབ་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་རླབས་པོ་ཆེ་བླངས་པ་རེད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་གསལ་པོར་བཏོན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ནི་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་ཡོད་ཅིང་། གྲོང་གསེབ་འབྱོར་འབྲིང་ལ་མ་སླེབས་པ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་འབྱོར་འབྲིང་ལ་མ་སླེབས་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་མི་ཐུབ། དབུལ་ཞིང་ཕོངས་པ་ནི་སྤྱི་ཚོགས་རིང་ལུགས་མ་ཡིན་པ་ནན་གྱིས་བསྟན་ཡོད་ཅིང་། གལ་ཏེ་དབུལ་ཕོངས་ས་ཁུལ་དུས་ཡུན་རིང་པོར་དབུལ་ཕོངས་སུ་ལུས་ཤིང་རྣམ་པ་དུས་ཡུན་རིང་པོར་འགྱུར་ལྡོག་གཏོང་མ་ཐུབ་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དུས་ཡུན་རིང་པོར་ཇེ་མཐོར་མངོན་གསལ་ཞིག་གཏོང་མ་ཐུབ་ན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་མི་ཐུབ་ལ། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱང་མིན་པས་སྡོད་ལོང་སྒུག་ལོང་མེད་པར་དབུལ་བྲལ་འགག་སྒྲོལ་གྱི་ལས་དོན་ངེས་པར་དུ་དམ་འཛིན་ཡག་པོ་བྱེད་དགོས། 2012ལོའི་ལོ་མཇུག་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ཡུན་རིང་མ་སོང་བར། ཏང་ཀྲུང་དབྱང་གིས་དམིགས་སུ་བཀར་ནས་ནན་གྱིས་བསྟན་དོན། “འབྱོར་འབྲིང་བྱུང་མ་བྱུང་གཙོ་བོ་མི་སེར་ལ་བལྟ་དགོས་ཤིང་། གཙོ་བོ་དབུལ་ཕོངས་མི་སེར་དབུལ་བྲལ་བྱུང་ཡོད་མེད་ལ་ཐུག་ཡོད་”ཅེས་དང་། “དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་གཅིག་ཀྱང་ཆད་ལུས་འབྱུང་མི་ཉན་”ཞེས་ཁས་ལེན་བྱས་ཏེ་དུས་རབས་གསར་པའི་དབུལ་བྲལ་འགག་སྒྲོལ་གྱི་འགོ་བརྩམས་པ་རེད། 2013ལོར་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གནད་འཕིགས་ཀྱི་ལྟ་བ་བཏོན་ནས་དབུལ་སྐྱོར་ལས་དོན་གྱི་ལམ་སྲོལ་གསར་གཏོད་བྱས། 2015ལོར་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་ཏེ། དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་སྤྱིའི་བླང་བྱ་བཏོན་པའི་ཁར་རོགས་སྐྱོར་བྱ་ཡུལ་དང་། ལས་གཞི་བཀོད་སྒྲིག །མ་དངུལ་བེད་སྤྱོད། ཐབས་བཀོད་དུད་ཚང་དུ་དོན་འཁྱོལ། གྲོང་བསྟུན་མི་མངག །དབུལ་བྲལ་ཕན་འབྲས་བཅས་“གནད་འཕིགས་དྲུག་”ལག་ལེན་བསྟར་བ་དང་། ཐོན་སྐྱེད་གོང་འཕེལ་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོ་བྱེད་པ། སྐྱེ་ཁམས་གུན་གསབ་བྱེད་པ། སློབ་གསོ་གོང་འཕེལ་གཏོང་བ། སྤྱི་ཚོགས་འགན་སྲུང་གི་མཐའ་སྐྱོར་བྱེད་པ་བཅས་“སྐོར་ཚོ་ལྔ་”ལག་ལེན་བསྟར་ནས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྤྱི་རྒོལ་བཀའ་རྒྱ་བཏང་བ་རེད། 2017ལོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དབུལ་བྲལ་གནད་འཕིགས་དེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་[6]གྱི་ཡ་གྱལ་དུ་བཞག་ནས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་དམིགས་འབེན་ལ་ཆེད་དུ་དམིགས་ཏེ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཤིན་ཏུ་དབུལ་བའི་བཙན་རྫོང་གཏོར་བ་དང་དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཕམ་རྟིང་རྩོད་དང་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་པ་རེད། 2020ལོར་ཏོག་གསར་གློ་ཚད་རིམས་ནད་དང་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་ལས་བྱུང་བའི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་འཇལ་ཆེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ལ་ཆོད་སེམས་སྔར་ལས་བརྟན་ཞིང་སྟོབས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་“ཁ་སྣོན་རྒྱུགས་གཞི་”ཡག་པོར་འབྲི་བ་དང་མཇུག་བསྡུའི་དམག་འཐབ་ཡག་པོར་བརྒྱབ་སྟེ་ཡིད་ཆེས་བརྒྱ་འགྱུར་གྱིས་དབུལ་བྲལ་འགག་སྒྲོལ་གྱི་མཐའ་མཇུག་གི་རྒྱལ་ཁའི་ཕྱོགས་སུ་དཔུང་སྐྱོད་བྱེད་དགོས་པའི་བླང་བྱ་བཏོན། 

ལོ་ངོ་8རིང་ཏང་ཀྲུང་དབྱང་གིས་དབུལ་བྲལ་འགག་སྒྲོལ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གལ་ཆེ་སར་བཞག་ཡོད་ལ། དབུལ་བྲལ་འགག་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་མ་མཐའི་ལས་འགན་ཞིག་ཏུ་བརྩིས་ནས་རྔམ་བརྗིད་ཆེ་བའི་དབུལ་བྲལ་འགག་སྒྲོལ་གྱི་མི་དམངས་དམག་འཁྲུག་སྒྲིག་འཛུགས་བྱས་ནས་བཤམས་པ་རེད། ཏང་དང་མི་དམངས་ཀྱིས་དཀའ་བ་ཕྲག་ཏུ་བླངས་ཤིང་ངལ་བ་ཁྱད་དུ་བསད་ལ། ལྕགས་གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་དང་གཉའ་རུས་མཁྲེགས་པོ་འཐོག་ཕོད་པའི་སྒོ་ནས་དབུལ་ཕོངས་ནང་གི་དབུལ་ཕོངས་དང་བཙན་འགག་ནང་གི་བཙན་འགག་རེ་རེ་བཞིན་གཏོར་ནས་དབུལ་བྲལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། 

—— གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་བྲལ་བྱུང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་འགག་རྩའི་རང་བཞིན་གྱི་བྱས་རྗེས་བཞག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཆ་སྙོམས་ལོ་རེར་མི་ཁྲི་1000ལྷག་དབུལ་བྲལ་བྱུང་ཡོད་པ་ནི་འབྲིང་རིམ་རྒྱལ་ཁབ་ཅིག་གི་མི་འབོར་དབུལ་བྲལ་བྱུང་བ་དང་འདྲ་བ་རེད། དབུལ་ཕོངས་མི་འབོར་གྱི་ཡོང་འབབ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་”ཡོངས་རྫོགས་མངོན་འགྱུར་བྱུང་ཡོད་པ་སྟེ། དབུལ་བྲལ་མང་ཚོགས་ཟས་གོས་གཉིས་ལ་སེམས་ཁྲལ་མེད་ཅིང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་སྲུང་ཐོབ་ཡོད་པར་མ་ཟད། འཐུང་ཆུའི་བདེ་འཇགས་ཀྱང་འགན་སྲུང་ཐོབ་ཡོད། དབུལ་ཕོངས་ནད་པ་ཁྲི་2000ལྷག་ལ་རིགས་དབྱེ་སྐྱོབ་བཅོས་ཐོབ་པ་དང་། སྔོན་ཆད་ནད་ཀྱིས་མནར་བའི་ཁྱིམ་ཚང་ལ་གཏན་འཇགས་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། དབུལ་ཕོངས་མང་ཚོགས་ཁྲི་2000ལ་ཉེ་བས་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་འབུལ་རྟེན་ལོངས་སུ་སྤྱོད་པ་དང་། དཀའ་ངལ་ཅན་དང་དབང་པོ་སྐྱོན་ཅན་ཚབས་ཆེན་ཁྲི་2400ལྷག་ལ་འཚོ་བ་དང་ལྟ་སྐྱོང་ཁ་གསབ་ཐོབ་ཡོད། དབུལ་ཕོངས་མང་ཚོགས་ཁྲི་110ལྷག་ནགས་སྲུང་པ་བྱས་ནས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱས་པས་གསེར་རི་དངུལ་རི་ཐོབ་ཡོད། གངས་ལྗོངས་མཐོ་སྒང་དང་མྱ་ངམ་ཐང་ཡིན་ནའང་འདྲ། བྲག་རི་གཡང་གཟར་དང་རི་སུལ་ལུང་ཁུག་ཡིན་ནའང་འདྲ། དབུལ་བྲལ་འགག་སྒྲོལ་གྱི་ཉི་ཟེར་ཡུལ་ཕྱོགས་གང་སར་འཕྲོས་པས་དེ་ལ་བརྟེན་ནས་སྐྱེ་བོ་གྲངས་མེད་ཀྱི་ལས་དབང་ལ་འཕོ་འགྱུར་བྱུང་ཞིང་། དེ་ལ་བརྟེན་ནས་སྐྱེ་བོ་གྲངས་མེད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། དེ་ལ་བརྟེན་ནས་སྐྱེ་བོ་གྲངས་མེད་ཀྱི་བདེ་སྐྱིད་ཀྱང་དོན་ཐོག་ཏུ་སྨིན་ཡོད། 

—— དབུལ་བྲལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གོམ་སྟབས་ཆེན་པོས་རྗེས་ཟིན་ནས་སྤྱི་ཆའི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་མངོན་གསལ་ཕྱིན་པ་དང་། དཔལ་འབྱོར་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འཕེལ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་སྐྱེད་བྱུང་བ། སྤྱི་ཚོགས་ཀྱི་བྱ་གཞག་ཡར་རྒྱས་མགྱོགས་པོ་བྱུང་བ་བཅས་ཀྱིས་འགྲུལ་སྐྱོད་ཀྱི་དཀའ་ངལ་དང་། འཐུང་ཆུའི་དཀའ་ངལ། གློག་སྤྱོད་པའི་དཀའ་ངལ། འཕྲིན་གཏོང་གི་དཀའ་ངལ། སློབ་གྲྭར་འགྲོ་བའི་དཀའ་ངལ། སྨན་བཅོས་ཀྱི་དཀའ་ངལ་སོགས་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱུང་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཡིག་ཚགས་དང་ཁཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མཚམས་ཆད་པའི་སློབ་མ་འགུལ་རྣམ་གྱིས་གཙང་སེལ་བྱས་ཡོད། ཆ་རྐྱེན་འཛོམས་པའི་ཞང་གྲོང་དང་སྒྲིག་ཁོངས་གྲོང་ཚོ་ཡོངས་སུ་ཨར་ལམ་དང་། འགྲུལ་སྐྱེལ་རླངས་འཁོར། སྦྲག་ལམ་བཅས་ཤར་གཏོང་བྱུང་ཡོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་110གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་། ལྕགས་ལམ་སྤྱི་ལེ་ཁྲི་3.5གསར་སྣོན་བྱས་ཡོད། དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་གློག་དྲའི་གློག་འདོན་ཚད་99%ཟིན་པ་དང་། གློག་དྲ་ཆེན་མོས་ཁེབས་པའི་ཁྱབ་ཁོངས་ནང་དབུལ་ཕོངས་གྲོང་ཚོར་སྒུལ་ཤུགས་གློག་ཤར་གཏོང་བྱུང་བའི་བསྡུར་ཚད་100%ཟིན་ཞིང་། དབུལ་ཕོངས་གྲོང་ཚོར་འོད་འདྲེན་གློག་སྐུད་དང་4Gཤར་གཏོང་བྱུང་བའི་བསྡུར་ཚད་གཉིས་ཀ་98%ལས་བརྒལ་ཡོད། ཁྱིམ་དུད་ཁྲི་790དང་དབུལ་ཕོངས་མང་ཚོགས་ཁྲི་2568ཀྱི་ཁང་པ་ཉེན་ཅན་བསྒྱུར་བཀོད་བྱས་ཤིང་། ཁྱོན་བསྡོམས་གཅིག་བསྡུས་བཀོད་སྒྲིག་ཁུལ་ཁྲི་3.5དང་བཀོད་སྒྲིག་སྡོད་ཁང་ཁྲི་266བསྐྲུན་པ་དང་། མི་ཁྲི་960ལྷག་“དབུལ་པོའི་ཚང་ནས་ཐོན་”ཏེ་བཀག་སྡོམ་དང་རྗེས་ལུས་ལས་ཐར་ནས་ཁྱིམ་གཞིས་གསར་པར་སྤོས་ཡོད། ཡུལ་མི་སྤུན་ཟླ་མང་པོ་ཞིག་འབྲེང་ཟམ་དང་རང་བྱུང་འོབས་ཆེན་ལ་ཁ་གྱེས་ནས་བདེ་ལམ་དུ་བསྐྱོད་ཡོད་ཅིང་། ཆུ་བ་ཚྭ་ཅན་དང་ཁ་ཏིག་དང་རིང་དུ་བྲལ་ནས་ཆུ་གཙང་མ་འཐུང་རྒྱུ་བྱུང་ཡོད་ལ། ཕྱོགས་བཞིར་རླུང་ཤོར་བའི་འདམ་རྩྭའི་སྤྱིལ་ཁང་དང་ཁ་གྱེས་ནས་ཁོད་ཡངས་ལ་དཀར་ཆ་དོད་པའི་སོ་ཕག་ཁང་པའི་ནང་དུ་སྡོད་རྒྱུ་བྱུང་ཡོད། དབུལ་ཕོངས་ཁྱིམ་ཚང་གི་ཕྲུ་གུ་ཁྲི་སྟོང་མང་པོར་སྔར་བས་དྲང་སྙོམས་ཀྱི་སློབ་གསོའི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་བྱུང་སྟེ། ཕྲུ་གུ་ཚོ་ཉིན་རེ་རེར་ལ་ལུང་བརྒལ་ནས་སློབ་གྲྭར་འགྲོ་མི་དགོས་པར་སློབ་གྲྭར་སྡོད་ཅིང་ཟ་ཁང་དུ་ཟ་མ་བཟའ་ཆོག་པ་མངོན་འགྱུར་བྱུང་ཡོད། མི་འབོར་ཅུང་ཉུང་བའི་མི་རིགས་28ཡོངས་སུ་དབུལ་བྲལ་བྱུང་ཡོད་ལ། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་“གོམ་པ་གང་གིས་ལོ་ངོ་སྟོང་ཕྲག་བརྒལ་”ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་སླེབས་པའི་“ཐད་བརྒལ་མི་རིགས་”ཁ་ཤས་ལ་དབུལ་ཕོངས་རྗེས་ལུས་ཡིན་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་གཉིས་པའང་མངོན་འགྱུར་བྱུང་ཡོད། ཤིན་ཏུ་དབུལ་ཕོངས་ས་ཁུལ་ཡོངས་རྫོགས་ཀྱི་མཐའ་མའི་དབུལ་ཕོངས་བཙན་རྫོང་ཡོངས་སུ་གཏོར་ཡོད། དེ་ལྟར་དབུལ་བྲལ་ས་ཁུལ་གང་སར་རི་སྡེ་ཁྲ་མོའི་འཕོ་འགྱུར་གྱི་ཉམས་སྣང་དང་རི་ཀླུང་ལྟ་ན་སྡུག་པའི་དུས་རབས་ཀྱི་མཛེས་རིས་བཀྲ་ཡོད། 

—— དབུལ་བྲལ་མང་ཚོགས་ཀྱི་བསམ་བློའི་རྣམ་པ་གསར་སྐྱེས་བྱུང་སྟེ་རང་ཚུགས་རང་དར་གྱི་ཡིད་ཆེས་དང་བློ་སྟོབས་ཆེ་རུ་ཕྱིན་ཡོད། དབུལ་བྲལ་འགག་སྒྲོལ་ལ་དངོས་པོའི་ཐད་དུ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པར་མ་ཟད། བསམ་པའི་ཐད་དུའང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱ་ཆེའི་དབུལ་བྲལ་མང་ཚོགས་ཀྱི་འབད་འབུངས་ཡར་བརྩོན་གྱི་བློ་སྟོབས་ངར་སློང་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཡ་རབས་ཀྱི་སྲོལ་གསར་གང་སར་དར་སྤེལ་བྱུང་བས། དཀའ་སྤྱད་འབད་འཐབ་དང་ཧུར་ཐག་དངོས་སྒྲུབ་ཀྱི་སྒོ་ནས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་པའི་སྙིང་སྟོབས་དེ་རྒྱ་ཆེའི་དབུལ་ཕོངས་ས་ཁུལ་གྱི་དར་སྲོལ་ཞིག་ཏུ་གྱུར་ཡོད། ཡུལ་མི་སྤུན་ཟླ་རྣམས་ཀྱི་སྣེ་ཁྲིད་དེ་དུས་ཡུན་ལོ་ངོ་7རིང་གཡང་གཟར་གྱི་རི་སྐེད་ནས་ཕྱི་རོལ་དུ་སྐྱོད་པའི་འགྲོ་ལམ་བསྐྲུན་པའི་ཁྲུང་ཆིང་གྲོང་ཁྱེར་ཝུའུ་ཧྲན་རྫོང་ཀྲུའུ་ཞན་ཞང་ཞ་ཀྲོང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་མའོ་ཞང་ལིན་གྱིས་“རི་བོ་ཁྲེ་ཙེ་གང་རེ་བརྟོལ། །འགྲོ་ལམ་གཞུ་འདོམ་གང་རེ་བསྐྲུན། །ང་ཚོ་མི་རབས་འདིས་ལོ་བཅུར་དཀའ་སྡུག་དང་དབུལ་ཕོངས་མྱོང་དགོས་བྱུང་ཡང་ངེས་པར་དུ་མི་རབས་རྗེས་མར་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོད་པ་བྱེད་དགོས།” ཞེས་བཤད་པ་དང་། ལུས་པོ་སྐྱོན་ཅན་དུ་གྱུར་ནའང་སྙིང་རུས་བརྟན་པའི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཏུང་ཁྲོན་ཆུས་ཝུའུ་ལུང་གྲོང་རྡལ་ཕིང་ཙེ་གྲོང་ཚོའི་པ་ཅའོ་ཅིང་ཚོ་ཆུང་གི་གྲོང་མི་ཀྲང་ཧྲུན་ཏུང་གིས་“ང་ཚོའི་དབང་པོར་སྐྱོན་བྱུང་རུང་ང་ཚོའི་བསམ་བློར་སྐྱོན་ཤོར་མེད། ང་ཚོས་ད་དུང་ཀླད་པས་བསམ་བློ་གཏོང་བ་དང་ལག་པས་ལས་ཀ་བྱེད་ཀྱི་ཡོད།” ཅེས་བཤད་པ་ལྟར། དབུལ་བྲལ་འགག་སྒྲོལ་བྱེད་རིང་དུ་དབུལ་ཕོངས་མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་གྲ་རྒྱས་ཡར་འཕེལ་བྱུང་སྟེ། ཡིད་ཆེས་སྔར་བས་བརྟན་ཅིང་བློ་རིག་སྔར་བས་སྐྱེན་ལ་སེམས་ཤུགས་སྔར་བས་ཆེ་བ་སྟེ་ནང་བསམ་པ་ནས་ཕྱི་སྤྱོད་པའི་བར་དུ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། 

—— ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ནས་གྲོང་གསེབ་ཏུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་བྱུང་ཡོད། ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་བློ་རྩ་བརྟན་པོས་དང་ལེན་བྱས་ཏེ། ལྷག་སེམས་ཆེན་པོས་འགན་འཁྲིར་གཞོལ་ཞིང་བྱ་སྤྱོད་ཀྱི་ཐོག་ནས་དམ་བཅའ་ཉམས་ལེན་བྱས་ནས་མེ་རྫས་ཀྱི་དུ་ཞག་མེད་པའི་དབུལ་བྲལ་འགག་སྒྲོལ་གྱི་གཡུལ་ས་རུ་སེམས་ཤུགས་ཡོད་རྒུ་བཏོན་ནས་བྱས་རྗེས་བཞག་ཡོད། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པ་ཚོས་རྒྱལ་ཁབ་ཀྱི་དོན་དུ་རང་ཁྱིམ་བློས་བཏང་བ་དང་། དབུལ་ཕོངས་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ། ལོ་འཁོར་མོར་ལས་ཀ་འཕར་མ་བྱེད་པ། ངལ་བ་དང་འཁང་ར་བཟོད་པ། དཀའ་ངལ་ལ་འཕྲད་དུས་བརྟུལ་ཕོད་པ། གནད་འགག་ལ་ཐུག་དུས་ཨར་བརྟེན་པ་བཅས་ཀྱི་ཐོག་ནས་སེམས་ཤུགས་དང་རྔུལ་ཆུ་རི་ཀླུང་གྲངས་མེད་དང་དུད་ཁྱིམ་ཁྲི་སྟོང་མང་པོར་གཏོར་ཡོད། ཁོང་ཚོ་རི་བོ་མཐོ་ཤོས་ལ་འཛེགས་མྱོང་ཞིང་འཕྲང་ལམ་བཙན་ཤོས་ལ་བགྲོད་མྱོང་བ་དང་། མཐའ་འཁོབ་ཀྱི་གྲོང་སྡེར་བསྐྱོད་མྱོང་ཞིང་ཁྱིམ་ཚང་དབུལ་པོར་བསྡད་མྱོང་ལ། གང་དུ་དགོས་མཁོ་ཡོད་ན་དེ་རུ་འཐབ་འཛིང་བྱས་ཡོད། གྲོང་ཚོའི་ལས་བྱེད་པ་ལ་ལས་“ངས་ཇི་སྲིད་བར་དུ་ལས་ཀ་བྱེད་ཐུབ་ན། དེ་སྲིད་བར་དུ་གྲོང་ཚོའི་མི་སེར་གྱི་དོན་དུ་བྱ་བ་བསྒྲུབ་རྒྱུ་ཡིན། ངེད་གྲོང་ཚོའི་མི་སེར་རྣམས་ཀྱི་སྣེ་ཁྲིད་དེ་སྔར་བས་དགའ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པར་བྱ་རྒྱུ་ཡིན།” ཞེས་དང་། “ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས། ངས་ཅི་ནས་ཀྱང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མི་སེར་གྱི་དབུལ་ཕོངས་ཀྱི་རྩ་བ་མེད་པར་བཟོ་རྒྱུ་ཡིན།” ཞེས་བཤད་མྱོང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་སྒོ་ཀུན་ནས་བཏོན་ཏེ། ཏང་འཛུགས་སྐྲུན་གྱི་བྱ་བ་འཛིན་པ་དང་དབུལ་བྲལ་ལ་སྐུལ་འདེད་གཏོང་བའི་ནང་དུ་ཞུན་བརྡར་ཐོབ་པ་དང་། གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཚང་མས་“ཏང་ཡོན་གྱིས་སྣེ་ཁྲིད་མདུན་སྐྱོད་དང་། ང་ཚོས་རྗེས་འབྲངས་ནས་ལས་བརྩོན་བྱས་ན་དབུལ་བྲལ་ཡོང་བའི་རེ་བ་ཡོད།” ཅེས་དང་། “ང་ཚོ་རྒྱལ་དར་འགེལ་རྒྱུར་དགའ། རྒྱུ་མཚན་གང་ཡིན་ཟེར་ན་རྒྱལ་དར་ནི་བཀྲ་ཤིས་པའི་མཚོན་རྟགས་ཡིན་པས་རེད།” “ཆུ་འཐུང་རྒྱུ་བྱུང་བ་ཁྲོན་པ་འདྲུ་མཁན་གྱི་བཀའ་དྲིན་ཡིན། དབུལ་བྲལ་བྱུང་བ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན།” ཞེས་ཟེར་བ་ལྟར། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 

—— དབུལ་འཕྲི་བཅོས་སྐྱོང་གི་ཀྲུང་གོའི་དཔེ་སྲོལ་བཏོད་ནས་གོ་ལ་ཧྲིལ་པོའི་དབུལ་འཕྲིའི་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག་ཡོད། དབུལ་ཕོངས་ལས་ཐར་རྒྱུ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བཅོས་སྐྱོང་ལ་འཕྲད་པའི་དཀའ་གནད་འབུར་དུ་ཐོན་པ་ཞིག་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ད་ལྟའི་དབུལ་ཕོངས་ཚད་གཞི་ལྟར་རྩིས་བརྒྱབ་ན། རང་རྒྱལ་གྱི་གྲོང་ཚོའི་དབུལ་ཕོངས་མི་འབོར་དུང་ཕྱུར་7.7དབུལ་བྲལ་བྱུང་ཡོད་པ་དང་། འཛམ་གླིང་དངུལ་ཁང་གི་རྒྱལ་སྤྱིའི་དབུལ་ཕོངས་ཚད་གཞི་ལྟར་ན། རང་རྒྱལ་གྱི་དབུལ་འཕྲི་མི་འབོར་གྱིས་དུས་མཉམ་པའི་གོ་ལ་ཧྲིལ་པོའི་དབུལ་འཕྲི་མི་འབོར་གྱི་70%ཡན་ཟིན་ཡོད། ལྷག་པར་དུ་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཀྱི་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་བ་དང་། རྒྱལ་ཁབ་ཁ་ཤས་ཀྱི་དབུལ་ཕྱུག་བར་ཁྱད་ཆེན་པོར་གྱུར་པའི་རྒྱབ་ལྗོངས་འོག །རང་རྒྱལ་གྱིས་ལོ་10སྔ་སྣུར་གྱིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་》གྱི་དབུལ་འཕྲིའི་དམིགས་འབེན་མངོན་འགྱུར་བྱུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། ང་ཚོས་རྒྱལ་སྤྱིའི་དབུལ་འཕྲིའི་མཉམ་ལས་ཧུར་ཐག་ངང་སྤེལ་བ་དང་དབུལ་འཕྲིའི་རྒྱལ་སྤྱིའི་འགན་འཁྲི་ལག་ལེན་བསྟར་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་པ་དང་། འཛམ་གླིང་གི་དབུལ་འཕྲིའི་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་གཏོང་མཁན་བྱས་ཡོད། གནའ་དེང་དང་འཛམ་གླིང་ཧྲིལ་པོར་བལྟས་ཚེ། དུས་ཡུན་ཐུང་ཐུང་དེ་འདྲའི་ནང་དུ་མི་དུང་ཕྱུར་དུ་མ་དབུལ་བྲལ་བྱུང་བའི་རྒྱལ་ཁབ་གཅིག་ཀྱང་མེད་ལ། གྲུབ་འབྲས་འདི་ཀྲུང་གོའི་ཡིན་པར་མ་ཟད་འཛམ་གླིང་གིའང་ཡིན་པས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། 

ལོ་ངོ་8རིང་ངས་སྔ་རྗེས་སུ་ཀྲུང་དབྱང་གི་དབུལ་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་7གཙོ་སྐྱོང་བྱས་པ་དང་། དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་ཐེངས་50ལྷག་བྱས་ཤིང་། གཅིག་འདུས་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ལ་བསྐྱོད་ནས་དབུལ་པོ་ངོ་མར་ལྟ་རྒྱུ་རྒྱུན་འཁྱོངས་དང་། དབུལ་སྐྱོར་ངོ་མ་བྱེད་པ་དང་། དབུལ་པོ་ངོ་མ་སྐྱོར་བ། དབུལ་པོ་ངོ་མ་དབུལ་བྲལ་བཅས་ཀྱི་གནས་ཚུལ་དངོས་རྒྱུས་ལོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དབུལ་ཕོངས་མང་ཚོགས་དང་གདན་གཅིག་གི་སྟེང་དུ་བསྡད་ནས་ཕན་ཚུན་ཁ་བརྡ་བྱས་ཤིང་རྩིས་ཞིབ་ཕྲ་བརྒྱབ་སྟེ། དབུལ་བྲལ་འགག་སྒྲོལ་ལ་བརྟེན་ནས་བྱུང་བའི་འགྱུར་ལྡོག་ཆེན་པོ་དངོས་སུ་ཉམས་ཚོར་བླངས་པ་ཡིན། ངས་ས་གནས་ཁག་ཏུ་རྒྱ་ཆེའི་དབུལ་བྲལ་མང་ཚོགས་ཀྱི་ངོ་གདོང་ལས་ལྷག་བསམ་ཟོལ་མེད་ཀྱི་འཛུམ་མདངས་མཐོང་བྱུང་། དེ་ནི་དབུལ་བྲལ་འགག་སྒྲོལ་གྱི་བྱ་བར་ཚད་ཆེ་ཤོས་ཀྱི་ཁས་བླངས་པ་ཞིག་ཡིན་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ལྷག་སེམས་བཅངས་ནས་འབད་འབུངས་བྱས་པར་ཕུལ་བའི་ཚད་མཐོ་ཤོས་ཀྱི་གཟེངས་བསྟོད་ཅིག་རེེད་ལ། གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོར་ཞུས་པའི་སེམས་གསོ་ཡག་ཤོས་ཤིག་ཀྱང་རེད། 

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། 

དུས་རབས་ཀྱིས་དཔའ་བོ་སྐྱེད་སྲིང་བྱེད། །རླབས་ཆེན་ནི་ཕལ་བའི་ནང་ནས་འབྱུང་། །དབུལ་བྲལ་འགག་སྒྲོལ་གྱི་ལས་ཀའི་ནང་དུ་དབུལ་སྐྱོར་ལས་བྱེད་པ་ས་ཡ་དུ་མས་ཧུར་ཐག་འབད་ཐག་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ། དབུལ་ཕོངས་མང་ཚོགས་དང་བསམ་བློ་མཉམ་གཏོང་དང་། འཚོ་བ་མཉམ་སྐྱེལ། བྱ་བ་མཉམ་སྒྲུབ་བྱས་པ་དང་། ཡིད་གར་འོང་ཤོས་ཀྱི་མི་ཚེའི་དཔལ་ཡོན་དེ་དབུལ་བྲལ་བྱ་གཞག་ལ་ལེགས་སྐྱེས་སུ་ཕུལ་བས་མི་སེམས་འགུལ་བའི་སྔོན་ཐོན་བྱས་རྗེས་མང་པོ་བྱུང་ཡོད། ལོ་ངོ་35ཡི་རིང་ཐའེ་ཧང་རི་བོར་གཞི་བརྟན་པོར་བཅས་པའི་“ཡུས་ཀུང་གཉིས་པ་”བློ་མཐུན་ལི་པའོ་གོ་དང་། སློབ་གསོའི་དབུལ་སྐྱོར་གྱི་ལས་ལ་གཞོལ་ནས་རི་གྲོང་གི་བུ་མོའི་རེ་བའི་མེ་སོན་སྦར་མཁན་བློ་མཐུན་ཀྲང་ཀུའེ་མེ། དངོས་སྒྲུབ་ལ་བརྟེན་ནས་“ཆུ་བོ་འཕྲེད་བརྒལ་མ་ཐུབ་ན། །རང་སྲོག་བསྡོས་ནས་བགྲོད་ལམ་འདིང་། །”ཞེས་པའི་དམ་བཅའ་མངོན་པར་སྒྲུབ་མཁན་བློ་མཐུན་ཧོང་ཏ་ཧྥ། ཕ་ཡུལ་དུ་ལོག་ནས་བྱས་རྗེས་བཞག་ཅིང་དུས་རབས་གསར་པའི་ལང་ཚོའི་གླུ་གཞས་རྩོམ་མཁན་བློ་མཐུན་ཧོང་ཝུན་ཞིའུ། དབུལ་བྲལ་གྱི་གཡུལ་མདུན་དུ་གཞི་ཚུགས་ཤིང་སྟོབས་ཤུགས་ཡོད་དགུ་འདོན་མཁན་བློ་མཐུན་ཧོང་ཧྲི་ཡན་སོགས་དང་། དེ་བཞིན་ཐེངས་འདིར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་བཅས་ནི་ཁོང་ཚོའི་གྲལ་གྱི་ཕུལ་དུ་བྱུང་བའི་འཐུས་མི་རེད། ཁོང་ཚོ་ལས་འགའ་ཞིག་གིས་“དབུལ་བྲལ་འགག་སྒྲོལ་གྱི་ལམ་དུ་མི་ཁྲི་སྟོང་མང་པོ་ཡོད་ཅིང་། གུས་པ་ནི་དངོས་གནས་ཁོང་ཚོའི་གྲས་ཀྱི་རྡེའུ་ཆུང་ཆུང་ཙམ་ཡིན། དོན་དམ་དུ་མཇུག་མཐར་སླེབས་པའམ་དུས་དེ་རིང་ལ་སླེབས་དུས། དཀའ་སྡུག་ཡོད་མོད་ཀྱང་སྐྱིད་སྣང་ནི་དེ་ལས་ཆེ་བ་འདུག །”ཅེས་དང་། ལ་ལས་“དངུལ་གྱི་དོན་དུ་མ་རྒྱུགས་པ་དང་ཁེ་ཕན་དོན་དུ་མ་ཡོང་བ་ཡིན་ན་ད་གཟོད་ཞིང་པས་ཁྱོད་ལ་བློ་གཏོད་པ་དང་ཁྱོད་ཀྱི་སྐད་ཆ་ཉན་གྱི་རེད།” ཅེས་དང་། ཡང་ལ་ལས་“དཔྱད་རྩོམ་ས་གཞིའི་ཐོག་ཏུ་འབྲི་བ་དང་། དངོས་གནས་སའི་ནང་དུ་འབྲི་ཐུབ་ན། དེ་ལ་འཇོན་ཐང་ངོ་མ་ཟེར།” ཞེས་བཤད་ཡོད། 

དབུལ་བྲལ་འགག་སྒྲོལ་གྱི་འཐབ་རྩོད་ནང་དུ། བློ་མཐུན་1800ལྷག་གིས་དབུལ་བྲལ་འགག་སྒྲོལ་གྱི་འཐབ་ལམ་དུ་ཚེ་སྲོག་བཞག་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད། དབུལ་བྲལ་འགག་སྒྲོལ་ལ་ཚེ་སྲོག་ཕུལ་བའི་འདས་པོ་ཚོའི་མཛད་པ་དང་བྱས་རྗེས་ནི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་ལ་ཏང་དང་མི་དམངས་ཀྱིས་བརྗེད་མི་སྲིད་པ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་རང་སྲོག་བློས་གཏོང་མཁན་ཚོའི་གཉེན་ཉེ་ཚང་མར་བདག་གཅེས་བྱེད་དགོས་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་དཔའ་བོ་དཔེ་བཟང་ཅན་ཚོའི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཁྲབ་གྱོན་མཚོན་ཐོགས་ཀྱིས་བྱས་རྗེས་གསར་པ་འཇོག་པར་ལྕག་སྐུལ་བྱེད་དགོས། 

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། 

དབུལ་བྲལ་འགག་སྒྲོལ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་བསམ་བློའི་གཤིས་རྒྱུད་ལ་བརྟེན་པ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ལ་གསོག་འཇོག་བྱས་པའི་དངོས་པོའི་རྨང་གཞི་བརྟན་པོར་བརྟེན་པ། སྐབས་སྔ་མའི་རྗེས་སུ་ཕྱི་མ་མཐུད་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྒྲུབ་པར་བརྟེན་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་པ་བཅས་ཡིན། ང་ཚོས་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་ལ་གཞི་ཚུགས་པ་དང་དབུལ་འཕྲིའི་ཆོས་ཉིད་ངེས་ཤེས་བྱས་ལ། རྒྱུན་སྲོལ་ལས་བརྒལ་བའི་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཞིག་བཏོན་ནས་གནད་སྨིན་གོ་ཆོད་ཀྱི་སྲིད་ཇུས་ཀྱི་མ་ལག་དང་། ལས་ཀའི་མ་ལག །ལམ་ལུགས་ཀྱི་མ་ལག་བཅས་ཆ་ཚང་ཞིག་བཙུགས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་འཕྲིའི་འགྲོ་ལམ་དུ་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཕོངས་ལ་རྒོལ་བའི་རིགས་པའི་གཞུང་ལུགས་གྲུབ་ཡོད། 

—— ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་དབུལ་བྲལ་འགག་སྒྲོལ་ལ་སྲ་ཞིང་བརྟན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས་ཡོད། ང་ཚོས་ཏང་ཀྲུང་དབྱང་གིས་དབུལ་བྲལ་འགག་སྒྲོལ་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབུལ་བྲལ་འགག་སྒྲོལ་དེ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པའི་ནང་དུ་བཅུག་སྟེ། གཅིག་འདོམས་ཀྱིས་འཆར་འགོད་དང་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ང་ཚོས་ཀྲུང་དབྱང་གིས་གཅིག་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་འཛིན་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལ་ཤུགས་ཆེ་རུ་བཏང་ནས་རིམ་པ་ལྔའི་ཧྲུའུ་ཅི་ཡིས་དབུལ་སྐྱོར་འཛིན་པ་དང་ཏང་ཡོངས་སྐུལ་སློང་བྱས་ནས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྣམ་པ་བསྐྲུན་ཡོད། ང་ཚོས་དབུལ་བྲལ་འགག་སྒྲོལ་གྱི་འགན་འཁུར་པ་དང་པོའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་ཀྲུང་དབྱང་ལ་དབུལ་བྲལ་འགག་སྒྲོལ་གྱི་འགན་འཁྲི་ཡི་གེ་འཇོག་ཅིང་“དམ་བཅའ་བཀའ་ཡིག་”ལེན་པ་དང་། དབུལ་བྲལ་འགག་སྒྲོལ་བྱེད་རིང་ལ་དབུལ་ཕོངས་རྫོང་གི་ཏང་སྲིད་འགན་འཁུར་པ་གཙོ་བོ་བརྟན་ཆགས་ཡོང་རྒྱུ་མཐའ་འཁྱོངས་བྱས་ཡོད། ང་ཚོས་གྲོང་ཚོའི་ཏང་རྩ་འཛུགས་སྲོག་ཤིང་དུ་གྱུར་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཆ་འགྲིག་འཛུགས་སྐྲུན་ཡག་པོར་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་དེ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་བྲལ་ཕྱུག་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་ཡོད། ང་ཚོས་སྟོབས་ཤུགས་ཧྲག་པོ་གཅིག་སྡུད་བྱས་ཏེ་དབུལ་བྲལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་བཏང་བ་དང་། རྒྱལ་ཡོངས་སུ་ཁྱོན་བསྡོམས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁྲི་25.5དང་། ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁྲི་300ལྷག་བདམས་གཏོང་བྱས་པ་དེ་དག་གིས་ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁྲི་200ལ་ཉེ་བ་དང་གྲོང་ཚོའི་ལས་བྱེད་པ་ཁྲི་བརྒྱ་ཕྲག་དུ་མ་དང་མཉམ་དུ་དབུལ་སྐྱོར་གྱི་ལས་ཡུལ་མདུན་མར་འབད་འཐབ་བྱས་པ་དང་། དམར་མདངས་བཀྲ་བའི་ཏང་གི་དར་ཆ་ཐོག་མཐའ་བར་གསུམ་དུ་དབུལ་བྲལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་ལྷབ་ལྷུབ་ཏུ་སྐྱོད་པ་བྱུང་ཡོད། 

ཀྲུང་གོའི་གུང་ཁྲན་ཏང་ལ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བྱེད་ཤུགས་དང་། སྒྲིག་འཛུགས་བྱེད་ཤུགས། ལག་བསྟར་བྱེད་ཤུགས་བཅས་ལྡན་ཞིང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་མདུན་སྐྱོད་བྱེད་པའི་ཡིད་རྟོན་རུང་བའི་འགོ་ཁྲིད་སྟོབས་ཤུགས་ཡིན་པ་དོན་དངོས་ཀྱི་ཐོག་ནས་དངོས་ར་གསལ་འཕྲོད་བྱུང་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཕྱིན། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་སྐོང་ཐུབ་ངེས་རེད། 

—— མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མཉམ་དུ་ཕྱུག་འགྱུར་གྱི་འགྲོ་ལམ་དུ་བསྐྱོད་ཡོད། “རྒྱལ་ཁབ་སྐྱོང་ཐབས་དམ་པ་ནི། །དམངས་ཕྱུག་ལས་ཀྱི་ཐོག་མར་འཛིན། །”[7]ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སྲ་བརྟན་དུ་བཏང་སྟེ། དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་བཅོས། མཉམ་དུ་ཕྱུག་འགྱུར་བཅས་ཡོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པ་དང་། ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ། ཏང་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་བཅས་ནན་གྱིས་བསྟན་ཡོད། ང་ཚོས་མང་ཚོགས་ཀྱི་བློ་ལ་འབབ་ཚད་དེ་དབུལ་བྲལ་ཕན་འབྲས་འཇལ་བྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་དམངས་འཚོའི་དགོས་མཁོ་བསྐངས་ཡོད། ང་ཚོས་སྲིད་གཞུང་གི་གཏོང་འཇོག་གི་བྱེད་པོ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལས་གཞི་ཆེན་པོ་འགའ་ཞིག་ཉུང་དུ་གཏོང་དགོས་རུང་དབུལ་བྲལ་འགག་སྒྲོལ་ཐད་ཀྱི་གྲོན་དངུལ་གཏོང་སྒོ་འགོ་མ་བྱས་ནས་འགན་སྲུང་བྱས་ཡོད། ལོ་ངོ་8རིང་། ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་དང་རྫོང་བཅས་ཀྱི་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་གྲོན་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་ཁྲི་1.6ཙམ་བཏང་ཞིང་། དེའི་ནང་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱོན་བསྡོམས་སྒོར་དུང་ཕྱུར་6601བཏང་ཡོད། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་བཤམས་ཚུན། ས་ཞིང་སྣོན་འཕྲི་སྣ་སྦྲེལ་གྱི་ལྷག་འཕྲོའི་དམིགས་ཚད་ཞིང་ཆེན་བརྒལ་ནས་སྙོམ་སྒྲིག་བྱས་པ་དང་ཞིང་ཆེན་ནང་ཁུལ་དུ་འཁོར་རྒྱུག་བྱུང་བའི་གྲོན་དངུལ་སྒོར་དུང་ཕྱུར་4400ལྷག་ཟིན་པ་དང་། དབུལ་སྐྱོར་གྱི་འབོར་ཆུང་ཡིད་རྟོན་དངུལ་བུན་ཁྱོན་བསྡོམས་སྒོར་དུང་ཕྱུར་7100ལྷག་ཟིན་པ། དབུལ་སྐྱོར་དངུལ་བུན་བསྐྱར་མ་རིམ་བརྩིས་བྱས་ན་སྒོར་དུང་ཕྱུར་6688ཟིན་པ། དངུལ་རྩའི་དབུལ་སྐྱོར་གནད་འཕིགས་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.2ལྷག་ཟིན་པ། ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་9ཡིས་དབུལ་སྐྱོར་རམ་འདེགས་ས་ཁུལ་དུ་ནོར་སྲིད་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་གྲོན་དངུལ་སྒོར་དུང་ཕྱུར་1005ལྷག་བཏང་བ། ཤར་རྒྱུད་ས་ཁུལ་གྱི་ཁེ་ལས་དབུལ་སྐྱོར་རམ་འདེགས་ས་ཁུལ་དུ་བསྐྱོད་ནས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་ཁྲི་1ལྷག་བཏང་བ་སོགས་ཡིན། ང་ཚོས་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་གྲོན་དངུལ་གཅིག་འདོམས་ཀྱིས་སྡེབ་སྒྲིག་དང་བེད་སྤྱོད་བྱས་པ་དང་། དབུལ་སྐྱོར་གྲོན་དངུལ་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་གནད་ཐོག་ཏུ་སྤྱོད་རྒྱུ་འགན་ལེན་ཏན་ཏིག་བྱས་པ་ཡིན། དངུལ་བཏང་བ་དེས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་འཐོབ་པར་མ་དངུལ་གྱི་འགན་སྲུང་ཤུགས་ཆེན་བྱས་ཡོད། 

དོན་དངོས་ལས་སྒོ་ཀུན་ནས་ར་སྤྲོད་བྱས་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་ཞིག་སྒྲུབ་དགོས་ན་ངེས་པར་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། གོང་སྤེལ་ཡག་པོ་བཅས་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་ཀུན་སློང་དང་དམིགས་ཡུལ་བྱེད་དགོས་པ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་རྫོགས་ལ་ཕན་པའི་གསོས་སུ་སྒྲུབ་དགོས་པ་རེད། དེ་ཡང་ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དོན་དག་རེ་རེ་བཞིན་དུ་སྒྲུབ་ཅིང་ལོ་རེ་རེ་བཞིན་དུ་སྒྲུབ་པ་ཡིན་ཕྱིན། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་འབྱུང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད། 

—— རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་དགེ་མཚན་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབུལ་བྲལ་འགག་སྒྲོལ་གྱི་ཐུན་མོང་གི་འདོད་བློ་དང་ཐུན་མོང་གི་བྱ་སྤྱོད་ཆགས་པར་བྱས་ཡོད། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་དེ་བཞིན་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་བྱས་ནས་མཉམ་དུ་དབུལ་ཕོངས་ལ་དམག་བརྡ་བཏང་ཞིང་། རྒྱལ་ཡོངས་གོང་འོག་གཅིག་མཐུན་དང་སྟོབས་བསྒྲིལ་འགག་སྒྲོལ་བྱས་ཏེ། ཏང་སྲིད་དམག་དམངས་སློབ་ཀྱིས་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་པ་དང་། ཤར་ལྷོ་ནུབ་བྱང་དབུས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད། ང་ཚོས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རམ་འདེགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གིས་ཆ་སྒྲིག་རོགས་སྐྱོར་བྱེད་པར་སྐུལ་འདེད་བཏང་སྟེ། ཤེས་ལྡན་མི་སྣ་དང་། གྲོན་དངུལ། ལག་རྩལ་བཅས་དབུལ་ཕོངས་ས་ཁུལ་དུ་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ཡོད། ང་ཚོས་དམིགས་གཏད་དབུལ་སྐྱོར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། དམངས་གཙོའི་ཏང་ཤོག །མི་དམངས་ཚོགས་པ། གཞུང་ཁོངས་ཁེ་ལས། མི་དམངས་དམག་དཔུང་སོགས་ཚང་མས་བྱ་སྤྱོད་ཧུར་ཐག་སྤེལ་བས། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཚང་མར་རོགས་སྐྱོར་ཚན་པ་ཡོད་པར་གྱུར། ལས་རིགས་ཁག་གིས་ཆེད་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་ཐོན་ལས་ཀྱི་དབུལ་སྐྱོར་དང་། ཚན་རྩལ་གྱི་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། རིག་གནས་ཀྱི་དབུལ་སྐྱོར། བདེ་ཐང་གི་དབུལ་སྐྱོར། འཛད་སྤྱོད་ཀྱི་དབུལ་སྐྱོར་བཅས་བྱས་ཡོད། དམངས་གཉེར་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་སྤྲོ་སེམས་འཁོལ་བའི་ངང་ཞུགས་ཏེ་“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར་བྱེད་པའི་”བྱ་སྤྱོད་དབྱར་མཚོ་རྒྱས་པ་བཞིན་སྤེལ་ཡོད། ང་ཚོས་ཆེད་དམིགས་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་གཅིག་ཁ་གཅིག་གསབ་བྱེད་པའི་དབུལ་སྐྱོར་ཆེན་པོའི་བཀོད་པ་བསྐྲུན་ཏེ། ས་ཁུལ་ལས་བརྒལ་བ་དང་། སྡེ་ཁག་ལས་བརྒལ་བ། ཚན་པ་ལས་བརྒལ་བ། སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པ་བཅས་ཀྱི་སྤྱི་ཚོགས་དབུལ་སྐྱོར་མ་ལག་ཆགས་པར་བྱས་ཡོད། དབུལ་སྐྱོར་དགེ་ལས་ཁྲི་སྟོང་མང་པོས་སྤྱི་ཚོགས་ཀྱི་བརྩེ་བ་ཆེན་པོ་གསལ་པོར་མཚོན་པ་དང་རི་རབ་སྒུལ་ཞིང་རྒྱ་མཚོ་སྐྱོམ་པ་ལྟ་བུའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། 

ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཉེན་ཁ་དང་འགྲན་སློང་བཀག་འགོག་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་བྱེད་པའི་རྩ་བའི་ཁག་ཐེག་ཡིན་པ་དོན་དངོས་ཀྱི་ཐོག་ནས་དངོས་ར་གསལ་འཕྲོད་བྱུང་ཡོད། དེ་ཡང་ང་ཚོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ་ཡིན་ཕྱིན། དབུལ་བྲལ་འགག་སྒྲོལ་ལྟ་བུའི་བྱ་བ་ཆེན་པོ་དང་སྒྲུབ་དཀའ་བ་སྔར་ལས་མང་བ་སྒྲུབ་ཐུབ་པ་དང་། རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་ཐུབ་ངེས་རེད། 

—— དབུལ་སྐྱོར་གནད་འཕིགས་ཀྱི་ཐབས་ཇུས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ནས་དབུལ་ཕོངས་ཀྱི་འབྱུང་ཁུངས་གཙང་སེལ་བྱས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་དབུལ་བྲལ་འགག་སྒྲོལ་བྱེད་ན་གནད་ལ་འཕིགས་རྒྱུར་གཅེས་པ་དང་གནད་ལ་འཕིགས་རྒྱུ་གལ་ཆེ་བ་ཡིན་པ་གཙིགས་ཆེན་བྱེད་ཀྱི་ཡོད། ང་ཚོས་དབུལ་སྐྱོར་བྱ་ཡུལ་ལ་ཞིབ་ཚགས་ཅན་གྱི་དོ་དམ་བྱ་རྒྱུ་དང་། དབུལ་སྐྱོར་ཐོན་ཁུངས་བགོ་སྒྲིག་གནད་འཁེལ་བྱ་རྒྱུ། དབུལ་སྐྱོར་བྱ་ཡུལ་ལ་གནད་འཕིགས་ཅན་གྱི་རོགས་སྐྱོར་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ཡིག་ཚགས་དང་ཁཱ་བཟོས་ཀྱི་ཆ་འཕྲིན་མ་ལག་བཙུགས་ནས་དབུལ་སྐྱོར་གྱི་ཐོན་ཁུངས་དེ་དབུལ་སྐྱོར་བྱ་ཡུལ་དང་དབུལ་ཕོངས་ས་ཁུལ་དུ་དངོས་འབྲེལ་སྤྱོད་ཐུབ་པ་འགན་ལེན་ཏན་ཏིག་བྱས་ཡོད། སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ། ཕྱིར་འཐེན་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ང་ཚོས་སྲིད་ཇུས་ཀྱི་ཐབས་མང་མཉམ་སྤྱོད་བྱས་ནས་གྲོང་ཚོ་དང་དུད་ཚང་དང་མི་སྒེར་བཅས་ལ་བསྟུན་ནས་སྲིད་ཇུས་སྤྱོད་པ་དང་། དབུལ་ཕོངས་ཀྱི་རྒྱུ་རྐྱེན་ལ་བསྟུན་ནས་ཐབས་ཇུས་སྤྱོད་པ། དབུལ་ཕོངས་ཀྱི་རིགས་དབྱེ་ལ་བསྟུན་ནས་སྲིད་ཇུས་སྤྱོད་པ་བཅས་ཀྱི་སྒོ་ནས་རྣག་ཐོག་ཁབ་གཙགས་དང་དམིགས་གཏད་སྨན་བཅོས་བྱས་ཏེ། དབུལ་ཕོངས་ཀྱི་གཞི་རྩ་འབྱིན་པའི་ནུས་པ་ངོ་མ་འདོན་སྤེལ་བྱས་ཡོད། ང་ཚོས་ཕར་ཆིན་རྒྱག་པའི་སྙིང་རུས་བསྐྱེད་ནས་རོགས་སྐྱོར་གནད་དུ་སྨིན་པ་དང་རྩ་བར་ཐུག་པ་དང་ཁྱིམ་ཚང་ལ་སླེབས་པ་ཞིག་བྱེད་དགོས་པ་དང་། ཆ་སྙོམས་གྲངས་ཀས་མང་ཆེ་བ་འགེབས་པ་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་གསར་སྤེལ་ཅན་གྱི་དབུལ་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་ཕོངས་ཐག་གཅོད་པའི་རྩ་བའི་ཐབས་ལམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་མཐུན་རྐྱེན་ཡག་ཏུ་བཏང་བ་དང་། འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་ནས་“གཞན་བརྟེན་རྣམ་པའི་”དབུལ་སྐྱོར་ནས་“རང་བརྟེན་རྣམ་པའི་”རོགས་སྐྱོར་དུ་བསྒྱུར་ཏེ། འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སེལ་གྱི་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་དང་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་ཐབས་ལམ་བརྟན་ཤོས་ཆགས་པ་བྱས་ཡོད། ང་ཚོས་སློབ་གསོ་ཞེས་པའི་དབུལ་བྲལ་ཕྱུག་འགྱུར་གྱི་རྩ་བའི་ཐབས་ཇུས་འདི་དམ་འཛིན་བྱས་ཏེ། ཇི་ལྟར་དབུལ་ཡང་སློབ་གསོ་དབུལ་མི་རུང་ལ། ཇི་ལྟར་དབུལ་ཡང་བྱིས་པ་དབུལ་མི་རུང་བ་དང་། བྱིས་པ་རྣམས་རྒྱུག་ཤར་གྱི་འགོ་རྩོམ་ས་ནས་ཕམ་དུ་འཇུག་མི་རུང་བར་འབད་བརྩོན་སྒོས་བྱིས་པ་ཚང་མར་མི་ཚེའི་གྲུབ་འབྲས་ཐོན་པའི་གོ་སྐབས་སྤྲད་ནས་དབུལ་ཕོངས་ཉིད་མི་རབས་ཕྱི་མ་ཕྱི་མར་རྒྱུད་པ་བར་གཅོད་གང་ནུས་བྱས་ཡོད། 

དབུལ་སྐྱོར་གནད་འཕིགས་ནི་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་ཅིག་ཡིན་པ་དང་། གསར་སྤེལ་ཅན་གྱི་དབུལ་སྐྱོར་བྱེད་ཕྱོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་འཕྲིའི་འགྲོ་ལམ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་པ་དོན་དངོས་ཀྱི་ཐོག་ནས་དངོས་ར་གསལ་འཕྲོད་བྱུང་ཡོད། དེ་ཡང་ང་ཚོས་གནད་ལ་འཕིགས་པའི་ཚན་རིག་དང་མཐུན་པའི་བྱེད་ཐབས་རྒྱུན་འཁྱོངས་དང་གནད་ལ་འཕིགས་པའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་གཏོང་བའི་ཐབས་ཤེས་ལ་བརྟེན་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་ཡིན་ཕྱིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པར་ཚན་རིག་དང་མཐུན་པའི་ཐབས་ལམ་དང་ཕུགས་བརྟན་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་ཐུབ་ངེས་རེད། 

—— རྒྱ་ཆེའི་དབུལ་ཕོངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབུལ་བྲལ་གྱི་རང་སྐྱེའི་སྒུལ་ཤུགས་ངར་སློང་བྱས་ཡོད། “ཕུགས་ཀྱི་འདུན་མ་བརྟན་བྱེད་པའི། །དཀའ་བའི་གནས་ནི་ཕ་རོལ་ལས། །རྣམ་པར་རྒྱལ་བ་མ་ཡིན་གྱི། །རང་ལས་རྣམ་པར་རྒྱལ་བ་ཉིད། །”[8]དབུལ་བྲལ་བྱེད་ན་ངེས་པར་དུ་བསམ་བློའི་འདུ་ཤེས་ཐད་ཀྱི་དབུལ་ཕོངས་ལས་ཐར་དགོས། ང་ཚོས་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་དབུལ་བྲལ་འགག་སྒྲོལ་གྱི་སྒུལ་ཤུགས་ཆེན་པོར་འགྱུར་རྒྱུ་གཙིགས་སུ་བཟུང་ནས་དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་བྱས་ཏེ་ཁུག་མ་དང་བསམ་བློ་གཉིས་ཀ་ཕྱུག་པོ་ཆགས་པ་དང་། དབུལ་ཕོངས་མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་བ་དང་ལས་དབང་ལ་འགྱུར་ལྡོག་གཏོང་བར་སྣེ་ཁྲིད་བྱས་ཡོད། ང་ཚོས་དབུལ་ཕོངས་མང་ཚོགས་ལ་“བསྲན་ནས་སྡོད་པ་ལས་དཀའ་བས་སྒྲུབ་ན་དགའ་བའི་”འདུ་ཤེས་སྐྱེད་རྒྱུར་སྣེ་ཁྲིད་དང་། “ཡིད་ཆེས་ཡོད་གྱུར་ན། །ས་སེར་གསེར་དུ་འགྱུར། །”ཞེས་པའི་ངར་ཤུགས་སྐུལ་སློང་། “འདབ་ཆགས་ཉམ་ཆུང་སྔོན་ལ་འཕུར། །ཆུ་ཐིགས་ཟགས་ནས་ཕ་བོང་བརྟོལ། །”ཞེས་པའི་སེམས་ཤུགས་སྲ་བརྟན་བཅས་བྱས་ཏེ། ཁོང་ཚོར་སྤྲོ་བ་རྒྱས་པ་དང་ལས་སྒོ་རྩོམ་དུ་བཅུག་པ་ཡིན། དབུལ་བྲལ་མང་ཚོགས་ཀྱིས་བཤད་དོན། “ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས། ང་ཚོས་ངང་སྒུག་དང་སོམ་ཉིའི་ངང་ནས་མི་སྡོད་པར་ང་རྒྱུག་ཁྱོད་རྒྱུག་བྱས་ཕྱིན་ཅིས་ཀྱང་འཚོ་བ་ཡག་པོ་སྐྱེལ་ཐུབ་ངེས་རེད།” “འཚོ་བས་ང་ལ་འགྱུར་ལྡོག་བཏང་ཞིང་། ངས་ཀྱང་འཚོ་བར་འགྱུར་ལྡོག་བཏང་ཡོད།” 

མི་དམངས་ནི་དཔའ་བོ་ངོ་མ་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་རང་སྐྱེའི་སྒུལ་ཤུགས་སྐུལ་སྤེལ་གཏོང་བ་ནི། མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དོན་དངོས་ཀྱི་ཐོག་ནས་དངོས་ར་གསལ་འཕྲོད་བྱུང་ཡོད། དེ་ཡང་ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་དོན་དུ་བརྩོན་རྒྱུ་དང་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་བྱེད་པོའི་གོ་གནས་དང་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་མི་དམངས་མང་ཚོགས་ཀྱི་ནང་དུ་གནས་པའི་བློ་གྲོས་དང་སྟོབས་ཤུགས་སྒོ་ཀུན་ནས་ངར་སློང་བྱས་པ་ཡིན་ཕྱིན། ཧ་ལས་དགོས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་སྔར་ལས་མང་བ་རྒྱུན་ཆད་མེད་པར་སྐྲུན་ཐུབ་ངེས་རེད། 

—— ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དཀའ་སེལ་དབུལ་སྐྱོར་གྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད། ང་ཚོས་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བར་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་འགྲོ་གྲོགས་སྡོད་གྲོགས་དང་། ཕྱར་བ་གྲུ་འདེགས། དཀའ་སེལ་དབུལ་སྐྱོར་བཅས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་ལ་དབུལ་ཕོངས་མང་ཚོགས་ལ་བདག་གཅེས་དང་། དབུལ་འཕྲིའི་བྱ་གཞག་ལ་སེམས་ཁུར། དབུལ་བྲལ་བྱ་སྤྱོད་ལ་ཐེ་ཞུགས་བཅས་བྱེད་པར་ཁྲིད་སྟོན་བྱས་པ་ཡིན། ང་ཚོས་སྤྱི་ཚོགས་སྐུལ་སློང་གི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། སྤྱི་ཚོགས་ཐེ་ཞུགས་ཀྱི་ལས་སྟེགས་འཛུགས་སྐྲུན་བྱས་ཤིང་། སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས་མི་ཚང་མས་བྱེད་འདོད་པ་དང་། མི་ཚང་མས་བྱེད་ཆོག་པ། མི་ཚང་མས་བྱེད་ནུས་པ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོར་གྱི་རྣམ་པ་ཆགས་པར་བྱས་ཡོད། 

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་མི་སེམས་གཅིག་སྒྲིལ་དང་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ་དོན་དངོས་ཀྱི་ཐོག་ནས་དངོས་ར་གསལ་འཕྲོད་བྱུང་ཡོད། དེ་ཡང་ང་ཚོས་བློ་རྩ་བརྟན་པོས་ཀུན་སྤྱོད་དོན་གཉེར་དང་སྤྱི་ཚོགས་ཡོངས་ཀྱི་ཡར་བརྩོན་དགེར་ཕྱོགས་ཀྱི་དྲང་ནུས་རྒྱུན་ཆད་མེད་པར་སྐུལ་སློང་བྱས་པ་ཡིན་ཕྱིན། ཀྲུང་ཧྭ་མི་རིགས་ཀྱིས་རླུང་བརྟེན་རླབས་གཤག་དང་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པར་འཛད་མཐའ་བྲལ་བའི་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱེད་ཐུབ་ངེས་རེད། 

—— བདེན་འཚོལ་དངོས་སྒྲུབ་དང་ནན་ཏན་མཐར་སྐྱེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབུལ་སྐྱོར་ངོ་མ་བྱེད་པ་དང་། དབུལ་པོ་ངོ་མ་སྐྱོར་བ། དབུལ་པོ་ངོ་མ་དབུལ་བྲལ་ཡོང་བ་བཅས་བྱས་ཡོད། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་དབུལ་བྲལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་དཀྱུས་གཅིག་ཏུ་བསྟར་ཏེ། ལྕགས་ལ་ལག་རྗེས་དང་རྡོ་ལ་རྐང་རྗེས་འཇོག་པའི་ངར་ཤུགས་བཏོན་ནས་དབུལ་བྲལ་འགག་སྒྲོལ་མཐར་མ་ཐུག་བར་དུ་དམ་འཛིན་བྱས་པ་ཡིན། ང་ཚོས་ཁྲིད་ཕྱོགས་དོན་ལྡན་དང་སྒྲིག་ལམ་ནན་པོ་གཙིགས་སུ་བཟུང་བ་ལས། ཁྲ་ཁྲ་མ་ཁྲ་དང་ཁ་སྟོང་ཚིག་སྟོང་དང་ཚུལ་འཆོས་ཀྱི་བྱ་བ་ནི་སྤེལ་མེད་ལ། ཧ་རེ་ཧུ་རེ་དང་ཁ་ཡོད་ཚད་ལ་བུ་རམ་སྟེར་བ་ལྟ་བུར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་། དོན་དངོས་དང་མི་མཐུན་པའི་“ངོ་སོའི་ལས་གྲྭ་”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ལས་དོན་མཐའ་དག་དབུལ་ཕོངས་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་པའི་སྟེང་དུ་དོན་འཁྱོལ་ཡོང་བར་བྱས་ཡོད། ང་ཚོས་གཟབ་ནན་ཆེ་ཤོས་ཀྱི་དཔྱད་ཞིབ་དཔྱད་དཔོག་ལག་བསྟར་བྱས་ཤིང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱས་པ་དང་། ཕྱོགས་མཐའ་ཡོངས་ཀྱི་ལྟ་སྐུལ་མ་ལག་བཙུགས་ཏེ་དབུལ་བྲལ་གྱི་དོན་འབྲས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་མིང་དོན་མཚུངས་པར་ཐེག་ཐུབ་པ་བྱས་ཡོད། 

བཀོད་སྒྲིག་ཆ་གཅིག་ལ་དོན་འཁྱོལ་ཆ་དགུ་བྱས་ཤིང་། དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྡུག་རུས་བྱས་པས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་དམག་འཐབ་ཡག་པོ་རྒྱག་ཐུབ་པ་ཁག་ཐེག་བྱུང་བ་དོན་དངོས་ཀྱི་ཐོག་ནས་དངོས་ར་གསལ་འཕྲོད་བྱུང་ཡོད། དེ་ཡང་ང་ཚོས་དངོས་སྒྲུབ་རྒྱལ་དར་དང་དངོས་སྒྲུབ་དམངས་ཕན་རྒྱུན་འཁྱོངས་བྱས་པ་ཡིན་ཕྱིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་གོམ་པ་རིམ་བགྲོད་ཀྱིས་མངོན་འགྱུར་བྱེད་ཐུབ་ངེས་རེད། 

ཉམས་མྱོང་དང་ངོས་ཟིན་གལ་ཆེན་འདི་དག་ནི་རང་རྒྱལ་གྱི་དབུལ་བྲལ་འགག་སྒྲོལ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱི་དབུལ་ཕོངས་ལ་རྒོལ་བའི་སྐོར་གྱི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས། 

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། 

བྱ་གཞག་རླབས་པོ་ཆེས་སྙིང་སྟོབས་རླབས་པོ་ཆེ་སྐྱེད་སྲིང་བྱེད་པ་དང་། སྙིང་སྟོབས་རླབས་པོ་ཆེས་བྱ་གཞག་རླབས་པོ་ཆེར་སྣེ་ཁྲིད་བྱེད་པ་རེད། དབུལ་བྲལ་འགག་སྒྲོལ་གྱི་འཐབ་རྩོད་རླབས་པོ་ཆེས་“གོང་འོག་སེམས་པ་གཅིག་མཐུན་དང་། ཧྲག་དམག་གཡུལ་འདྲེན། དངོས་སྒྲུབ་གནད་འཕིགས། གསར་གཏོད་སྲོལ་འབྱེད། འགག་སྒྲོལ་དཀའ་སེལ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་”བཅས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་ཞུན་བརྡར་སྲོལ་འབྱེད་བྱས་ཡོད། དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་ནི། ཀྲུང་གོའི་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ། ཀྲུང་གོའི་མི་དམངས་ཀྱི་འདོད་བློ་དང་གཤིས་རྒྱུད། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་བཅས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཡིན་ལ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དགོངས་པའི་གཅིག་བསྡུས་ཀྱི་མངོན་ཚུལ་ཡིན་ཞིང་། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ཀྱི་གསལ་སྟོན་དཔྱིས་ཕྱིན་པ་ཞིག་ཡིན་པ་དང་སྦྲགས། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་རླབས་པོ་ཆེ་མུ་མཐུད་ནས་རྒྱུན་འཛིན་བྱས་ཡོད། ཏང་ཡོངས་དང་རྒྱལ་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་འབད་འཐབ་བྱས་ཏེ་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་བློ་རྩ་བརྟན་པོས་ཁྱད་གསོད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རྒྱལ་ཁ་གསར་པ་སྔར་ལས་ཆེན་པོ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས། 

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། 

དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེའི་ཐོག་ནས་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དགའ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པ་དང་མཉམ་དུ་ཕྱུག་འགྱུར་ཡོང་བའི་འགྲོ་ལམ་ཐོག་ཏུ་བརྟན་པོའི་ངང་གོམ་པ་ཆེན་པོ་ཞིག་སྤོས་པ་མཚོན་ཡོད། དེ་དང་ཆབས་ཅིག་ཏུ་དབུལ་ཞྭ་ཕུད་པ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་ས་ཡིན་པ་ལས་མཇུག་བསྡུ་ས་མིན། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་བྱེད་པ་བཅས་ནི་སྔར་བཞིན་ལས་འགན་ལྗིད་ལ་ལམ་ཐག་རིང་བས། ང་ཚོར་ང་རྒྱལ་ཁེངས་དྲེགས་དང་རྣམ་གཡེང་བག་ཕེབས་བྱེད་པའི་རྒྱུ་མཚན་གང་ཡང་མེད་ལ། ངེས་པར་དུ་བབ་བསྟུན་འཕྲལ་སྒྲུབ་དང་ཡང་འབད་བསྐྱར་འབད་ཀྱིས་མུ་མཐུད་ནས་འབད་འཐབ་བྱེད་དགོས། 

“རྣམ་པར་རྒྱལ་བ་མི་དཀའ་སྟེ། །ལྷོད་མེད་རྒྱུན་འཁྱོངས་ཤིན་ཏུ་དཀའ། །”[9]ང་ཚོས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་དོན་ལྡན་བྱེད་པའི་ལས་དོན་ཁག་ཏན་ཏན་ཏིག་ཏིག་གིས་ཡག་པོར་བསྒྲུབས་ཏེ། དབུལ་བྲལ་གྱི་རྨང་གཞི་སྔར་བས་བརྟན་པོ་དང་ཕན་འབྲས་སྔར་བས་རྒྱུན་མཐུད་ཡོད་པ་བྱེད་དགོས། དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ཇུས་གཏོགས། སྔ་ཙམ་ནས་རོགས་སྐྱོར་བཅས་བྱེད་དགོས། དབུལ་བྲལ་ས་ཁུལ་གྱི་ཐོན་ལས་ལ་ཡུན་རིང་སྐྱེད་སྲིང་དང་རྒྱབ་སྐྱོར་བྱས་ནས་རང་སྐྱེ་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། གནས་སྤོས་དབུལ་སྐྱོར་མང་ཚོགས་ལ་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་དགོས་ཤིང་། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་དོ་དམ་ལ་ཤུགས་བརྒྱབ་ནས་སྤྱི་ཚོགས་སུ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་བྲལ་རྫོང་ལ་རྟ་ཕོར་བསྐྱོན་ནས་སྐྱེལ་མ་བྱེད་པ་ལྟ་བུའི་རོགས་སྐྱོར་བྱ་རྒྱུ་དང་བར་བརྒལ་དུས་སྐབས་འཇོག་དགོས་ལ། རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱི་ཆ་ནས་བརྟན་ཆགས་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་དང་། ཤར་རྒྱུད་དང་ནུབ་རྒྱུད་རོགས་འདེགས། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་ལ་གཞིགས་ནས་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གིས་དུས་དང་བསྟུན་ནས་དབུལ་བྲལ་གྲུབ་འབྲས་སྲ་བརྟན་དུ་བཏང་རྗེས་ཀྱི་དཔྱད་དཔོག་ལས་དོན་སྤེལ་རྒྱུ་ཐག་བཅད་དེ། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགན་འཁྲི་དམ་འཛིན་དང་དོན་འཁྱོལ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་མི་འབྱུང་བའི་མཐའ་ཚད་བློ་རྩ་བརྟན་པོས་སྲུང་དགོས། 

གྲོང་གསེབ་དར་རྒྱས་གཏོང་བ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ལས་འགན་གལ་ཆེན་ཞིག་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལས་བྱུང་བའི་དུས་བབ་གསར་པ་དང་བཏོན་པའི་བླང་བྱ་གསར་པར་དམིགས་ཏེ། “ཞིང་གསུམ་”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་འགོ་མ་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འགྲོ་ལམ་དུ་སྐྱོད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མཐུད་ངང་ཆུང་དུ་གཏོང་དགོས་ཤིང་། ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་ཞན་པའི་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཐོག །དེང་རབས་ཅན་གྱི་འཕེལ་རིམ་ནང་དུ་རྗེས་སུ་མི་ལུས་པར་རྗེས་ཟིན་པར་བྱེད་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གཏིང་ཟབ་ཚད་དང་། ཁྱབ་ཆེ་ཚད། དཀའ་ཚེགས་ཆེ་ཚད་བཅས་ནི་དབུལ་བྲལ་འགག་སྒྲོལ་ལས་མི་དམའ་བས། སྲིད་ཇུས་ཀྱི་མ་ལག་དང་། ལས་དོན་གྱི་མ་ལག །ལམ་ལུགས་ཀྱི་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས་པ་དང་། སྔར་བས་ནུས་པ་ཆེ་བའི་ཐབས་བཀོད་སྤྱོད་ལ་སྔར་བས་དྲག་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ་དང་། ཞིང་ལས་སྤུས་ཚད་དང་ལས་ཕྱོད་མཐོ་བ་དང་། གྲོང་གསེབ་གཞིས་སྡོད་དང་ལས་གཉེར་ལ་འཕྲོད་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། 

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གོ་གནས་སུ་བཞག་སྟེ། ཏན་ཏན་ཏིག་ཏིག་དང་ནན་ནན་བཅགས་བཅགས་ཀྱིས་དམིགས་འབེན་དེར་ཕྱོགས་ནས་སྔར་ལས་ཧུར་བརྩོན་དོན་ལྡན་གྱི་སྒོ་ནས་འབད་བརྩོན་བྱེད་པ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་ལས་འདོད་པ་གང་བ་དང་། སྔར་ལས་འགན་སྲུང་ལྡན་པ། སྔར་ལས་རྒྱུན་མཐུད་ཡོད་པ་བཅས་བྱེད་དགོས། 

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། 

འདས་དོན་ལ་ཕྱི་མིག་བལྟས་ཚེ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་རིང་གི་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་དུ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་བླངས་ཡོད་པ་དང་། མིའི་རིགས་ཀྱི་དབུལ་འཕྲིའི་ལོ་རྒྱུས་ཐོག་ཏུ་བྱས་རྗེས་ངོ་མཚར་ཅན་བསྐྲུན་ཡོད། མ་འོངས་པར་རྒྱང་ལྟ་བྱས་ཚེ། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འདུན་པ་ཆེན་པོའི་དོན་དུ་འབད་འཐབ་བྱེད་བཞིན་ཡོད། རྒྱང་སྐྱོད་འཐབ་ལམ་བཤུལ་ཐག་རིང་། །འབད་པས་བསྐྱོད་ལས་ཐབས་གཞན་ཅི། །ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་ཆེར་བསྐྱེད་དང་། རྣམ་གཡེང་ཀུན་ནས་སྤོང་བའི་སྙིང་སྟོབས་བསྐྱེད་པ་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་ཉམས་སྟབས་ཐོག་ནས་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་སྡུག་རུས་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་དགོས། 

མཆན་འགྲེལ། 

[1] ཆུས་ཡོན་(སྤྱི་ལོའི་སྔོན་གྱི་339ལོ་ནས་སྤྱི་ལོའི་སྔོན་གྱི་278ལོ་ཡས་མས་)ནི་ཀྲན་གོའི་དུས་སྐབས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་སྙན་ངག་མཁན་དང་ཆབ་སྲིད་པ་ཞིག་ཡིན། 

[2] ཀྲན་གོའི་དུས་སྐབས་ཀྱི་ཆུས་ཡོན་གྱི་《སྙན་ངག་ལི་སའོ་》ཞེས་པར་གསལ། 

[3] ཏུའུ་ཧྥུ་(712 — 770)ནི་ཀུང་རྫོང་(ད་ལྟའི་ཧོ་ནན་ཀུང་དབྱི་གྲོང་ཁྱེར་)དུ་འཁྲུངས་ལ། ཐང་རྒྱལ་རབས་ཀྱི་སྙན་ངག་མཁན་ཞིག་ཡིན། 

[4] ཐང་རྒྱལ་རབས་ཀྱི་ཏུའུ་ཧྥུའི་《སྤྱིལ་བུ་རླུང་གིས་གཏོར་བའི་སྐྱོ་གླུ་》ཞེས་པར་གསལ། 

[5] སུན་ཀྲུང་ཧྲན་གྱི་《དམག་ཕྱོགས་སྲིད་གཞུང་གི་བསྒྲགས་གཏམ་》(《སུན་ཀྲུང་ཧྲན་གྱི་གསུང་རྩོམ་གཅེས་བསྡུས།》སྟོད་ཆ། མི་དམངས་དཔེ་སྐྲུན་ཁང་གི་2011ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་82པ།)ཞེས་པར་གསལ། 

[6] འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ནི་ཉེན་ཁ་ཆེན་པོ་འགོག་ཟོན་དང་ཁྱད་གསོད་བྱེད་པ་དང་། དབུལ་སྒྲོལ་གནད་འཕིགས། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཟེར། 

[7] ཧན་རྒྱལ་རབས་ནུབ་མའི་སི་མ་ཆན་གྱི་《ལོ་རྒྱུས་ཡིག་ཚང་•ཕིང་ཅིན་ཧོའུ་དང་ཀྲུའུ་ཧྥུ་ཡན་གྱི་རྟོགས་བརྗོད་》ཅེས་པར་གསལ། 

[8] 《ཧན་ཧྥེ་ཙི་•ལའོ་ཙིའི་བཤད་པ་》ཞེས་པར་གསལ། 

[9] 《ཧོའེ་ནན་ཙི་•ཏའོ་གཞུང་ཉམས་ལེན་ཞིབ་དཔྱད་》ཅེས་པར་གསལ། 

༄༅། །མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

(2021ལོའི་ཟླ་8ཚེས་17ཉིན།) 

བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ང་ཚོའི་ཏང་གིས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། དབུལ་ཞིང་ཕོངས་པ་ནི་སྤྱི་ཚོགས་རིང་ལུགས་མིན་པ་ཤེས་རྟོགས་བྱུང་བ་དང་། སྲོལ་རྒྱུན་སྒྲིག་སྲོལ་གྱི་འཆིང་རྒྱ་གཏོར་ཞིང་། མི་ཁག་ཅིག་དང་ས་ཁུལ་ཁག་ཅིག་སྔོན་ལ་ཕྱུག་པོར་འགྱུར་དུ་བཅུག་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དུས་རིམ་གྱི་འགྱུར་ལྡོག་གསར་པ་སྟངས་འཛིན་བྱས་ཏེ། མི་དམངས་ཡོངས་རྫོགས་རིམ་བཞིན་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གོ་གནས་སུ་བཞག་སྟེ། ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་པ། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱས་པ་བཅས་ཀྱི་ཐོག་ནས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། ད་ལྟ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་སླེབས་ཡོད། 

ད་ལྟ་ང་ཚོ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་བསྟུན་ནས་མི་དམངས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དེ་སྔར་ལས་ལྷག་པར་སྐོང་དགོས་ན། ངེས་པར་དུ་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཤུགས་འདོན་ས་བྱེད་དགོས་པ་དང་། ཏང་གིས་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱང་ཚད་མཐོ་བའི་ངལ་རྩོལ་པ་དགོས་ཤིང་། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མཐོ་རུ་གཏོང་བ། མི་ཤུགས་མ་རྩ་མཐོ་རུ་གཏོང་བ་བཅས་བྱས་ན་ད་གཟོད་བདག་རྐྱེན་ཧྲིལ་པོའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱི་རྨང་གཞི་སྲ་བརྟན་གཏོང་ཐུབ། མིག་སྔར་གོ་ལ་ཧྲིལ་པོའི་ཡོང་འབབ་འདྲ་མཉམ་མིན་པའི་གནད་དོན་མངོན་གསལ་དོད་པ་དང་། རྒྱལ་ཁབ་ལ་ལའི་དབུལ་ཕྱུག་མཐའ་གཉིས་སུ་གྱེས་ཤིང་། འབྱོར་འབྲིང་རིམ་གྲས་ཉིལ་ནས་སྤྱི་ཚོགས་གཏོར་ཕྲལ་དང་། ཆབ་སྲིད་མཐར་ལྷུང་། དམངས་འདོད་རིང་ལུགས་གང་སར་ཁྱབ་པ་བཅས་བྱུང་བས། བསླབ་བྱ་ཧ་ཅང་གཏིང་ཟབ་པོ་ཡིན། རང་རྒྱལ་གྱིས་ངེས་པར་དུ་མཐའ་གཉིས་སུ་གྱེས་པ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་བརླིང་ཡོང་བར་བྱེད་དགོས། 

དུས་མཚུངས་སུ། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་ཅུང་ཟད་ཆེ་བ་དེ་ངོས་འཛིན་གསལ་པོ་བྱེད་དགོས། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། ལས་ཞུགས་དང་ཡོང་འབབ་བགོ་བཤའི་ཐད་ལའང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་དང་། དེར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འགའ་ཤས་ཀྱང་ཚུད་ཡོད་པས། ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་དགོས། 

མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཡང་ཡིན། ང་ཚོས་བཤད་པའི་མཉམ་དུ་ཕྱུག་འགྱུར་ཡོང་བ་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་དེ་ཡིན་ལ། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕྱུག་འགྱུར་ཡོང་རྒྱུ་དེ་ཡིན་པ་ལས། མི་ཉུང་ཤས་ཕྱུག་པོར་འགྱུར་རྒྱུ་ནི་མིན་ལ། གོམ་སྟབས་གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་ཀྱང་མིན། 

དུས་རིམ་མི་འདྲ་བའི་དམིགས་འབེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ལ། དུས་རིམ་དབྱེ་ནས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་མཇུག་ཏུ་སླེབས་དུས། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་གོམ་སྟབས་བརྟན་པོ་སྤོས་ཏེ། གྲོང་མིའི་ཡོང་འབབ་དང་དངོས་ཡོད་འཛད་སྤྱོད་ཆུ་ཚད་ཀྱི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་གཏོང་དགོས། 2035ལོར་སླེབས་དུས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་བྱུང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་གཞི་རྩའི་ཐོག་མངོན་འགྱུར་དང་། གྲོང་མིའི་ཡོང་འབབ་དང་དངོས་ཡོད་འཛད་སྤྱོད་ཆུ་ཚད་ཀྱི་ཧེ་བག་དེ་ལུགས་མཐུན་གྱི་བར་མཚམས་སུ་ཆུང་དུ་གཏོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་རྩ་གནད་གཏན་འབེབས་བྱ་རྒྱུ་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དམིགས་ཚད་ཀྱི་མ་ལག་དང་དཔྱད་ཞིབ་དཔྱད་འཇོག་བྱེད་ཐབས་འདོན་དགོས། 

མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བར་གཤམ་གསལ་གྱི་རྩ་དོན་ཁག་སྟངས་འཛིན་བྱེད་དགོས། 

—— ལས་ལ་བརྩོན་ཞིང་གསར་གཏོད་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་སྐུལ་ལྕག་གཏོང་དགོས། བདེ་སྐྱིད་ཀྱི་འཚོ་བ་ཚང་མ་འབད་འཐབ་བྱས་ནས་བྱུང་བ་ཡིན་ཞིང་། མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་ནི་འབད་འཐབ་དང་བློ་གྲོས་ལ་བརྟེན་ནས་གསར་སྐྲུན་བྱེད་དགོས། འཕེལ་རྒྱས་གཏོང་རིང་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཨང་དང་པོར་འཇོག་པ། མི་དམངས་ཀྱི་སློབ་གསོ་མྱོང་ཚད་མཐོར་འདེགས་གཏོང་བ་དང་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བར་སྔར་ལས་ཀུན་ཕན་དྲང་སྙོམས་ཀྱི་ཆ་རྐྱེན་བསྐྲུན་ཏེ། སྤྱི་ཚོགས་ཡོངས་ཀྱི་མི་ཤུགས་མ་རྩ་དང་ཆེད་ལས་ནུས་རྩལ་ཇེ་མཐོར་གཏོང་བ་དང་། ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་རིམ་གྲས་གཏན་ཆགས་ཅན་དུ་འགྱུར་བ་སྔོན་འགོག་དང་། ཡས་ཕྱོགས་སུ་འཁོར་རྒྱུག་བྱེད་པའི་འགྲོ་ལམ་ཤར་རྒྱུག་ཡོང་བར་བྱས་ནས་མི་སྔར་ལས་མང་པོར་ཕྱུག་འགྱུར་གྱི་གོ་སྐབས་སྐྲུན་དགོས་པ་དང་། མི་ཚང་མ་ཞུགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཆགས་པར་བྱས་ནས་“ནང་རྨུག་”དང་“སྐྱིད་ཉལ་”ལས་གཡོལ་དགོས། 

—— གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ལ་གཞི་ཚུགས་ཏེ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”[1]རྒྱུན་འཁྱོངས་བྱེད་དགོས། སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བར་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་ཐོན་པའི་ནུས་པ་གལ་ཆེན་འདོན་སྤེལ་ཤུགས་ཆེན་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་ཏུ་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་གཏོང་དགོས། མི་ཁག་ཅིག་སྔོན་ལ་ཕྱུག་པོར་འགྱུར་ཆོག་པར་བྱེད་པ་དང་ཆབས་ཅིག་ཏུ་སྔོན་ལ་ཕྱུག་པོར་གྱུར་པས་རྗེས་སུ་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་དང་རོགས་རམ་བྱ་རྒྱུ་གཙིགས་སུ་བཟུང་ནས་དཀའ་སྤྱད་ངལ་རྩོལ་དང་། ཁྲིམས་མཐུན་གཉེར་སྐྱོང་། ལས་གཏོད་བྱེད་ཕོད་པ་བཅས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་གཙོ་གནད་དུ་བཟུང་ནས་སྐུལ་ལྕག་གཏོང་དགོས། ལམ་ལོག་བརྒྱུད་ནས་ཕྱུག་འགྱུར་བྱེད་པ་དར་སྤེལ་གཏོང་མི་རུང་ལ། ཁྲིམས་འགལ་ལུགས་འགལ་བྱས་རིགས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། 

—— གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྤྱི་པའི་སྲིད་ཇུས་མ་ལག་བཙུགས་ཏེ། “བག་ལེབ་”བགོ་བཤའ་ཡག་པོ་བརྒྱབ་ནས་མི་ཚང་མས་སྤྱད་ཆོག་པའི་ལུགས་མཐུན་གྱི་བགོ་བཤའི་རྣམ་པ་ཆགས་པར་བྱེད་དགོས། ཤུགས་ཚད་སྔར་ལས་ཆེ་བ་དང་ཐབས་བཀོད་སྔར་ལས་དོན་ལྡན་ལ་བརྟེན་ནས་མི་དམངས་མང་ཚོགས་ལ་ཐོབ་སྣང་སྔར་ལས་ཆེ་བ་སྐྱེ་བར་བྱེད་དགོས། དེ་དང་ཆབས་ཅིག་ཏུ་རང་རྒྱལ་གྱི་འཕེལ་རྒྱས་ཆུ་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་ད་དུང་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་ཤེས་དགོས། དགོས་མཁོ་དང་འབྱུང་སྲིད་པ་གཉིས་ལ་གཅིག་འདོམས་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་ནོར་ཤུགས་རྒྱུན་མཐུད་ཐུབ་པའི་རྨང་གཞིའི་ཐོག་འཛུགས་དགོས་པ་ལས། འདོད་ཆེན་ཆེ་རློམ་དང་། ཧམ་སེམས་ཆེན་པོས་ཁ་བཤད་དོན་ལ་གནས་མི་ཐུབ་པའི་ཁས་ལེན་བྱེད་མི་རུང་། སྲིད་གཞུང་གིས་ཡོད་ཚད་འགན་ལེན་བྱེད་མི་རུང་ཞིང་། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། མཐའ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འགན་སྲུང་འཛུགས་སྐྲུན་ལ་གཙོ་གནད་དུ་ཤུགས་རྒྱག་དགོས། སླད་ཕྱིན་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་མཐོ་བ་དང་། ནོར་ཤུགས་སྔར་ལས་གྱ་ནོམ་པ་བྱུང་བའི་དབང་དུ་བཏང་ནའང་། དམིགས་འབེན་མཐོ་དྲགས་པ་འདོན་མི་རུང་ཞིང་འགན་སྲུང་ཐལ་དྲགས་པ་བྱེད་མི་རུང་ལ། “ཕན་བདེ་རིང་ལུགས་”ཀྱིས་ལེ་ལོ་ཅན་གསོ་བའི་རྒྱ་རྙིར་ཚུད་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། 

—— བབ་བསྟུན་རིམ་འཇུག་རྒྱུན་འཁྱོངས་བྱེད་དགོས། མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་ནི་ཕུགས་རིང་གི་དམིགས་འབེན་ཞིག་ཡིན་པས། བརྒྱུད་རིམ་ཞིག་དགོས་པ་ལས་སྒྲུབ་ཐེངས་གཅིག་ལ་འགྲུབ་མི་སྲིད། དེའི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་སྔོན་ཚོད་དཔྱིས་ཕྱིན་པ་བྱེད་དགོས་ཤིང་། བྱ་བ་དེ་ཡག་པོར་སྒྲུབ་དགོས་ན་སྒུག་ཅིང་སྡོད་མི་ཉན་ལ། བྲེལ་འཚུབ་ཀྱང་བྱེད་མི་ཉན། དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ལས་བཟོ་ལས་ཅན་ལོ་ངོ་བརྒྱ་ཕྲག་ཁ་ཤས་སུ་སྤེལ་ཡོད་མོད། འོན་ཀྱང་སྤྱི་ཚོགས་ལམ་ལུགས་ཀྱི་དབང་གིས་ད་ལྟའི་བར་དུ་མཉམ་དུ་ཕྱུག་འགྱུར་ཡོང་བའི་གནད་དོན་ད་དུང་ཐག་གཅོད་ཐུབ་མེད་པར་མ་ཟད། དབུལ་ཕྱུག་བར་གྱི་ཧེ་བག་ཆེ་བའི་གནད་དོན་སྔར་ལས་ཚབས་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ངང་རྒྱུད་རིང་པོས་བྱ་བ་རེ་རེ་བཞིན་ཡག་པོར་བསྒྲུབས་ནས་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བའི་ཀྲེ་ཅང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོར་འཛིན་པ་དང་། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་ཕན་འབྲས་ལྡན་པའི་ཐབས་ལམ་འཚོལ་ཞིབ་བྱེད་པར་སྐུལ་མ་བཏང་ནས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་རིམ་བཞིན་ཁྱབ་སྤེལ་གཏོང་དགོས། 

སྤྱིའི་བསམ་ཕྱོགས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ལས་ཆོད་དང་དྲང་སྙོམས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་པ། བགོ་བཤའ་ཐོག་མ་དང་། བགོ་བཤའ་ཐེངས་གཉིས་པ། བགོ་བཤའ་ཐེངས་གསུམ་པ་བཅས་མཐུན་སྦྱོར་ཆ་འགྲིག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་པ། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་མ་ཟད་གནད་འཁེལ་རང་བཞིན་མཐོར་འདེགས་བཏང་སྟེ། ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་བསྡུར་ཚད་ཇེ་ཆེར་གཏོང་བ་དང་། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ། ཡོང་འབབ་མཐོ་བའི་མི་ཚོགས་སྙོམ་སྒྲིག་ལུགས་མཐུན་བྱེད་པ། ཁྲིམས་འགལ་ཡོང་འབབ་མེད་པར་བཟོ་བ་བཅས་ཀྱི་ཐོག་ནས་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་མང་བ་དང་ཡོང་འབབ་དམའ་བ་དང་མཐོ་བའི་མི་ཚོགས་ཉུང་བའི་སྐྱུ་རུ་རའི་དབྱིབས་ཀྱི་བགོ་བཤའི་གྲུབ་ཚུལ་ཆགས་པར་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་ཕྱོགས་སུ་ནན་ནན་བཅགས་བཅགས་ཀྱིས་སྐྱོད་དགོས། 

དང་པོ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཁོང་ཡངས་རང་བཞིན་བཅས་མཐོར་འདེགས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་མགྱོགས་པོར་གཏོང་བ་དང་། འཕེལ་རྒྱས་སྔར་བས་དོ་མཉམ་དང་། སྔར་བས་མཐུན་སྦྱོར། སྔར་བས་ཁོང་ཡངས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་ཁག་གི་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ས་ཁོངས་ཀྱི་མི་རེའི་ཆ་སྙོམས་ནོར་སྲིད་གཏོང་སྒོའི་ཁྱད་པར་ཆུང་དུ་གཏོང་བ་དང་། དར་རྒྱས་ཞན་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་རིགས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། སྒེར་སྡེམ་ལས་རིགས་ཀྱི་བསྒྱུར་བཅོས་མགྱོགས་སུ་བཏང་ནས་དངུལ་རྩ་དང་ས་ཁང་ཐོན་ལས་དེ་དངོས་གཞིའི་དཔལ་འབྱོར་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཁེ་ལས་ཆེ་འབྲིང་ཆུང་གསུམ་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྐུལ་སྤེལ་བྱེད་པའི་ཁེ་ལས་འཕེལ་རྒྱས་ཀྱི་སྐྱེ་ཁམས་སྐྲུན་དགོས། 

གཉིས་པ། ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། གཙོ་གནད་དམ་འཛིན་དང་གནད་འཁེལ་ཇུས་འདོན་བྱས་ནས་ཡོང་འབབ་དམའ་བའི་མི་ཚོགས་སྔར་ལས་མང་པོ་ཞིག་ཡོང་འབབ་འབྲིང་གྲས་སུ་ཚུད་པར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ནི་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་སུ་ཚུད་རེ་ཡོད་པའི་ཕྱོགས་གལ་ཆེན་ཞིག་ཡིན་པས། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཐུན་མོང་མ་ཡིན་པའི་ཡོན་ཏན་སློབ་པ་དང་བསླབས་གོ་ཆོད་པར་བྱེད་དགོས་ལ། ཁོ་ཚོར་རོགས་རམ་བྱས་ནས་མགྱོགས་མྱུར་ངང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་དགོས། ལག་རྩལ་བཟོ་པའང་ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ནུས་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་བཟོ་པའི་གླ་ཕོགས་ཐོབ་ཐང་མཐོ་རུ་བཏང་ནས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་ཞིག་ལག་རྩལ་བཟོ་པའི་དཔུང་ཁག་ཏུ་འགུག་ཐབས་བྱེད་དགོས། ཁེ་ལས་འབྲིང་ཆུང་གི་བདག་པོ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ནི་ལས་གཏོད་ཕྱུག་འགྱུར་གྱི་མི་ཚོགས་གལ་ཆེན་ཞིག་ཡིན་པས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་། ཁྲལ་གླའི་ཁུར་པོ་ཡང་དུ་གཏོང་བ། ཚོང་ར་ཅན་གྱི་དངུལ་རྩའི་ཞབས་ཞུ་སྔར་ལས་མང་བ་འདོན་སྤྲོད་བཅས་བྱས་ནས་ཁོ་ཚོར་རོགས་རམ་བྱས་ཏེ་གཉེར་སྐྱོང་བརྟན་པོ་དང་རྒྱུན་མཐུད་འབབ་འཕར་ཡོང་བར་བྱེད་དགོས། གྲོང་ཁྱེར་དུ་ཡོང་བའི་གླ་རྒྱག་ཞིང་པ་ནི་ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས། ཐེམ་ཐོའི་ལམ་ལུགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་དང་། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་དང་མཉམ་དུ་སྤོས་ཡོང་བའི་བུ་ཕྲུག་གི་སློབ་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཁོ་ཚོ་བློ་བདེ་པོའི་ངང་གྲོང་ཁྱེར་དུ་བསྐྱོད་དེ་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས། གཞུང་ཞབས་པ་དང་ལྷག་པར་དུ་གཞི་རིམ་གྱི་གཡུལ་ས་མདུན་མའི་གཞུང་ཞབས་པ་དང་གཞུང་ཁོངས་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་གཞི་རིམ་ལས་བཟོ་པའི་གླ་ཕོགས་ཐོབ་ཐང་ཇེ་མཐོར་འོས་འཚམ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་། གྲོང་གསེབ་ཀྱི་ས་ཞིང་། དངུལ་རྩའི་རྒྱུ་ནོར་སོགས་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་སྣ་ཚོགས་འཕར་སྣོན་གཏོང་དགོས། 

གསུམ་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། ཡོང་འབབ་དམའ་བའི་མི་ཚོགས་ནི་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་གཙིགས་སུ་བཟུང་ནས་རོགས་སྐྱོར་འགན་སྲུང་བྱེད་དགོས་པའི་མི་ཚོགས་ཤིག་ཡིན། ཀུན་ཕན་རང་བཞིན་གྱི་མི་ཤུགས་ལ་མ་རྩ་འཇོག་ཤུགས་ཇེ་ཆེར་གཏོང་བ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་གསོའི་ཁུར་པོ་ཕན་འབྲས་ལྡན་པར་ཡང་དུ་གཏོང་བ། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་བུ་ཕྲུག་ལ་སློབ་གསོ་ཐོབ་པའི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱེད་དགོས། རྒན་གསོ་དང་སྨན་བཅོས་འགན་སྲུང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བཟོ་པ་དང་ཡུལ་མིའི་བར་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་མ་དངུལ་གྲབས་གསོག་དང་འགན་སྲུང་ཐོབ་ཐང་གི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། མཐའ་སྐྱོར་རོགས་སྐྱོབ་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚད་གཞིའི་ཁྱད་པར་གང་མགྱོགས་ཇེ་ཆུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་བ། གཞི་རྩའི་འཚོ་བའི་མ་མཐའ་སྲུང་བ་བཅས་བྱེད་དགོས། སྡོད་ཁང་འདོན་སྤྲོད་དང་འགན་སྲུང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། བོགས་ཉོ་མཉམ་འཛིན་དང་། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་དང་ཡུན་རིང་བོགས་གཏོང་ཁང་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། ཡུལ་མི་གསར་པའི་སྡོད་ཁང་གི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་ཡག་པོ་བཅས་བྱེད་དགོས། 

བཞི་པ། ཡོང་འབབ་མཐོན་པོ་ཚད་ལྡན་དུ་གཏོང་བ་དང་སྙོམས་སྒྲིག་བྱེད་པར་ཤུགས་རྒྱག་དགོས། ཁྲིམས་ལྟར་ཁྲིམས་མཐུན་ཡོང་འབབ་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག་ཏུ་མཐའ་གཉིས་སུ་གྱེས་པ་བཀག་འགོག་དང་བགོ་བཤའ་དྲང་སྙོམས་མིན་པ་མེད་པར་བཟོ་དགོས། ཡོང་འབབ་མཐོ་དྲགས་པ་ལུགས་མཐུན་སྒོས་སྙོམས་སྒྲིག་དང་། སྒེར་འབབ་དཔྱ་ཁྲལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མ་རྩའི་རང་བཞིན་གྱི་ཐོབ་ཆ་དོ་དམ་བྱེད་ཐབས་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ས་ཁང་ཐོན་ལས་དཔྱ་ཁྲལ་གྱི་ཁྲིམས་འཛུགས་དང་བསྒྱུར་བཅོས་ལ་བརྟན་བརླིང་དང་ཧུར་བརྩོན་ངང་སྐུལ་འདེད་གཏོང་དགོས་ལ་ཚོད་ལྟ་བྱེད་གནས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། འཛད་སྤྱོད་ལྷུ་ཚིགས་ཀྱི་ཁྲལ་བསྡུ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ཁྱབ་ཁོངས་ཞིབ་འཇུག་བྱས་ནས་རྒྱ་སྐྱེད་གཏོང་དགོས། སྤྱི་ཕན་དགེ་ལས་བྱ་གཞག་ཚད་ལྡན་ངང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་བཟོས་ཏེ། ཡོང་འབབ་མཐོ་བའི་མི་ཚོགས་དང་ཁེ་ལས་སྔར་ལས་མང་པོས་སྤྱི་ཚོགས་ལ་དྲིན་གཟོ་བར་སྐུལ་ལྕག་གཏོང་དགོས། ལུགས་དང་མི་མཐུན་པའི་ཡོང་འབབ་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། སྒེར་སྡེམ་ལས་རིགས་དང་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་བགོ་བཤའི་དོ་དམ་ལ་ཤུགས་རྒྱག་པ། ཡོང་འབབ་བགོ་བཤའི་སྒྲིག་ལམ་དག་ཐེར་ལེགས་བཅོས། བསྒྱུར་བཅོས་ཀྱི་མིང་ཐོག་ནས་རྣམ་པ་བསྒྱུར་ཏེ་མཐོ་རིམ་དོ་དམ་པའི་ཡོང་འབབ་འཕར་སྣོན་གཏོང་བ་སོགས་ཀྱི་བགོ་བཤའ་རྙོག་ཟིང་གཙང་བཤེར་བཅས་བྱེད་དགོས། བློ་ཐག་རྦད་ཆོད་ཀྱིས་ཁྲིམས་འགལ་གྱི་ཡོང་འབབ་མེད་པར་གཏོང་བ་དང་། དབང་དངུལ་བརྗེ་འཚོང་བཀག་འགོག་བྱེད་པ། ནང་མོལ་ཉོ་ཚོང་དང་། རྐང་འཛིན་ཚོང་རར་ཁ་ལོ་སྒྱུར་བ། ནོར་དོན་རྫུན་བཟོ་བྱེད་པ། ཁྲལ་གཡོལ་ཁྲལ་ཆད་སོགས་ཁྲིམས་འགལ་གྱི་ཡོང་འབབ་ལེན་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས། 

ལོ་མང་འཚོལ་ཞིབ་བྱས་པ་བརྒྱུད་དེ་ང་ཚོར་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཆ་ཚང་ཞིག་མངའ་ཡོད་མོད། འོན་ཀྱང་ཕྱུག་འགྱུར་ཇི་ལྟར་བྱ་རྒྱུའི་གནད་དོན་ཐད་ད་དུང་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱེད་དགོས་ཀྱི་ཡོད། ཐོན་དབང་དང་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་ཁྲིམས་མཐུན་ཕྱུག་འགྱུར་སྲུང་སྐྱོབ་བྱེད་དགོས། མ་རྩ་སྒྲིག་ལམ་མེད་པར་རྒྱ་སྐྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཚོར་སྐྱེན་ཁྱབ་ཁོངས་ཀྱི་ཞུགས་འཐུས་ལ་བཀག་རྒྱའི་གསལ་ཐོ་འགོད་དགོས་ལ། སྒེར་སྡེམ་ལ་རྒོལ་བའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ཏུ་ཁེ་ལས་པའི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་བྱས་ཏེ་མ་རྩ་སྣ་ཚོགས་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 

ལྔ་པ། མི་དམངས་ཀྱི་བསམ་པའི་འཚོ་བ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་གཉིས་ནི་ཚད་མཐོའི་གཅིག་གྱུར་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། སྤྱི་པའི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་། རིམ་མང་ཅན། ཕྱོགས་མང་ཅན་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ངོས་འཛིན་རབ་རིབ་སྣ་ཚོགས་གསལ་པོ་བཟོ་བ། ཧོབ་རྒྱུག་འཕྲལ་སྒྲུབ་བྱེད་པ་དང་དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་བཀག་འགོག་བཅས་བྱས་ཏེ། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱེད་དགོས། 

དྲུག་པ། ཞིང་པ་དང་གྲོང་གསེབ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་ནི་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། གྲོང་གསེབ་མཉམ་དུ་ཕྱུག་འགྱུར་ཡོང་བའི་ལས་དོན་དམ་འཛིན་བྱེད་དགོས་མོད། འོན་ཀྱང་དབུལ་བྲལ་འགག་སྒྲོལ་དང་འདྲ་བའི་གཅིག་གྱུར་གྱི་གྲངས་ཀ་ཅན་གྱི་དམིགས་ཚད་འདོན་མི་རུང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་དེ་བཞིན་ཐེ་ཇུས་སྔ་ཙམ་བྱ་རྒྱུར་ཤུགས་རྒྱག་པ། དབུལ་བྲལ་རྫོང་ལ་རྟ་ཐོག་ཏུ་བསྐྱོན་ནས་ཕེབས་སྐྱེལ་ཞུ་བ་ལྟ་བུའི་རོགས་རམ་བཅས་བྱས་ནས་གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོ་གསར་པ་མི་ཆགས་པའི་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་ལས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱེད་པ། ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཡུལ་མི་སྔར་ལས་མང་པོ་ལས་བརྩོན་ཕྱུག་འགྱུར་ཡོང་བར་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། 

སྤྱིར་ན་ངའི་འདོད་ཚུལ་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པ་དང་འདྲ་བར། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་ནི་དོན་སྤྱི་ཞིག་ཡིན་པ་དེ་སྤྱི་ཚོགས་ཡོངས་ལ་དམིགས་ནས་བཤད་པ་ཡིན་པས། གྲོང་ཁྱེར་དང་གྲོང་གསེབ་ཁ་ཁ་སོ་སོ་དང་། ཡང་ན་ཤར་རྒྱུད་དབུས་རྒྱུད་ནུབ་རྒྱུད་བཅས་པའི་ས་ཁུལ་ཁ་ཁ་སོ་སོར་ཕྱེ་ནས་དམིགས་ཚད་རེ་འདོན་མི་རུང་བར། ཁྱོན་ཡོངས་ལ་གཞིགས་ནས་ལྟ་དགོས། ང་ཚོས་མི་འབོར་དུང་ཕྱུར་14མཉམ་དུ་ཕྱུག་འགྱུར་ཡོང་བར་བྱེད་དགོས་ན། ངེས་པར་དུ་ཏན་ཏན་ཏིག་ཏིག་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། མི་ཚང་མ་དུས་མཉམ་དུ་ཕྱུག་འགྱུར་ཡོང་མི་ཐུབ་ལ། ས་ཁུལ་ཡོད་ཚད་དུས་མཉམ་དུ་འབྱོར་ཕྱུག་གི་ཆུ་ཚད་གཅིག་ཏུ་སླེབས་མི་ཐུབ། མི་ཚོགས་མི་འདྲ་བའི་ཕྱུག་འགྱུར་བྱུང་ཚད་མཐོ་དམན་ཡོད་པར་མ་ཟད། དུས་ཚོད་ཀྱི་ཐད་ལའང་སྔ་ཕྱི་ཡོད་སྲིད་པ་དང་། ས་ཁུལ་མི་འདྲ་བའི་ཕྱུག་འགྱུར་བྱུང་ཚད་ལ་ཁྱད་པར་ངེས་ཅན་ཡོད་སྲིད་པས། དཔུང་གཤིབ་མཉམ་སྐྱོད་བྱེད་མི་ཐུབ་པ་རེད། དེ་ནི་འགུལ་རྣམ་གྱི་སྒོ་ནས་གོང་དུ་འཕེལ་བའི་བརྒྱུད་རིམ་ཞིག་ཡིན་པས་རྒྱུན་ཆགས་སུ་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་པར་བྱེད་དགོས། 

མཆན་འགྲེལ། 

[1] “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”ཞེས་པ་ནི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པར་གོ་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།