༄༅། །རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ཡག་པོར་སྒྲུབ་དགོས།
(2020ལོའི་ཟླ་2ཚེས་3ཉིན།)
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ་དེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་དང་ཐད་ཀར་འབྲེལ་བ་ཡོད་ལ། རང་རྒྱལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་ལའང་འབྲེལ་བ་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། ཇུས་འདོན་གནད་སྨིན་བཅས་ཀྱི་བླང་བྱ་ལྟར་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས་དུས་ཚོད་ལ་རྒྱུགས་འགྲན་དང་། ནད་གདོན་ལ་རྟིང་རྩོད་བྱས་ཏེ་རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དུ་གཤམ་གསལ་གྱི་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོར་འཛིན་དགོས་པ་སྟེ།
དང་པོ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་རྒྱལ་ཡོངས་ཇུས་གཅིག་གཤོམ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་གང་གསུང་དེ་སྒྲུབ་བྱེད་ཐུབ་དགོས། ད་ལྟ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡིན་མོད། འོན་ཀྱང་ལྷུ་ཚིགས་ཞན་ས་དང་དོ་སྣང་བྱེད་དགོས་པའི་གནད་དོན་འགའ་ཤས་ཀྱང་གནས་ཡོད་པས། ངེས་པར་དུ་སྟོང་ཆ་གསབ་པ་དང་ཞན་ཆ་སེལ་རྒྱུ་དམ་འཛིན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་སྨན་བཅོས་འཕྲོད་བསྟེན་གྱི་གནད་དོན་ཁོ་ན་ཙམ་མིན་པར་ཕྱོགས་ཡོངས་ཀྱི་ལས་དོན་ཞིག་དང་སྤྱི་ཡོངས་ཀྱི་དམག་འཐབ་ཅིག་ཡིན་པས། ལས་དོན་ཁག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་དང་ལས་དོན་ཁག་ལའང་རྒྱུན་ཆད་མེད་པར་གནས་ཚུལ་གསར་པ་དང་གནད་དོན་གསར་པར་འཕྲད་ཡོད་པས་རྗེས་འདེད་དམ་ཟབ་དང་། དུས་ཐོག་ཏུ་དབྱེ་ཞིབ། བྱ་སྤྱོད་འཕྲལ་སྤེལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་དང་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ལས་དོན་ཁག་ཡག་པོར་སྒྲུབ་དགོས།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྔོན་འགོག་ཚོད་འཛིན་ཐབས་བཀོད་སྤྱོད་སྐབས། ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གའི་སྔོན་འགོག་ཚོད་འཛིན་དགོས་མཁོར་བསམ་བློ་གཏོང་དགོས་ལ། གཙོ་གནད་ས་ཁུལ་དང་རྒྱལ་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལའང་བསམ་བློ་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བའི་རིགས་ལ་སྐྱོན་བརྗོད་བྱེད་ཕོད་པ་དང་འཕྲལ་མར་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས། གཅིག་གྱུར་གྱི་བཀོད་འདོམས་དང་བཀོད་གཏོང་བརྩི་སྲུང་མི་བྱེད་པ་དང་། རང་གནས་རིང་ལུགས་ཚབས་ཆེ་བ། འགན་འཁུར་མི་ཕོད་པ་དང་། སྤྱོད་ཚུལ་མི་བཟང་བ། ཁག་འགན་ཕར་དཀྲི་ཚུར་དཀྲི་བྱེད་པ་བཅས་ཀྱི་རིགས་ལ་ཐད་ཀར་འགན་འཁྲི་འཁུར་མཁན་གྱི་འགན་འཁྲི་བདའ་འདེད་བྱེད་པ་ཕུད། ཉེས་ཚབས་ཆེ་རིགས་ད་དུང་ཏང་སྲིད་འགོ་ཁྲིད་པ་གཙོ་བོར་འགན་འཁྲི་རྩད་གཅོད་བྱེད་དགོས། འགན་ཤོར་ལས་འཛོལ་བྱུང་རིགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས།
གཉིས་པ། གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་རྒྱག་དགོས། སྟོབས་ཤུགས་གཅིག་བསྡུས་ཀྱིས་གཙོ་གནད་ས་ཁུལ་གྱི་རིམས་ནད་ཚོད་འཛིན་བྱེད་ཐུབ་ན་ད་གཟོད་རྒྱལ་ཡོངས་ཀྱི་རིམས་ནད་མཆེད་ཚུལ་རྩ་བ་ནས་བསྒྱུར་ཐུབ། ས་ཁོངས་ཁག་བར་གྱི་འགོག་བཅོས་སྟོབས་ཤུགས་གཅིག་འདོམས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཡག་པོར་འཛིན་པ་དང་། སྐྱོབ་བཅོས་ཐོན་ཁུངས་དང་འགོག་སྲུང་ཐོན་ཁུངས་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་གཅིག་སྡུད་བྱས་ཏེ། འཐབ་ཕྱོགས་དང་པོའི་སྨན་པ་དང་ནད་གཡོག་མི་སྣ་དང་ནད་པ་སྐྱོབ་བཅོས་ཀྱི་དགོས་མཁོ་འགོ་མ་བྱས་ནས་སྐོང་དགོས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་། ས་གནས་གཞན་དག་གི་ནད་པ་ལའང་མང་ཆེ་བར་ཧུའུ་པེ་ནས་ཐུག་རེག་བྱུང་རབས་ཡོད། ཧུའུ་པེའི་རིམས་ནད་འགོག་བཅོས་བརྟན་པོ་བྱུང་ན་རྒྱལ་ཡོངས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་ཐུབ་པ་རེད། ཕྱོགས་གཅིག་ནས་མུ་མཐུད་དུ་ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་བརྒྱབ་སྟེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྔ་ཙམ་ནས་རྟོགས་པ་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་ལོགས་བཀར། སྔ་ཙམ་ནས་སྨན་བཅོས་བཅས་ཀྱི་ཐབས་བཀོད་དོན་འཁྱོལ་ནན་པོ་བྱེད་པ་དང་། རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་རྒྱག་པ་དང་། ནད་པ་གཅིག་སྡུད་སྒོས་སྐྱོབ་བཅོས་བྱེད་དགོས་ལ། ཐུག་རེག་དམ་ཟབ་བྱེད་མཁན་ཚང་མར་ཁྱིམ་སྡོད་གསོ་རིག་ལྟ་ཞིབ་བྱེད་དགོས། ཕྱོགས་གཞན་ཞིག་ནས་རིམས་ནད་ཕྱིར་མཆེད་སྔོན་འགོག་བྱེད་པའི་ཐབས་བཀོད་མུ་མཐུད་དུ་ཤུགས་ཆེ་རུ་གཏོང་དགོས། ཧུའུ་པེའི་ཁོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་དང་། ལྕགས་ལམ། གཞུང་ལམ། ཆུ་ལམ་འགྲུལ་སྐྱེལ་སོགས་ཕྱིར་སྐྱོད་འགྲོ་ལམ་སྒོ་བཀག་ཚར་བ་དང་། དེས་རྒྱལ་ཡོངས་ཀྱི་རིམས་ནད་ཚོད་འཛིན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད་མོད། འོན་ཀྱང་མི་ཁག་ཅིག་རང་གར་ཕྱིར་ཐོན་པ་ལས་བྱུང་བའི་ཉེན་ཁ་ལའང་སྣང་ཆུང་བྱེད་མི་རུང་།
ཉེ་ཆར་ཧུའུ་པེའི་མཐའ་འཁོར་གྱི་ཞིང་ཆེན་དང་མི་འབོར་འགྲོ་སྐྱོད་མང་བའི་ཞིང་ཆེན་དུ་རིམས་ནད་མཆེད་པ་ཧ་ཅང་མྱུར་བ་དང་། གཏན་འཁེལ་ནད་དཔེ་མགྱོགས་པོར་མང་དུ་འཕར་བཞིན་ཡོད། ས་གནས་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་ནན་པོ་བཟོ་བ་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དྲ་མིག་ཅན་དུ་དོ་དམ་བྱེད་པར་ཤུགས་རྒྱག་པ། ཡོངས་ཁེབས་བཤེར་འབུད་ལག་བསྟར་བྱེད་པ། དེ་བས་གཟབ་ནན་དང་དེ་བས་དམིགས་གཏད་རང་བཞིན་དང་དེ་བས་སྤྱོད་གོ་ཆོད་པ་བཅས་ཀྱི་ཐབས་བཀོད་སྤྱད་དེ་རིམས་ནད་མཆེད་པ་བཀག་འགོག་བྱེད་དགོས། ཕྱིར་ལོག་མི་སྣའི་སྔོན་འགོག་ཚོད་འཛིན་ནང་དུ་ཉེན་ཁ་གནས་ས་དང་ཉམས་ཞན་ལྷུ་ཚིགས་དུས་ཐོག་ཏུ་འཚོལ་བ་དང་། མི་སྣ་འགྲོ་སའི་ཡུལ་དང་ཡོང་སའི་ཡུལ་གྱི་སྔོན་འགོག་ཚོད་འཛིན་འགན་འཁྲི་དོན་འཁྱོལ་བྱས་ཏེ། འགྲུལ་པའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་འགྲིམ་འགྲུལ་ཡོ་ཆས་དང་ས་ཚིགས་ཀྱི་དུག་སེལ་རླུང་རྒྱུག་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། པེ་ཅིན་གྱི་གནས་བབ་དམིགས་བསལ་ཆེ་བ་དང་། པེ་ཅིན་ནས་གྱེས་མཁན་འབོར་ཆེན་ད་ལྟ་པེ་ཅིན་དུ་ཕྱིར་ལོག་ཡོང་གི་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། དེ་ལ་སྔོན་འགོག་ཚོད་འཛིན་གྱི་ཐབས་བཀོད་འཐུས་ཚང་བཟོ་བ་དང་། གཙོ་གནད་མི་ཚོགས་ཀྱི་ལྟ་སྡོམ་ལ་ཤུགས་རྒྱག་པ། འགྲོ་སྐྱོད་བྱེད་པའི་འགོས་ཁུངས་ཉུང་འཕྲི་གཏོང་བ། མི་ཚོགས་འགྲོ་སྐྱོད་དང་རེག་ཐུག་དམ་ཟབ་བྱེད་རིགས་ཉུང་འཕྲི་གཏོང་བ་བཅས་བྱས་ནས་རིམས་ནད་འཕེལ་ཚུལ་ཚོད་འཛིན་མཐའ་གཅིག་ཏུ་བྱེད་དགོས།
གསུམ་པ། སྡུད་ཉར་སྨན་བཅོས་བྱེད་ཚད་དང་ནད་སོས་དྲག་སྐྱེད་འགྲོ་ཚད་མཐོ་རུ་གཏོང་བ་དང་། འགོས་ཚད་དང་ནད་ཀྱིས་ཤི་ཚད་དམའ་རུ་གཏོང་དགོས། དེ་ནི་མིག་སྔའི་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ཆེན་པོ་ཞིག་རེད། གཅིག་སྡུད་ཉར་བཅོས་སྨན་ཁང་གང་མགྱོགས་སུ་བསྐྲུན་ནས་སྤྱོད་འགོ་འཛུགས་པ་དང་། དགོས་མཁོ་གཞིར་བཟུང་སྟེ་རྒྱལ་ཡོངས་ནས་སྨན་བཅོས་མི་སྣ་མུ་མཐུད་དུ་མངགས་གཏོང་བྱས་ཏེ་ཝུའུ་ཧན་དང་ཧུའུ་པེ་ལ་རོགས་སྐྱོར་བྱེད་པ་དང་དུས་མཚུངས་སྨན་བཅོས་མི་སྣའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། མི་སྣ་བཀོད་སྒྲིག་གཅིག་འདོམས་ཡག་པོ་བྱས་ཏེ་མི་སྣ་ཕུལ་བྱུང་ཅན་བསྡུ་རུབ་དང་ནད་ཚབས་ལྕི་བའི་ནད་པ་བསྡུ་རུབ་བྱས་ཏེ་གཅིག་གྱུར་ཐོག་སྐྱོབ་བཅོས་བྱས་ནས་ནད་ཀྱིས་ཤི་ཚད་དམའ་རུ་གཏོང་གང་ཐུབ་བྱེད་དགོས། ནད་བྱུང་ཚད་མཐོ་བའི་ས་ཁུལ་དུ་ཆ་རྐྱེན་ལྡན་ཚེ་“ཞའོ་ཐང་ཧྲན་”གྱི་དཔེ་སྲོལ་[1]སྤྱད་དེ་སྐྱོབ་བཅོས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཆོག །སྨན་ཁང་ཁག་གི་ནད་ཚབས་ལྕི་བའི་ནད་པ་སྐྱོབ་བཅོས་བྱེད་ཐབས་འཕེར་པོ་གང་ཡོད་དུས་ཐོག་ཏུ་ཁྱབ་གདལ་གཏོང་དགོས།
བཞི་པ། ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་ལས་རྣམ་པར་རྒྱལ་དགོས་ན་ཚན་རྩལ་གྱི་འདེགས་སྐྱོར་མེད་དུ་མི་རུང་བ་ཡིན། ཚན་རིག་དང་མཐུན་པའི་སྒོ་ནས་ནད་དུག་འབྱུང་ཁུངས་རིགས་པས་ཁུངས་སྐྱེལ་དང་། འགོས་ཁུངས་དང་འགོས་ལམ་མྱུར་དུ་རྩད་གཅོད། ནད་དུག་གཞན་འགྱུར་གནས་ཚུལ་ལ་རྗེས་འདེད་དམ་ཟབ། དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་ཐབས་བཀོད་ཞིབ་འཇུག་བཅས་བྱེད་དགོས། ངས་2016ལོར་འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་ཐད་དུ་སྒྲུབ་འགན་འཁུར་ལེན་བྱས་ཆོག་པ་དང་། དཔའ་བོ་ཡིན་ན་ཡོང་ཁུངས་ལ་མི་ལྟ་བར་སུ་འཇོན་དེ་ཡིས་སྒྲུབ་འགན་ཁས་ལེན་བྱས་ཆོག་གི་རེད་ཅེས་བཤད་མྱོང་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་པར་མཁོ་བའི་འགོག་སྨན་དང་སྨན་རྫས་སོགས་ཞིབ་འཇུག་གསར་སྤེལ་བྱེད་པར་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་སོགས་ཕྱོགས་གང་ཅིའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས་ཤིང་། ཚན་རིག་ཞིབ་འཇུག་གི་འགག་གནད་སྒྲོལ་རྒྱུ་དེ་ནད་ཐོག་དང་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་དང་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ་ཚན་རིག་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་མྱུར་ཚད་མགྱོགས་སུ་གཏོང་དགོས། འབྲེལ་ཡོད་གཞི་གྲངས་དང་ནད་དཔེའི་རྒྱུ་ཆ་སོགས་ཀྱི་ཐད་དུ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གསང་བ་བྱེད་དགོས་རིགས་ཕུད། རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཡག་པོར་སྒྲུབ་པའི་ཆ་རྐྱེན་འོག་རང་རྒྱལ་གྱི་ཚན་རྩལ་ལས་རིགས་ལ་སྒོ་འབྱེད་མཉམ་སྤྱོད་བྱས་ཏེ་ནད་ཐོག་གསོ་རིག་དང་། མཆེད་ནད་རིག་པ། ནད་དུག་རིག་པ་སོགས་ཐད་ཀྱི་ཆེད་མཁས་སྒྲིག་འཛུགས་བྱས་ཏེ། ནད་དུག་འགོས་ཤུགས་དང་དུག་གཤིས་སོགས་འགག་རྩའི་ཁྱད་ཆོས་ལ་ཞིབ་འཇུག་བྱས་ནས་བེད་ཆོད་པའི་ཞིབ་འཇུག་གྲུབ་འབྲས་གང་མགྱོགས་འདོན་དགོས། ཆེད་མཁས་དང་མཁས་དབང་ཚོས་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་དང་ལས་རིགས་ཀྱི་འགན་འཁྲི་ཆེ་རུ་བཏང་སྟེ། ཚན་རིག་ཞིབ་འཇུག་གི་སྔོན་འགྲོའི་ཆ་རྐྱེན་འོག་ཆེད་ལས་ཀྱི་བསམ་འཆར་དང་གྲོས་འགོ་མང་ཙམ་འདོན་རྒྱུར་སྐུལ་མ་གཏོང་དགོས།
མཆན་འགྲེལ།
[1] “ཞའོ་ཐང་ཧྲན་”གྱི་དཔེ་སྲོལ་ཞེས་པ་ནི་གཞི་ཁྱོན་ཅུང་ཆེ་བའི་དབུགས་ལམ་གྱི་འགོས་ནད་བྱུང་བར་ཁ་གཏད་གཅོག་ཆེད། གནས་སྐབས་སུ་འགོས་ནད་ཚོད་འཛིན་གྱི་བླང་བྱ་དང་མཐུན་པའི་འགོས་ནད་སྨན་ཁང་བཙུགས་ནས་ནད་པ་གཅིག་སྡུད་དང་། ཆེད་མཁས་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད་བཅས་བྱས་ཏེ། སྐྱོབ་བཅོས་ཀྱི་ཕན་འབྲས་བཟང་ཤོས་ཐོབ་པར་བྱས་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་པ་ལ་ཟེར། 2003ལོའི་ཟླ་4པར། པེ་ཅིན་གྱིས་དམིགས་བསལ་གློ་ཚད་རིམས་ནད་ཚོད་འཛིན་གནད་སྨིན་བྱེད་ཆེད། ཞའོ་ཐང་ཧྲན་སྨན་ཁང་བཙུགས་ནས་གཅིག་སྡུད་ཀྱིས་དམིགས་བསལ་གློ་ཚད་ཕོག་པའི་ནད་པར་གསོ་བཅོས་བྱས་པ་རེད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིམ་ལས་ཝུའུ་ཧན་གྱི་ཧོ་ཧྲེན་ཧྲན་དང་ལེ་ཧྲེན་ཧྲན་སྨན་ཁང་། ཀྲུང་དབྱང་གི་ཀང་སྐྱོར་འཕྲལ་མཁོའི་སྨན་ཁང་བཅས་ཚང་མ་“ཞའོ་ཐང་ཧྲན་”གྱི་དཔེ་སྲོལ་སྤྱད་ནས་བསྐྲུན་པའི་སྨན་ཁང་རེད།
༄༅། །ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།
(2020ལོའི་ཟླ་2ཚེས་23ཉིན།)
ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ཟླ་1ཚེས་7ཉིན་ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་བྱེད་སྐབས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་སྒྲུབ་དགོས་པའི་ཐད་དུ་བླང་བྱ་བཏོན་ཡོད། ཟླ་1ཚེས་20ཉིན་ངས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཆེད་དུ་མཛུབ་སྟོན་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་། ཐབས་བཀོད་གནད་སྨིན་སྤྱད་དེ་རིམས་ནད་མཆེད་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལོ་གསར་ཚེས་གཅིག་ཉིན། ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཡང་བསྐྱར་ཞིབ་འཇུག་དང་། ཡང་བསྐྱར་བཀོད་སྒྲིག །ཡང་བསྐྱར་སྐུལ་སློང་བཅས་བྱས་ཏེ། ཀྲུང་དབྱང་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་འཛུགས་ཐག་བཅད་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚོ་ཆུང་མངགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ལ་མཐུན་སྦྱོར་གྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་ནས་ངས་སྔ་རྗེས་སུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་3དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་1གཙོ་སྐྱོང་ཐོག་སྐོང་འཚོགས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ལས་ཐོན་བསྐྱར་ཚུགས་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་ཡིན། ཟླ་2ཚེས་10ཉིན་ང་རང་པེ་ཅིན་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་པར་སོང་བ་དང་། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་པའི་གཡུལ་མདུན་དང་བརྙན་ལམ་སྦྲེལ་མཐུད་བྱས་ཤིང་། གཡུལ་མདུན་གྱི་ཀྲུང་དབྱང་གི་མཛུབ་སྟོན་ཚོ་ཆུང་དང་ཧུའུ་པེ་བཀོད་འདོམས་པུའུ་ཡི་ལས་དོན་སྙན་ཞུར་ཉན་པ་ཡིན། ངས་ད་དུང་ཀྲུང་དབྱང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་སོགས་ཀྱི་ཚོགས་འདུར་གཙོ་སྐྱོང་བྱས་ཏེ། ཕྱོགས་མི་འདྲ་བ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་སྒྲུབ་པར་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་གིས་《ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་》དཔར་འགྲེམས་བྱས་པ་རེད། ངས་རྟག་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དོ་ཁུར་བྱས་ཏེ་ཉིན་ལྟར་ངག་ཐོག་ནས་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་བྱས་ཡོད། ཀྲུང་དབྱང་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་དུས་ཐོག་ཏུ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚོ་ཆུང་གིས་ལས་དོན་ཧུར་ཐག་སྤེལ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ནས་གཅིག་འདོམས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ། དུས་ཚོད་ལ་རྒྱུགས་འགྲན་དང་ནད་གདོན་ལ་རྟིང་རྩོད་བྱས་པ་དང་། ནད་གདོན་འགོག་རྒོལ་བྱེད་པའི་བསྒྲིལ་ཤུགས་ཆེན་པོ་ཆགས་ཡོད།
“འཇིག་ཉེན་ཆེན་པོའི་དུས་སུ་དཔའ་བོའི་རང་མདངས་མངོན།” འཐབ་རྩོད་དྲག་པོ་འདི་ལས་ཏང་རྩ་འཛུགས་རིམ་པ་ཁག་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་གདོང་མཆོང་བྱས་པ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ཏེ། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་མིག་དཔེའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཡོད། རྒྱ་ཆེའི་སྨན་བཅོས་མི་སྣས་ཕྱིར་བཤོལ་མི་བྱེད་པ་དང་ཉིན་མཚན་བལྟོས་མེད་དུ་འབད་འཐབ་བྱས་ཏེ། སྲོག་སྐྱོབ་རྨས་སྐྱོར་དང་སྨན་པའི་བྱམས་སེམས་ཀྱི་བླ་ན་མེད་པའི་སྙིང་སྟོབས་བསྟན་ཡོད། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཚོས་བཀའ་བབས་མ་ཐག་ལས་སྒོ་རྩོམ་པ་དང་དམག་འཐབ་དྲག་པོ་རྒྱག་ཕོད་པའི་སྒོ་ནས་མི་དམངས་བུ་སྤུན་དམག་གིས་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་ལུགས་བསྟན་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མི་བརྒྱ་སེམས་གཅིག་དང་འགྲོ་གྲོགས་སྡོད་གྲོགས་བྱས་པ་དང་། ལྷག་པར་དུ་ཝུའུ་ཧན་མི་དམངས་དང་ཧུའུ་པེ་མི་དམངས་ཀྱིས་སྤྱི་ཡོངས་ལ་བསམ་ཤེས་དང་རང་རྟོགས་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་གཞོགས་འདེགས་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་ཞུམ་མེད་བློ་སྟོབས་བསྟན་ཡོད། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་སྒྲུབ་མི་སྣ། སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་སོགས་ཀྱིས་ལས་གནས་བརྟན་སྲུང་དང་ཉིན་མཚན་བལྟོས་མེད་དུ་ལས་རེས་བྱས་པ་དང་། རྒྱ་ཆེའི་གསར་འགྱུར་ལས་གཉེར་བ་ཚོས་དཀའ་ངལ་ལ་མ་འཛེམ་པར་གཡུལ་ས་དང་པོར་བསྐྱོད་པ་དང་། རྒྱ་ཆེའི་དང་བླངས་པ་སོགས་ཀྱིས་ལྷག་བསམ་རྣམ་དག་ངང་ལས་ལ་གཞོལ་བ་དང་ངལ་བ་ཁྱད་བསད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འཕྲོད་བསྟེན་བདེ་ཐང་དང་། འཕེལ་རྒྱས་བསྒྱུར་བཅོས། བཟོ་འཕྲིན་ཚོང་དོན། ཕྱི་འབྲེལ་ཕྱི་དོན། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་གྲོང་གསེབ། འཕྲལ་བསྟུན་དོ་དམ། ནོར་སྲིད་དངུལ་རྩ། རིག་གནས་ཡུལ་སྐོར། ཚན་རྩལ་སློབ་གསོ། ཚོང་ར་ལྟ་སྐུལ། སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་བཅོལ། ཐོན་ཁུངས་ཁོར་ཡུག །གཞུང་ཁོངས་རྒྱུ་ནོར་དང་ནགས་རྩྭ་སོགས་སྡེ་ཁག་དང་། སྒྲིག་བཤེར་ལྟ་ཞིབ་དང་། རྩ་འཛུགས། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར། སྲིད་ཁྲིམས་སོགས་འཐབ་ཕྱོགས་ཁག་གིས་རང་འགན་གཙང་སྒྲུབ་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་དང་དེ་བཞིན་མི་དམངས་ཚོགས་པ་ཁག་སོགས་ཀྱིས་རང་འགུལ་ངང་འགན་ཁུར་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ཡོད། སྤྱི་ཚོགས་ལས་རིགས་ཁག་དང་། སྤུན་ཟླ་ཞང་ཀང་བ་དང་། ཨའོ་མོན་པ། ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་དངུལ་ནོར་དང་དངོས་པོའི་ཞལ་འདེབས་ཕུལ་ནས་ཕྱར་བ་གྲུ་འདེགས་ཀྱི་བརྩེ་སེམས་ཟབ་མོ་མཚོན་ཡོད།
༄༅། །རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས།
(2020ལོའི་ཟླ་2ཚེས་23ཉིན།)
དཔལ་འབྱོར་དང་སྤྱི་ཚོགས་ནི་འགུལ་རྣམ་རེས་འཁོར་མ་ལག་ཅིག་ཡིན་པས། དུས་ཚོད་རིང་པོར་མཚམས་འཇོག་མི་ཉན། རིམས་ནད་སྔོན་འགོག་ཚོད་འཛིན་གནད་ཐོག་ཏུ་བབས་པ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་མིན་པ་དག་གི་ཁེ་ལས་དང་བྱ་ལས་ཚན་པས་ལས་ཐོན་བསྐྱར་ཚུགས་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པ་དེ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དངོས་པོའི་འགན་ལེན་ནུས་ལྡན་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བརྟན་བརླིང་དང་འབྲེལ་བ་ཡོད་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱ་རྒྱུ་དང་འབྲེལ་བ་ཡོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་རྒྱུ་དང་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཡོངས་འགྲུབ་བྱ་རྒྱུ་དང་འབྲེལ་བ་ཡོད་པ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་ཡོང་རྒྱུ་དང་འབྲེལ་བ་ཡོད་པ་བཅས་རེད།
ཏོག་གསར་གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕོག་ཐུག་ཅུང་ཟད་ཆེན་པོ་བཟོ་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། འདི་འདྲའི་དུས་སྐབས་སུ་དེ་བས་ཀྱང་ཁྱོན་ཡོངས་དང་། རྩོད་སྒྲུབ། ཕུགས་རིང་བཅས་ཀྱི་མིག་རྒྱང་ཐོག་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་དགོས་པ་དང་། དེ་བས་ཀྱང་ཡིད་ཆེས་ཆེར་སྐྱེད་དང་ཡིད་ཆེས་སྲ་བརྟན་གཏོང་དགོས། ཕྱོགས་བསྡུས་ཀྱི་སྒོ་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་། རིམས་ནད་ཀྱི་ཕོག་ཐུག་ནི་དུས་ཐུང་ཡིན་པ་དང་། སྤྱི་ཡོངས་ནས་བཤད་ན་ཚོད་འཛིན་ཐུབ་པ་ཞིག་ཡིན་པས། ང་ཚོས་གནོན་ཤུགས་གང་ཡོད་སྒུལ་ཤུགས་སུ་སྒྱུར་བ་དང་། ཉེན་ཁ་གང་འཕྲད་གོ་སྐབས་སུ་སྒྱུར་མཁས་པོ་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལུགས་ལྡན་ངང་སླར་གསོ་བྱེད་པ་དང་། “བརྟན་པོ་དྲུག་”[1]གི་ཐབས་བཀོད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་དང་སྒུལ་ནུས་ཆེན་པོ་འདོན་སྤེལ་གང་ལེགས་བྱས་པ་ཡིན་ཕྱིན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཐུབ་པ་རེད།
དང་པོ། ཁུལ་དབྱེ་རིམ་དབྱེའི་སྒོ་ནས་ལས་ཐོན་བསྐྱར་ཚུགས་གནད་སྨིན་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས་སུ་དུས་ཐུང་ངུའི་ནང་ཇི་ལྟར་བྱས་ནས་སྟོབས་ཤུགས་སྡེབ་སྒྲིག་དང་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱེད་པ་དེ་ནི་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། རིམས་ནད་ཞི་འཇགས་ལ་ཉེ་རྗེས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་ཇི་ལྟར་གཅིག་འདོམས་བྱེད་པ་དེའང་འགྲན་སློང་ཧ་ཅང་ཆེན་པོ་ཞིག་རེད། ས་ཁུལ་མི་འདྲ་བར་“གྲི་ཁ་གཅིག་གཅོད་”ཀྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་ཡོང་བར་འགོག་རྐྱེན་བཟོ་མི་རུང་ལ། འོས་མེད་ངང་སྔོན་འགོག་ཚོད་འཛིན་ལྷོད་ཡངས་བཏང་སྟེ་རྐང་རྗེས་ལག་སུབ་ཀྱང་བྱེད་མི་རུང་། དེ་ལྟར་བསམ་བློ་བཏང་ནས་ཟླ་2ཚེས་12ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ངས་རིམས་ནད་སྔོན་འགོག་ཚོད་འཛིན་གཙོ་གནད་ས་ཁུལ་མིན་པའི་ས་ཁུལ་དུ་ཁུལ་དབྱེ་རིམ་དབྱེའི་སྒོ་ནས་ཁྱད་པར་ཅན་གྱི་སྔོན་འགོག་ཚོད་འཛིན་ཐབས་ཇུས་གཏན་འབེབས་བྱེད་དགོས་ཞེས་བཏོན་པ་ཡིན། ད་ལྟ། རྒྱལ་ཡོངས་སུ་རྫོང་(ཆུས་)1396ལ་གཏན་ཁེལ་ནད་དཔེ་མེད་པ་(46%ཟིན་)དང་། ད་དུང་རྫོང་(ཆུས་)ལ་ལར་རིམ་རྩིས་ནད་དཔེ་ཧ་ཅང་ཉུང་བ་དང་ཕལ་ཆེར་གསར་འཕར་ནད་དཔེ་བྱུང་མེད། ཉེན་ཁ་ཆུང་བའི་ས་ཁུལ་དེ་དག་གིས་གང་མགྱོགས་སུ་སྔོན་འགོག་ཚོད་འཛིན་ཐབས་ཇུས་དེ་ཕྱི་ཡོང་སྔོན་འགོག་གི་སྟེང་དུ་ལེགས་སྒྲིག་བྱས་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས། ཉེན་ཁ་འབྲིང་ཙམ་གྱི་ས་ཁུལ་གྱིས་སྔོན་འགོག་ཚོད་འཛིན་དུས་བབ་ལ་གཞིགས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ལས་ཐོན་བསྐྱར་ཚུགས་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་མུ་མཐུད་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དམ་འཛིན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བ་དང་སྦྲགས་ནས་ཆ་རྐྱེན་འཛོམས་པའི་ཞིང་ཆེན་གྱིས་ཁ་གཏད་ཚད་རིམ་སྟབས་བསྟུན་གྱིས་དམའ་རུ་བཏང་ནས་འགུལ་རྣམ་ལེགས་སྒྲིག་བྱེད་དགོས།
གཉིས་པ། སྤྱི་ཁོག་སྲིད་ཇུས་ཀྱི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ནི་དུས་འཁོར་ལས་ལྡོག་ནས་སྙོམ་སྒྲིག་བྱ་རྒྱུ་གལ་ཆེ་བས། དལ་ལྷོད་དང་ཤུགས་ཚད་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁ་འཐབ་གཏོང་ཐུབ་པ་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁོངས་ལས་བརྒལ་བ་སྔོན་འགོག་བྱེད་དགོས་པ་དང་། དུས་ཐུང་གི་ཕོག་ཐུག་དེ་འཕེལ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་ཆགས་པ་སྔོན་འགོག་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ནི་སྔར་ལས་དགེ་མཚན་ལྡན་ལ་གོ་འཕེར་བ་ཞིག་ཡིན་དགོས་པ་དང་། ནོར་སྲིད་ཀྱི་སྐྱེད་ཀ་སྤྲོད་པ་དང་། གཞི་ཁྱོན་ཆེན་པོས་གྲོན་དངུལ་གཅོག་པ། ཁྲལ་དངུལ་འཇལ་འགྱངས་བྱེད་པ་ལ་སོགས་བཏོན་ཟིན་པའི་སྲིད་ཇུས་ཁག་ཁེ་ལས་ལ་དོན་འཁྱོལ་གང་མགྱོགས་བྱེད་དགོས། དུས་རིམ་རང་བཞིན་དང་དམིགས་གཏད་ཡོད་པའི་རང་བཞིན་གྱི་ཁྲལ་འཕྲི་རིན་གཅོག་སྲིད་ཇུས་མུ་མཐུད་དུ་ཞིབ་འཇུག་བྱས་ནས་འདོན་དགོས་པ་དང་། ལས་རིགས་ཁག་ཅིག་ལ་ལས་ཐོན་བསྐྱར་ཚུགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་ཕྲ་གསུམ་དཀའ་གནད་ལས་འགྲོལ་བར་རོགས་རམ་བྱེད་དགོས། ཀྲུང་དབྱང་སྡེ་ཁག་གི་བསགས་འབོར་མ་དངུལ་ཁག་ཅིག་གཅིག་སྡུད་ཀྱིས་བེད་སྤྱོད་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་གཙོ་གནད་གཏོང་སྒོ་འགན་སྲུང་བྱེད་པར་གཅིག་འདོམས་ཀྱིས་སྤྱོད་དགོས། ས་གནས་ཁག་ཅིག་གི་ནོར་སྲིད་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཟད་ཆེན་པོ་ཐེབས་པས་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་གླ་ཕོགས་འགན་ལེན་དང་། འཁོར་སྐྱོད་འགན་ལེན། གཞི་རྩའི་དམངས་འཚོ་འགན་ལེན་བཅས་ཏན་ཏིག་ཅིག་བྱེད་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་བྱེད་ཁྱོན་ཆེ་རུ་གཏོང་བ་དང་། སྔོན་རྩིས་ནང་གི་དངུལ་འཇོག་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ནས་དེ་བས་སྟབས་བསྟུན་དང་རན་པོ་ཡོང་བར་དོ་སྣང་བྱེད་དགོས་པ་དང་། དངོས་གཞིའི་དཔལ་འབྱོར་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་ད་ཡོད་ཀྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ཡག་པོར་སྤྱོད་དགོས་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་གསར་པ་དུས་ཐོག་ཏུ་འདོན་དགོས། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་བྱེད་པར་འཕྲད་པའི་བུ་ལོན་འཇལ་སྤྲོད་དང་། མ་དངུལ་འཁོར་རྒྱུག །མ་དངུལ་བསྡུ་རྒྱུག་བྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཁ་ཚ་དགོས་གཏུག་གི་གནད་དོན་ལ་དམིགས་ཏེ། དངུལ་རྩའི་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། རིམས་འགོག་གཙོ་གནད་ས་ཁུལ་ལ་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་ལོགས་སུ་བཟོ་བ། རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཟད་ཆེན་པོ་ཐེབས་པའི་ལས་རིགས་དང་། དམངས་གཉེར་ཁེ་ལས། ཁེ་ལས་ཆུང་ཕྲ་བཅས་ལ་ཆེད་དོན་ཡིད་རྟོན་དངུལ་བུན་གྱི་གྲངས་ཚད་མཁོ་འདོན་བྱེད་དགོས། ཁེ་ལས་ཀྱིས་མ་སྐྱེད་འཇལ་སྤྲོད་ཀྱི་བཀོད་སྒྲིག་ལེགས་སྒྲིག་དང་འཐུས་ཚང་བཟོ་བ་དང་། དངུལ་བུན་དུས་བསྲིང་དང་དངུལ་བུན་རྒྱུན་མཐུད་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ། ཁེ་ལས་ཆུང་ཕྲའི་དངུལ་བུན་གྱི་སྐྱེད་ཀ་ཆག་ཡང་འོས་འཚམ་གཏོང་བ་བཅས་ཀྱི་ཐོག་ནས་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུན་ཆད་པ་བཀག་འགོག་བྱེད་དགོས།
གསུམ་པ། ལས་ཞུགས་བརྟན་པོ་བཟོ་བའི་ཐབས་བཀོད་ཕྱོགས་ཡོངས་ནས་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་འགོ་མ་བྱེད་པའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། ལས་ཞུགས་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་ཀྱི་ཤུགས་ཚད་ལེགས་སྒྲིག་དང་། ཁུར་པོ་ཡང་གཏོང་། ལས་གནས་བརྟན་གཏོང་། ལས་ཞུགས་ཆེར་སྐྱེད་བཅས་མཉམ་འཛིན་བྱེད་དགོས་པ། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དུས་རིམ་རང་བཞིན་གྱི་ཆག་ཡང་གཏོང་བ་དང་། ལས་ཤོར་འགན་བཅོལ་ལས་བརྟན་ཕྱིར་སྤྲོད། ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུ་ཡག་པོར་འཛིན་དགོས་པ། ཁེ་ལས་ཁག་ཅིག་ཏུ་ལས་བཟོ་པ་དཀོན་པའི་གནས་ཚུལ་ཚབས་ཆེ་བ་དང་ལས་གནས་བརྟན་འཇགས་ཡོང་བའི་གནོན་ཤུགས་ཆེ་ལ་གཙོ་གནད་མི་ཚོགས་ལས་ཞུགས་བྱེད་དཀའ་བ་སོགས་ཀྱི་མངོན་གསལ་ཆེ་བའི་འགལ་བར་དམིགས་ཏེ། ས་གནས་ཁེ་ལས་ལས་བཟོ་པ་གསུམ་ལ་བསྟུན་ནས་རིགས་དབྱེའི་རོགས་སྐྱོར་བྱེད་དགོས་པ་དང་། སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱི་གླ་རྒྱག་ཞིང་པ་ལས་གནས་ཐོག་གང་མགྱོགས་སུ་ཕྱིར་ལོག་ནས་ལས་འགོ་བསྐྱར་ཚུགས་ཡོང་རྒྱུར་བསྔགས་སྐུལ་བྱེད་དགོས་པ་དང་། “གནས་ཁ་གནས་གཏད་དང་། གཅིག་འཐུས་རྣམ་པའི་”ཤར་རྒྱག་སྐྱེལ་འདྲེན་ཞབས་ཞུ་སྤྱོད་དགོས། ཐབས་ལམ་མང་པོ་དང་བདེ་ལྕག་འཁྱུག་པའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁེར་རྐྱང་བཟོ་ཚོང་བདག་པོས་ལས་གཉེར་བསྐྱར་ཚུགས་གང་མགྱོགས་སུ་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། དྲ་ཐོག་ནས་ལས་ཤོར་ཐོ་འགོད་དང་ལས་ཤོར་འགན་བཅོལ་གྲོན་དངུལ་ལེན་རེ་ཞུ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ནས་ལས་ཤོར་མི་སྣར་སྤྲོད་དགོས་གྲས་ཚང་མར་སྤྲོད་པ་དང་། འགན་བཅོལ་བྱེད་དགོས་གྲས་ཚང་མར་བྱེད་པ་འགན་ལེན་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་དོ་སྣང་བྱས་ཏེ་སློབ་མཐར་ཕྱིན་པ་དང་། ལས་བསྡུ། རྒྱུགས་ལེན་སོགས་ཀྱི་འབྲེལ་ཡོད་ལས་དོན་གཅིག་འདོམས་ཡག་པོ་བྱས་ནས་ཁོ་ཚོ་བདེ་བླག་ངང་སློབ་མཐར་ཕྱིན་པ་དང་གང་མགྱོགས་སུ་ལས་ཞུགས་ཐུབ་པར་བྱེད་དགོས།
བཞི་པ། དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས། ད་ལོར་དབུལ་བྲལ་འགག་སྒྲོལ་ཕྱོགས་ཡོངས་ནས་མཇུག་བསྡུ་དགོས་པ་དང་། མ་གཞི་ནས་དམག་འཐབ་དྲག་པོ་མི་ཉུང་བ་རྒྱག་དགོས་པ་དང་། ད་ལྟ་ད་དུང་རིམས་ནད་ཀྱི་ཤུགས་རྐྱེན་སེལ་གང་ཐུབ་བྱེད་དགོས་པས། ངེས་པར་དུ་ཡང་བསྐྱར་ཤུགས་བརྒྱབ་ནས་འགག་སྒྲོལ་ལས་ཀ་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་བྱེད་དགོས། ངལ་ལས་ཕྱིར་གཏོང་བྱ་ཡུལ་དང་ནང་འདྲེན་བྱ་ཡུལ་སྦྲེལ་མཐུད་གནད་སྨིན་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་དབུལ་པོ་གོ་རིམ་ལྡན་པའི་ངང་ལས་གནས་སུ་ལོག་རྒྱུར་རོགས་རམ་བྱེད་པ། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་གང་མགྱོགས་སུ་ལས་འགོ་བསྐྱར་ཚུགས་ཡོང་བར་རྒྱབ་སྐྱོར་བྱེད་པ། ས་གནས་རང་གི་ལས་ཞུགས་བསྡུ་ལེན་བཅས་བྱེད་དགོས། ཐོན་འཚོང་སྣ་སྦྲེལ་བྱ་རྒྱུ་སྒྲིག་འཛུགས་ཡག་པོ་བྱས་ནས་དབུལ་ཕོངས་ས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་འཚོང་དཀའ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དབུལ་ལོག་བཀག་འགོག་གི་ལམ་སྲོལ་གང་མགྱོགས་སུ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། རིམས་ནད་དམ་རྒྱུ་རྐྱེན་གཞན་དག་གི་དབང་གིས་དབུལ་ལོག་བྱུང་བ་ལ་དུས་ཐོག་ཏུ་རོགས་སྐྱོར་ཐབས་བཀོད་དོན་འཁྱོལ་བྱས་ནས་མ་མཐའི་འཚོ་བར་ཤུགས་རྐྱེན་མི་ཐེབས་རྒྱུ་འགན་ལེན་བྱེད་དགོས།
ལྔ་པ། ཁེ་ལས་ཀྱིས་ལས་ཐོན་བསྐྱར་ཚུགས་བྱེད་པར་སྐུལ་འདེད་གཏོང་དགོས། ཁུལ་དབྱེ་རིམ་དབྱེའི་སྒོ་ནས་གནད་སྨིན་ངང་སྔོན་འགོག་ཚོད་འཛིན་ཐབས་ཇུས་དོན་འཁྱོལ་བྱེད་པ་དང་། མིའི་རྒྱུན་འཁོར་དང་ཟོག་འགྲེམས་ཀྱི་འགག་གནས་གཤོང་བ། ཟོག་འདྲེན་ཟོག་འགྲེམས་ཀྱི་ཚོད་འཛིན་གློད་པ་བཅས་བྱས་ནས་ལས་མི་ཕྱིར་ལོག་ཐུབ་པ་དང་། མ་བཅོས་རྒྱུ་ཆ་མཁོ་འདོན་བྱེད་ཐུབ་པ། ཐོན་རྫས་ཕྱིར་གཏོང་ཐུབ་པ་བཅས་འགན་ལེན་བྱེད་དགོས། ཐོན་ལས་མུ་ཕྲེང་ནི་གཅིག་ལ་གཅིག་འབྲེལ་ཡིན་པས། ལྷུ་ཚིགས་གཅིག་འགག་ན་དེའི་སྟོད་སྨད་རྒྱུད་ཀྱི་ཁེ་ལས་ཚང་མ་འཁོར་སྐྱོད་བྱེད་ཐབས་མེད། ས་ཁོངས་ཁག་བར་དུ་སྟོད་སྨད་ཀྱི་ཐོན་སྐྱེད་དང་བྲིན་ཚོང་སྣ་སྦྲེལ་བྱེད་པར་ཤུགས་བརྒྱབ་ནས་ཐོན་ལས་མུ་ཕྲེང་གི་ལྷུ་ཚིགས་ཁག་རོགས་འདེགས་སྒོས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། འཛུགས་སྐྲུན་བྱེད་བཞིན་པ་དང་ལས་འགོ་གསར་དུ་ཚུགས་པའི་ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། བཀོལ་བྱའི་ལས་མི་དང་། སྤྱད་བྱའི་ས་ཆ། མ་དངུལ་སོགས་བདག་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་གི་སྔོན་རྩིས་ཁོངས་ཀྱི་དངུལ་འཇོག་དང་། ཆེད་དམིགས་བུན་འཛིན་མ་དངུལ། སྲིད་ཇུས་རང་བཞིན་གྱི་དངུལ་རྩ་བཅས་བེད་སྤྱོད་ཡག་པོ་བྱེད་པ། གཏོད་ཕྱོགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བཅས་བྱེད་དགོས། རིམས་ནད་ནི་ཐོན་ལས་འཕེལ་རྒྱས་ལ་མཚོན་ན་འགྲན་སློང་ཞིག་ཡིན་ལ་གོ་སྐབས་ཤིག་ཀྱང་ཡིན། སྲོལ་རྒྱུན་གྱི་ལས་རིགས་ཁ་ཤས་ལ་ཕོག་ཐུག་ཅུང་ཟད་ཆེན་པོ་ཐེབས་ཡོད་མོད། རིག་ནུས་བཟོ་སྐྲུན་དང་། མི་མེད་མངག་སྐྱེལ། དྲ་ཐོག་འཛད་སྤྱོད། སྨན་བཅོས་བདེ་ཐང་སོགས་གསར་དར་ཐོན་ལས་ལ་སྐྱེ་འཚར་ཡོང་བའི་གཏིང་ཤུགས་ཆེན་པོ་མངོན་ཡོད། གོ་སྐབས་འདི་དང་བསྟུན་ནས་སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཀོད་དང་རིམ་སྤར་བྱེད་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས།
དྲུག་པ། གོ་སྐབས་མ་ཤོར་བར་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ཡག་པོར་འཛིན་དགོས། ད་ལྟ་དཔྱིད་རྨོད་དང་རྨོད་འདེབས་ཀྱི་གྲ་སྒྲིག་དེ་ལྷོ་ནས་བྱང་དུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད། དཔྱིད་རྨོད་དང་རྨོད་འདེབས་ཀྱི་གྲ་སྒྲིག་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དམ་འཛིན་བྱས་ཏེ་ཞིང་མཁོའི་ཐོན་སྐྱེད་དང་། འཁོར་རྒྱུག །མཁོ་སྤྲོད་བཅས་བྱ་རྒྱུ་སྒྲིག་འཛུགས་ཡག་པོ་བྱས་ནས་དུས་ཐོག་ཏུ་དཔྱིད་རྨོད་བྱེད་དགོས། རིམས་ནད་ལངས་ཚབས་ཆེ་ཤོས་ཀྱི་ཧུའུ་པེ་དང་རིམས་ནད་ལངས་ཚབས་ཅུང་ཆེ་བའི་ཞིང་ཆེན་ཡིན་ནའང་གནས་ཚུལ་དངོས་ལ་གཞིགས་ནས་ཞིང་པ་སྒྲིག་འཛུགས་ཀྱིས་ཞིང་ལས་ཐོན་སྐྱེད་བྱེད་དུ་འཇུག་དགོས། ཞིང་ལས་ཐོན་སྐྱེད་བྱེད་ས་མང་ཆེ་བ་ཞིང་ཁ་དང་རི་ཐང་དུ་ཡོད་པས། འོས་མེད་ཀྱི་བཀག་སྡོམ་ཁག་ཅིག་མེད་པར་བཟོས་ནས་ཞིང་ལས་ཐོན་སྐྱེད་ཀྱི་དུས་ཚོད་འཐུས་ཤོར་མི་ཡོང་རྒྱུ་འགན་ལེན་བྱེད་དགོས། ཨ་ཧྥེ་རི་ཁའི་ཕག་རིམས་དང་ནད་སློང་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པར་མུ་མཐུད་དུ་ཤུགས་བརྒྱབ་ནས་ཕྱུགས་ལས་དང་ཆུ་ཐོན་གསོ་སྤེལ་ལས་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
བདུན་པ། གཞི་རྩའི་དམངས་འཚོ་འགན་སྲུང་ཏན་ཏིག་བྱེད་དགོས། རིམས་ནད་ཀྱིས་དམངས་ཀྱི་ཡོང་འབབ་ལ་ཐད་ཀར་གནོད་པ་བསྐྱལ་བ་དང་། དེའི་ཁར་ཟོག་གོང་འཕར་བའི་རྒྱུ་རྐྱེན་རིམ་བརྩེགས་སུ་བྱུང་བས། མང་ཚོགས་ཁག་ཅིག་གི་གཞི་རྩའི་འཚོ་བར་འཕྲད་པའི་དཀའ་ངལ་ཇེ་མང་དུ་འགྲོ་སྲིད་པ་རེད། ཞིང་ཆེན་འགོ་འཛིན་གྱིས་“ཟ་འབྲུ་”འགན་འཁུར་པའི་ལམ་ལུགས་དང་གྲོང་ཁྱེར་འགོ་འཛིན་གྱིས་“ཤ་ཚལ་སྒོང་གསུམ་”འགན་འཁུར་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཟས་རིགས་གཙོ་ཕལ་གྱི་མཁོ་སྤྲོད་འགན་སྲུང་བྱེད་དགོས། རིམས་ནད་ཀྱིས་ཚོང་རའི་མཁོ་སྤྲོད་ལ་ཐེབས་པའི་ཤུགས་རྐྱེན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། གྲོང་མིའི་འཚོ་བའི་མཁོ་ཆས་མཁོ་སྤྲོད་དང་བཀོད་གཏོང་ཡག་པོ་བྱས་ཏེ། ཟོག་གོང་འཕར་ཚད་མགྱོགས་དྲགས་པ་བཀག་འགོག་བྱེད་དགོས། རིམས་ནད་བྱུང་རིང་དུ་གཞི་རྩའི་དམངས་འཚོའི་ཞབས་ཞུ་འཛིན་སྐྱོང་བྱས་ཏེ་རྒྱུན་མི་ཆད་པ་དང་། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞབས་ཞུའི་ལས་རིགས་ལུགས་ལྡན་ངང་ལས་གཉེར་སླར་གསོ་ཡོང་རྒྱུར་སྐུལ་མ་གཏོང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མཐའ་སྐྱོང་འགན་ལེན་ལ་ཤུགས་བརྒྱབ་ནས་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རིན་གོང་གི་གནས་སྐབས་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་བཏང་ཆོག །ནད་པ་དང་ལྷག་པར་དུ་གཉེན་ཉེ་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཚང་ལ་གཙོ་གནད་དུ་ལྟ་རྟོག་བྱས་ཏེ་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས། རིམས་ནད་ཀྱི་རྐྱེན་གྱིས་ཁྱིམ་དུ་ལོགས་བཀར་བྱས་པའི་ཁེར་ལུས་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། ནད་གཞི་ཚབས་ཆེན་དང་དབང་སྐྱོན་ཚབས་ཆེན་ཕོག་པའི་མི་སྣ་སོགས་མི་ཚོགས་ལ་འཚམས་འདྲི་ལྟ་རྟོག་དང་དགོས་ངེས་ཀྱི་རོགས་རམ་བྱེད་པར་ཤུགས་བརྒྱབ་ནས་སྤྱི་ཚོགས་ཀུན་སྤྱོད་ཀྱི་མཐའ་ཚད་ལ་ཕོག་ཐུག་གཏོང་བའི་དོན་རྐྱེན་འབྱུང་བར་བཀག་འགོག་བྱེད་དགོས། ནད་གཞི་གཞན་དག་ཕོག་མཁན་གྱི་སྨན་བཅོས་སྲོག་སྐྱོབ་ལས་དོན་གཅིག་འདོམས་ཡག་པོ་བྱས་ནས་གློ་བུར་གྱི་ན་ཚ་དང་ནད་གཞི་ལྕི་མོ་ཕོག་པའི་ནད་པ་སྐྱོབ་བཅོས་བྱ་རྒྱུ་འགན་ལེན་ཡོད་པ་དང་། གཅོང་ནད་ཕོག་པའི་ནད་པར་སྨན་སྤྱོད་རྒྱུ་ཡོད་པ། སྤྱིར་བཏང་གི་ནད་པ་སྨན་བཅོས་བྱེད་པར་ཐབས་ལམ་ཡོད་པ་བཅས་བྱེད་ཐུབ་དགོས།
བརྒྱད་པ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་གྱི་གཞི་རྩ་བརྟན་པོ་བཟོ་དགོས། ཕྱི་ཕྱོགས་ཉོ་ཚོང་གི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་ཤར་བགྲོད་ངང་འཁོར་སྐྱོད་ཐུབ་པ་འགན་སྲུང་བྱས་ནས་རྒྱལ་སྤྱིའི་ཚོང་རའི་ཐོབ་སྐལ་བརྟན་པོ་བཟོ་དགོས། ཕྱིར་གཏོང་ཁྲལ་སློག་དང་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་སོགས་སྒྲིག་སྲོལ་དང་མཐུན་པའི་ཕྱི་ཕྱོགས་ཉོ་ཚོང་གི་སྲིད་ཇུས་ཡོ་བྱད་བེད་སྤྱོད་འདང་འཐུས་པོ་དང་ཡག་པོ་བྱེད་པ་དང་། ཕྱིར་གཏོང་ཡིད་རྟོན་དངུལ་བུན་གཏོང་གྲངས་མང་དུ་གཏོང་བ། འགན་བཅོལ་འཁུར་བ་དང་གུན་གསབ་སྤྲོད་པའི་ཆ་རྐྱེན་ལྷོད་དུ་འོས་འཚམ་གཏོང་བ་བཅས་བྱེད་དགོས། འགག་སྒོ་འཁྲོལ་བའི་འགྲོ་ལུགས་སྟབས་ཇེ་བདེར་གཏོང་བ་དང་། གྲུ་ཁ་དང་། བརྟག་བཤེར་དང་ནད་བཤེར་སོགས་ལྷུ་ཚིགས་ཀྱི་གླ་གྲོན་དམའ་རུ་གཏོང་བ། ཕྱི་དངུལ་སྟབས་བདེ་ཅན་གྱི་ལས་སྒོ་དེ་བས་མང་བ་འདོན་པ་བཅས་བྱེད་དགོས། ས་གནས་ཁག་གིས་འཕར་གྲངས་ལ་སྐུལ་འདེད་དང་བསགས་གྲངས་བརྟན་གཏོང་མཉམ་འཛིན་བྱས་ནས་ཕྱི་རྒྱལ་གྱི་དངུལ་འཇོག་ལས་གཞི་གལ་ཆེན་དོན་འཁྱོལ་བྱ་རྒྱུ་ཡག་པོར་འཛིན་དགོས། དངུལ་རྩ་སོགས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་ཡག་ཏུ་བཏང་ནས་ཚོང་འགུགས་དང་། ཚོང་བདེ། ཚོང་འཇགས་བཅས་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས་ཕྱི་རྒྱལ་གྱི་ཚོང་པས་དུས་ཡུན་རིང་པོར་དངུལ་འཇོག་དང་ཚོང་གཉེར་བྱེད་པའི་ཡིད་རྟོན་ཆེ་རུ་གཏོང་དགོས།
མཆན་འགྲེལ།
[1] “བརྟན་པོ་དྲུག་”ཅེས་པ་ནི་ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཚོང་བརྟན་པོ། ཕྱི་དངུལ་བརྟན་པོ། དངུལ་འཇོག་བརྟན་པོ། སྔོན་ཚོད་བརྟན་པོ་བཅས་ལ་ཟེར།
༄༅། །རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོར་སྒྱུར་དགོས།
(2020ལོའི་ཟླ་9ཚེས་8ཉིན།)
ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དེ་ལས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་དགེ་མཚན་སྒོ་ཀུན་ནས་བསྟན་ཡོད་པ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་སྒོ་ཀུན་ནས་བསྟན་ཡོད་པ། ཀྲུང་ཧྭའི་ཤེས་དཔལ་གྱི་ཟབ་ཡངས་བསགས་ནོར་སྒོ་ཀུན་ནས་བསྟན་ཡོད་པ། ཀྲུང་གོའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་རང་རྟོགས་ཀྱི་འཁུར་ལེན་སྒོ་ཀུན་ནས་བསྟན་ཡོད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གདེང་ཚོད་དང་། སྤོབས་པ། གོང་བུར་འགྲིལ་ཤུགས། ལྟེ་བར་ཕྱོགས་ཤུགས་བཅས་ཧ་ཅང་གིས་ཆེ་རུ་བཏང་ཡོད་པ་བཅས་ལ་བརྟེན། ང་ཚོས་དུས་རབས་གསར་པའི་འཐབ་ལམ་གསར་པའི་ཐོག་ཏུ་དཀའ་ངལ་ཁྱད་གསོད་དང་ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐེབས་ངེས་རེད།
རིམས་ནད་ཚབས་ཆེན་འདི་ལ་སྲོག་བསྡོས་ཀྱིས་རྒོལ་འགྲན་བྱེད་རིང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་། རྒྱལ་ཁ་ལེན་ནུས་པའི་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས་ཚེ་སྲོག་བླ་ན་མེད་པ་དང་། རྒྱལ་ཡོངས་བློ་གཅིག་སེམས་གཅིག །འཆི་གསོན་ལ་མི་ལྟ་བ། ཚན་རིག་ལ་བརྩི་འཇོག་བྱེད་པ། ལས་དབང་མཉམ་འཁུར་བྱེད་པ་བཅས་ཀྱི་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་བསྐྱེད་གྲུབ་བྱུང་ཡོད།
—— ཚེ་སྲོག་བླ་ན་མེད་པ་ཞེས་པས་ཀྲུང་གོའི་མི་དམངས་ཀྱི་བྱམས་སྙིང་རྗེའི་སྲོལ་རྒྱུན་ཟབ་མོ་དང་ཀྲུང་གོའི་གུང་ཁྲན་ཏང་མིས་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་དོན་གཉེར་གཅིག་བསྡུས་ཀྱིས་མཚོན་ཡོད། “གཞན་གཅེས་ཀུན་ཕན་ནི་བྱམས་པའོ། །”[1]རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ལ་སྙིང་རྗེ་ཡོད། མིའི་ཚེ་སྲོག་ནི་རྩ་ཆེ་ཤོས་ཡིན་ལ། ཚེ་སྲོག་ཐེངས་གཅིག་མ་དེ་ཤོར་ཕྱིན་ཕྱིར་ལྡོག་མེད་པ་རེད། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་པའི་མདུན་དུ། ང་ཚོས་ངེས་པར་དུ་ཡོད་ཚད་བློས་གཏོང་དགོས་ལ། ང་ཚོས་ཡོད་ཚད་བློས་གཏོང་ཐུབ་ངེས་ཀྱང་ཡིན། དེའི་རྒྱུ་མཚན་ནི་ཀྲུང་གོའི་གུང་ཁྲན་ཏང་གི་རྩ་བའི་དམིགས་ཡུལ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ་དང་། ང་ཚོའི་རྒྱལ་ཁབ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་རེད། ང་ཚོས་བློ་ཐག་ཆོད་པོས་ཝུའུ་ཧན་དང་ཧུའུ་པེ་ནས་ཕྱི་རོལ་ལ་འགྲོ་སའི་ལམ་བཀག་པ་དང་། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ལྟ་སྡོམ་བྱེད་ཐབས་ནན་མོ་ལག་བསྟར་བྱས་ཡོད། ཇུས་ཐག་འདི་གཅོད་པར་ཆབ་སྲིད་ཀྱི་བློ་ཁོག་ཆེན་པོ་ཡོད་དགོས་ལ། བློ་ཐག་ཆོད་པོའི་ལོ་རྒྱུས་ཀྱི་འཁུར་ལེན་ཡང་ཡོད་དགོས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་ང་ཚོར་སྒྲུབ་མི་ཕོད་པ་གང་ཡང་མེད། སྐྱེས་ནས་ཆུ་ཚོད་30ཡས་མས་ལས་མ་འགོར་བའི་བྱིས་པ་དམར་འབྱར་ནས་ལོ་ན་100ལྷག་ལ་སོན་པའི་བགྲེས་སོང་བར་དང་། ཀྲུང་གོར་སློབ་སྦྱོང་བྱེད་བཞིན་པའི་ཕྱི་རྒྱལ་གྱི་སློབ་མ་དང་ཀྲུང་གོར་སླེབས་པའི་ཕྱི་རྒྱལ་པ་བཅས་ཚེ་སྲོག་རེ་རེར་སྲུང་སྐྱོབ་གང་ཐུབ་བྱས་ཤིང་། མིའི་ཚེ་སྲོག་དང་། མིའི་རིན་ཐང་། མིའི་ལ་རྒྱ་བཅས་ལ་སེམས་ཤུགས་ཡོད་དགུས་བདག་གཅེས་བྱས་ཡོད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་ཀྱི་འགྲེལ་བཤད་ཡག་ཤོས་ཡིན་ཨང་། དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ཚེ་སྲོག་བླ་མེད་དུ་འཛིན་པའི་ཀུན་སྤྱོད་ལྟ་བའི་མཚོན་སྟངས་ཡག་ཤོས་ཡིན་ཨང་། དེ་ནི་ཀྲུང་གོའི་མི་དམངས་ཀྱིས་ཚེ་སྲོག་ལ་གུས་བཀུར་བྱེད་པའི་མི་ཆོས་སྙིང་སྟོབས་ཀྱི་དཔང་རྟགས་ཡག་ཤོས་ཀྱང་ཡིན་ཨང་།
—— རྒྱལ་ཡོངས་བློ་གཅིག་སེམས་གཅིག་ཅེས་པས་ཀྲུང་གོའི་མི་དམངས་མི་བརྒྱ་སེམས་གཅིག་དང་། སྐྱིད་སྡུག་མཉམ་མྱོང་ཡིན་པའི་མཐུན་སྒྲིལ་གྱི་སྟོབས་ཤུགས་རླབས་པོ་ཆེ་གཅིག་བསྡུས་ཀྱིས་མཚོན་ཡོད། འཆི་གསོན་གྱི་ཚོད་བགམ་དང་ཡུན་རིང་ལོགས་བཀར་ལས་ལུས་སེམས་གཉིས་ལ་གནོན་ཤུགས་དྲག་པོ་ཐེབས་པའི་མདུན་དུ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གཅེས་སྲོག་འབེན་ལ་བཙུགས་ཤིང་དཀའ་བརྒྱ་ཁྱད་དུ་བསད་དེ་ཡང་ན་ཉེན་ཁ་གདོང་གིས་བསུས་པ་དང་། ཡང་ན་ཁ་ཁུ་སིམ་མེར་བརྟན་སྲུང་བྱས་པ་སོགས་རྣམ་པ་སྣ་ཚོགས་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་སེམས་ཤུགས་དང་ལུས་ཤུགས་བཏོན་ཡོད། ལྕགས་རིའི་ཕྱི་ནང་གཉིས་དང་། འབྲི་ཆུའི་ལྷོ་བྱང་ཡོངས་ཀྱི་རྒྱལ་ཡོངས་མི་དམངས་ཚང་མས་བློ་ཁ་ཕྱོགས་གཅིག་ཏུ་གཏོད་ཅིང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ཏེ། མི་སྒེར་གྱི་སྐྱིད་སྡུག་དང་། ཐུན་མོང་གི་ཁྲེལ་གྲགས། རྒྱལ་ཁབ་ཀྱི་བདེ་སྡུག་བཅས་གཞི་གཅིག་ཏུ་བཞག་ནས་“ལྷ་རྗེ་གོས་དཀར་ཅན་”དང་། “ཉེན་རྟོག་གོས་ལྗང་ཅན།” “ལྟ་སྲུང་གོས་སྔོན་ཅན།” “དང་བླངས་པ་གོས་དམར་ཅན་”བཅས་འཕྲལ་དུ་འཛོམས་ནས་“ང་ཏང་ཡོན་ཡིན་པས་སྔོན་དུ་སྐྱོད་དགོས་”ཞེས་དང་། “རིམས་ནད་མ་འཇགས་བར་དུ་ང་རང་ཕྱིར་འཐེན་མི་བྱེད་”ཅེས་སོགས་ལྷག་བསམ་རྣམ་དག་གིས་དམ་བཅའ་བརླིང་པོ་བཞག་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་དབུགས་ལམ་གཅིག་གྱུར་དང་། ལས་དབང་གཅིག་མཐུན། དཔུང་པ་མཉམ་གཤིབ། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ནས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པའི་རབ་མཛེས་དུས་རབས་ཀྱི་རི་མོ་བྲིས་ཡོད།
—— འཆི་གསོན་ལ་མི་ལྟ་བ་ཞེས་པས་ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་ཐམས་ཅད་ཁྱད་དུ་གསོད་ནུས་ཤིང་དཀའ་ངལ་ཅི་ཞིག་གིས་ཀྱང་གཉའ་ནས་གནོན་མི་ཐུབ་པའི་ཞུམ་པ་མེད་པའི་བློ་སྟོབས་གཅིག་བསྡུས་ཀྱིས་མཚོན་ཡོད། ཉེན་ཁ་ཚབས་ཆེན་གྱི་དུས་སུ་སླར་ཡང་ས་སྟེང་དཔའ་བོས་ཁེངས་པ་མཐོང་བྱུང་། འཐབ་ཕྱོགས་ཁག་གི་རིམས་འགོག་དཔའ་རྟུལ་ཚོས་བག་མི་འཁུམས་ལ་དཔའ་མི་ཞུམ་པར་འཆི་གསོན་བཏང་སྙོམས་སུ་འཇོག་པ་དང་། དཀའ་ངལ་གྱི་མདུན་དུ་བློས་གཏོང་ཕོད་པ་དང་གནད་འགག་གི་དུས་སུ་གདོང་མཆོང་བྱེད་ཕོད་པའི་ངང་སེམས་ཅན་གྱི་ཚེ་སྲོག་སྐྱོབ་པའི་འགན་འཁྲི་དེ་བློ་དཀྱེལ་ཆེན་པོས་ཕྲག་ཏུ་ཁུར་ཡོད། ཁོང་ཚོའི་ནང་དུ་གསོན་པའི་རེ་བ་གཞན་ལ་སྦྱིན་པས་རང་ཉིད་སྲོག་སྐྱོབ་སྨན་བཅོས་བྱེད་པའི་གོ་སྐབས་ཤོར་བའི་སྨན་ཁང་གི་འགོ་གཙོ་ཡོད་ལ། རང་གི་བཟའ་ཟླར་གཉེན་སྟོན་གྱི་ཁས་ལེན་དམ་བཅའ་བཞག་པ་མངོན་འགྱུར་བྱེད་ཐབས་གཏན་དུ་བྲལ་བའི་ཁྱོ་ག་ཡོད་པར་མ་ཟད། སྲོག་སྐྱོབ་སྨན་བཅོས་ཀྱི་ལས་གནས་ཐོག་རང་སྲོག་བློས་བཏང་བའི་ཕྲུ་གུའི་ཨ་མ་ཡང་ཡོད།…… རིམས་ནད་ཀྱི་མདུན་དུ་ཀྲུང་གོའི་མི་དམངས་དཔའ་མ་ཞུམ་ལ། ནགས་སུ་སྟག་མོ་ཡོད་པ་ཤེས་བཞིན་དུ་ནགས་ཀློང་དུ་ཤར་མར་སྐྱོད་པའི་མཛད་སྤྱོད་རླབས་པོ་ཆེའི་ཐོག་ནས་དགའ་སྐྱོ་གཉིས་ལྡན་དང་མི་སེམས་འགུལ་ཞིང་བརྗིད་ཉམས་ལྡན་པའི་ལེགས་རྩོམ་མཛད་ཡོད། ཀྲུང་ཧྭ་མི་རིགས་དཀའ་ཉེན་གྲངས་ལས་འདས་པར་ཕྲད་རུང་ཡར་རྒྱས་གོང་འཕེལ་ཡོང་དོན་ནི་འཇིག་རྟེན་གྱི་སྐྱབས་མགོན་ཞིག་གིས་བསྐྱབས་པ་གཏན་ནས་མ་ཡིན་པར། དཀའ་ཉེན་ཆེན་པོའི་མདུན་དུ་སྐྱེ་བོ་དཀྱུས་མ་ཁྲི་ཕྲག་མང་པོ་གཅིག་ལངས་གཉིས་ལངས་བྱས་ནས་ཐོན་པ་དང་ངར་ཤུགས་ཆེན་པོས་རྒྱུགས་པས་རེད།
—— ཚན་རིག་ལ་བརྩི་འཇོག་བྱེད་པ་ཞེས་པས་ཀྲུང་གོའི་མི་དམངས་ཀྱིས་བདེན་འཚོལ་དངོས་གཉེར་དང་། སྲོལ་འབྱེད་གསར་གཏོད་བྱེད་པའི་ལག་ལེན་གྱི་གཤིས་རྒྱུད་གཅིག་བསྡུས་ཀྱིས་མཚོན་ཡོད། སྔོན་ཆད་རྒྱུས་མངའ་མེད་པའི་འགོས་ཁྱབ་རང་བཞིན་གྱི་ནད་རིགས་གསར་པ་འདིའི་མདུན་དུ། ང་ཚོས་ཚན་རིག་གི་སྙིང་སྟོབས་དང་ཚན་རིག་གི་རྣམ་འགྱུར་བཟུང་ནས་ཇུས་གཅོད་བཀོད་འདོམས་དང་། ནད་པར་སྨན་བཅོས། ལག་རྩལ་འགག་སྒྲོལ། སྤྱི་ཚོགས་བཅོས་སྐྱོང་བཅས་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོའི་ནང་དུ་ཚན་རིག་གི་ཆོས་ཉིད་ལ་བརྩི་སྲུང་བྱས་ཡོད། ཕན་ནུས་ཆེ་བའི་སྨན་མེད་པའི་གནས་ཚུལ་འོག །ཀྲུང་ཕྱི་སྨན་དཔྱད་ཟུང་འབྲེལ་བྱས་ནས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་ནད་བརྟག་སྨན་བཅོས་བྱེད་ཐབས་ཀྱི་ཇུས་གཞི་ཁག་བརྒྱད་སྔ་ཕྱིར་བཏོན་པ་དང་། “སྨན་གསུམ་དང་སྦྱོར་གསུམ་”[2]སོགས་ནད་ཐོག་ཕན་ནུས་ཐོན་པའི་ཀྲུང་ལུགས་སྨན་དང་ཕྱི་ལུགས་སྨན། སྨན་བཅོས་བྱེད་ཐབས་བཅས་བཏོན་ཡོད་ལ། རྒྱལ་ཁབ་མང་པོས་དེ་དཔྱད་གཞིར་བཟུང་ཞིང་བེད་སྤྱོད་བྱས་ཡོད། སྒྲོམ་ཚང་སྨན་ཁང་བསྐྲུན་པ་དང་ལག་རྩལ་ཐབས་ལམ་མང་པོའི་སྒོ་ནས་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱས་པ་དང་། གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་བྱས་པ། གཞི་གྲངས་ཆེན་མོར་བརྟེན་ནས་རྗེས་སྙེག་ཁུངས་འདེད་བྱས་པ། བདེ་ཐང་ཨང་གཤེར་དབྱེ་འབྱེད་བྱས་པ། ཚོ་ཁག་དང་རིམ་པ་བགོས་ནས་ཁྱད་པར་ཡོད་པའི་སྔོན་འགོག་ཚོད་འཛིན་བྱས་པ། ལས་ཐོན་བསྐྱར་ཚུགས་སྒྲིག་སྲོལ་ལྡན་པའི་ངང་སྤེལ་བ་བཅས་གང་ཡིན་རུང་ཚང་མ་ཚན་རིག་གི་དགོངས་དོན་ལ་བརྩི་འཇོག་དང་དར་སྤེལ་བྱས་པ་ཡིན་ལ། ཚང་མས་རིམས་ནད་ལས་རྣམ་པར་རྒྱལ་བར་སྟོབས་དང་ལྡན་པའི་ཚན་རིག་གི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།
—— ལས་དབང་མཉམ་འཁུར་བྱེད་པ་ཞེས་པས་ཀྲུང་གོའི་མི་དམངས་ཀྱི་ཕྱར་བ་གྲུ་འདེགས་དང་། ཞི་བདེར་དགའ་བའི་ཚུལ་ལུགས་དང་འཁུར་ལེན་གཅིག་བསྡུས་ཀྱིས་མཚོན་ཡོད། ལམ་ཆེན་ཁེར་འགྲོ་མིན་ལ། བརྩེ་ཆེན་མུ་མཐའ་མེད། ང་ཚོས་“གནམ་འོག་ཁྱིམ་ཚང་གཅིག་”གི་འདུ་ཤེས་བཅངས་ནས་ཀྲུང་གོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ཁུར་བར་མ་ཟད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ཡང་འགན་ཁུར་ཡོད། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་རོགས་སྐྱོར་གྱི་དུས་ཚོད་ཆེས་གཅིག་བསྡུས་དང་། ཁྱབ་ཡུལ་ཆེས་ཆེ་བའི་འཕྲལ་བསྟུན་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་ནས་གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྒུལ་ཤུགས་རྒྱུན་ཆད་མེད་པར་བཏོན་ཡོད་པ་དང་། དེ་ལས་ཁ་དན་ཚིག་གནས་དང་། བརྩེ་བ་ལྷུར་ལེན། བདེན་དོན་དར་སྤེལ། ཚུལ་ལུགས་བརྩི་སྲུང་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་སྒོ་ཀུན་ནས་བསྟན་ཡོད་པ་དང་། འཛམ་གླིང་གི་སྤྱི་སྙོམས་ཆེན་པོ་དོན་གཉེར་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་འཁུར་ལེན་ལ་འགྲེལ་བཤད་གསོན་ཉམས་དོད་པོ་བྱས་ཡོད།
མི་ལ་སྙིང་སྟོབས་མེད་ན་གཞི་མི་ཚུགས་ལ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་མི་རྒྱས། དེ་ཡང་སྙིང་སྟོབས་ཡོད་པར་མ་ཟད་སྙིང་སྟོབས་བརྟན་པོ་ཡོད་པའི་མི་རིགས་ཤིག་ཡིན་ན་གཞི་ནས་ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་པོའི་ནང་དུ་རླབས་རྩེ་རུ་འགྱིངས་ངེར་ལངས་ཐུབ་པ་རེད། དཀའ་ངལ་ལ་འཐབ་རྩོད་བྱེད་པ་ནི་དངོས་པོའི་སྟོབས་ཤུགས་འགྲན་པ་ཡིན་ལ། སྙིང་སྟོབས་ཀྱི་སྟེང་ནས་རྩེ་རྩོད་བྱེད་པའང་ཡིན། རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་འདི་ནི་ཀྲུང་ཧྭ་མི་རིགས་ལ་དུས་ཡུན་རིང་པོར་ཆགས་པའི་ཐུན་མིན་བསྐོས་ཐང་དང་རིག་གནས་ཀྱི་གཞི་རྒྱུ་དང་གཅིག་རྒྱུན་གཅིག་འཛིན་དུ་གྱུར་ལ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་བྱས་པ་ཡིན་པ་དང་། ཀྲུང་གོའི་སྙིང་སྟོབས་ཀྱི་གསོན་ཉམས་དོད་པའི་འགྲེལ་བཤད་ཡིན་ཞིང་། དེས་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་བཟོས་ཡོད། ང་ཚོས་སྤྱི་ཚོགས་ཡོངས་སུ་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས་དེ་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྟོབས་ཤུགས་སུ་སྒྱུར་དགོས།
“ཟས་ཀྱི་ཞིམ་མངར་མྱངས་ན་ཤེས། འགྲོ་ལམ་བདེ་མིན་སོང་ན་ཤེས།”[3] བརྗིད་ཉམས་ལྡན་པའི་རིམས་འགོག་འཐབ་རྩོད་འདི་ལས་ང་ཚོར་ཉམས་མྱོང་གལ་ཆེན་དང་བློ་སྐྱེད་ཟབ་མོ་ཐོབ་ཡོད།
—— རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་རླབས་པོ་ཆེ་ལས་ཀྲུང་གོའི་གུང་ཁྲན་ཏང་ལ་མངའ་བའི་འགྲན་ཟླ་བྲལ་བའི་འགོ་ཁྲིད་ནུས་པ་ཆེན་པོ་ནི་རྐྱེན་ངན་ཉེན་ཁར་འཕྲད་སྐབས་ཀྲུང་གོའི་མི་དམངས་ཀྱི་ཆེས་ཡིད་རྟོན་རུང་བའི་རྒྱབ་རྟེན་ཡིན་པ་སླར་ཡང་ར་འཕྲོད་གསལ་པོ་བྱུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ནང་དུ་རྩ་བ་ཚུགས་ཡོད་སྟབས། ཐམས་ཅད་མི་དམངས་ཀྱི་དོན་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པས། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་གོང་བཀུར་དང་རྒྱབ་སྐྱོར་བརྟན་པོ་ཐོབ་པ་རེད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནུས་པ་དང་སྲིད་སྐྱོང་ནུས་པའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྨང་གཞི་ཡིན། ཐེངས་འདིའི་རིམས་འགོག་འཐབ་རྩོད་འགོ་ཚུགས་མ་ཐག །ཏང་ཀྲུང་དབྱང་གིས་ཏང་ཡོངས་ལ་འབོད་སྐུལ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གཡུལ་ས་མདུན་མར་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ཤིང་ལྷབ་ལྷུབ་ཏུ་གཡོ་བར་བྱས་པས། ཀྲུང་གོའི་གུང་ཁྲན་ཏང་མིའི་འཁུར་ལེན་དང་དཔའ་ཉམས་སྒོ་ཀུན་ནས་མངོན་ཡོད། རིམས་འགོག་འཐབ་རྩོད་ལས་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་གདོང་ལེན་དཔེ་སྟོན་གྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཡོད་པ་དང་། ཕུལ་བྱུང་མི་སྣ་25000ལྷག་གིས་གཡུལ་ས་ནས་དམ་བཅའ་བཞག་སྟེ་ཏང་ལ་ཞུགས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་གུང་ཁྲན་ཏང་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཡོད་པས། ཀྲུང་གོས་ད་གཟོད་འཛམ་གླིང་དུ་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བའི་བྱས་རྗེས་ངོ་མཚར་ཅན་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་བྱས་རྗེས་ངོ་མཚར་ཅན་བཞག་པ་དང་། ང་ཚོས་ད་གཟོད་ཆུ་ལོག་ལས་རྣམ་པར་རྒྱལ་བ་དང་། དམིགས་བསལ་གློ་ཚད་བཀག་འགོག་བྱས་པ། ས་ཡོམ་གྱི་གནོད་པ་འགོག་སེལ་བྱས་པ། ཉམས་ཉེན་སེལ་ཞིང་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ལམ་ལྷོངས་བྱུང་བ་དང་། ད་གཟོད་ཐེངས་འདིའི་རིམས་འགོག་འཐབ་རྩོད་ལས་རྣམ་པར་རྒྱལ་བ་རེད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་གཏན་དུ་འཛིན་སྐྱོང་བཅས་བྱས་ཚེ། ང་ཚོས་སྟོབས་དང་ལྡན་པའི་བསྒྲིལ་ཤུགས་ཆགས་ནས་རྙོག་འཛིང་ཆེ་བའི་གནས་ཚུལ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་བག་ཡངས་ངང་ཁ་གཏད་གཅོག་ཐུབ་ངེས་རེད།
—— རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་རླབས་པོ་ཆེ་ལས་ཀྲུང་གོའི་མི་དམངས་ལ་ལྡན་པའི་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་ནི་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་ཐམས་ཅད་སེལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་སླར་ཡང་ར་འཕྲོད་གསལ་པོ་བྱུང་ཡོད། དཀའ་ཁག་གིས་ཀྲུང་གོའི་མི་དམངས་ལ་ཉམས་ཚོད་བླངས་ཡོད་ལ་སྦྱོང་བརྡར་ཡང་བྱས་ཡོད། ཀྲུང་གོའི་མི་དམངས་ཀྱིས་དཀའ་སྡུག་གི་ནང་དུ་སྔ་འགྱེལ་ཕྱི་མཐུད་དང་ཉེན་ཁའི་མདུན་དུ་སྙིང་རུས་མི་ཉམས་པའི་དབང་གིས་ང་ཚོས་ད་གཟོད་སྟོབས་ལྡན་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱེད་སྐབས་ཞུམ་མེད་འགྲན་རྒོལ་བྱེད་ཐུབ་ཡོད་པ་དང་། རི་ཀླུང་ཉམས་ཆག་བྱུང་སྐབས་ཁྲག་བཏོན་དམར་འཛིང་བྱེད་ཐུབ་ཡོད་པ། དབུལ་ཞིང་ཕོངས་པའི་སྐབས་སུ་ཤུགས་སྐྱེད་སྟོབས་སྤེལ་བྱེད་ཐུབ་ཡོད་པ། དུས་རབས་འཕེལ་རྒྱས་འགྲོ་སྐབས་དུས་བསྟུན་མདུན་སྐྱོད་བྱེད་ཐུབ་ཡོད་པ་བཅས་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ད་གཟོད་འཛམ་གླིང་མི་རིགས་ཀྱི་གྲས་སུ་འགྱིང་ངེར་ལངས་ཐུབ་པ་བྱུང་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ཀྲུང་གོའི་མི་དམངས་ཀྱིས་ཉམས་པ་མེད་པའི་སྐྱེ་སྟོབས་དང་། ཟད་མཐའ་མེད་པའི་གོང་བུར་འགྲིལ་ཤུགས། ཆད་པ་མེད་པའི་བསྲན་ཚུགས། རྫོགས་མཐའ་མེད་པའི་གསར་གཏོད་བྱེད་ནུས་བཅས་ལ་བརྟེན་ནས་འཛམ་གླིང་ལ་སྙན་གྲགས་རྒྱས་ཡོད་པས། ང་ཚོ་ཚང་མ་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པའི་གཟི་བརྗིད་དང་སྤོབས་པ་ཆེན་པོས་ཁེངས་ཡོད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་དོན། མི་དམངས་ལ་དམ་པོར་བརྟེན་པ་དང་ཡོད་ཚད་མི་དམངས་ཀྱི་དོན་དུ་གཞོལ་བ། རྒྱ་ཆེའི་མི་དམངས་ཀྱི་ཞུམ་མེད་བློ་རྩ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་སྒོ་ཀུན་ནས་སྐུལ་སློང་བྱས་ཚེ། ང་ཚོས་ཆེས་རྒྱ་ཆེ་བའི་མི་དམངས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ཐུབ་ངེས་རེད།
—— རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་རླབས་པོ་ཆེ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་དགེ་མཚན་ནི་ཉེན་ཁ་དང་འགྲན་སློང་འགོག་པ་དང་རྒྱལ་ཁབ་སྐྱོང་བའི་ཕན་འབྲས་ཆེ་རུ་གཏོང་བྱེད་ཀྱི་རྩ་བའི་འགན་སྲུང་ཡིན་པ་སླར་ཡང་ར་འཕྲོད་གསལ་པོ་བྱུང་ཡོད། རྒྱལ་ཁབ་ཅིག་གི་ལམ་ལུགས་ལམ་ལྷོངས་བྱུང་ཡོད་མེད་དང་ཁྱད་འཕགས་ཡིན་མིན་འཇལ་བྱེད་ཀྱི་ཕྱོགས་གལ་ཆེ་བ་ཞིག་ནི་ཉེན་ཁ་དང་འགྲན་སློང་དྲག་པོའི་མདུན་དུ་ཕྱོགས་བཞིར་བཀའ་བཀོད་གཏོང་བ་དང་མཚམས་བརྒྱད་སྒྲིག་འཛུགས་བྱས་ཏེ་མཉམ་དུ་ཁ་གཏད་གཅོག་ཐུབ་མིན་དེ་ཡིན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྤྱིར་བཏང་མ་ཡིན་པའི་སྒྲིག་འཛུགས་དང་སྐུལ་སློང་བྱེད་པའི་ནུས་པ་དང་། གཅིག་འདོམས་དང་མཐུན་སྦྱོར་བྱེད་པའི་ནུས་པ། ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་པ་བཅས་ལྡན་པས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་དོན་ཆེན་པོ་སྒྲུབ་པ་དང་། བསྒྲུབ་དཀའི་ལས་དོན་སྒྲུབ་པ། ཁ་ཚ་དགོས་གཏུག་གི་ལས་དོན་སྒྲུབ་པ་བཅས་ཀྱི་ཁྱད་འཕགས་དགེ་མཚན་སྒོ་ཀུན་ནས་འདོན་སྤེལ་བྱེད་ཐུབ་པ་རེད་ལ། ཐེངས་འདིའི་རིམས་འགོག་འཐབ་རྩོད་ལས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཁྱད་འཕགས་རང་བཞིན་སྒོ་ཀུན་ནས་མཚོན་ཡོད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ལམ་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་། གདོང་ཐུག་བཅས་ལ་ཁ་གཏད་གཅོག་མཁས་པོ་བཅས་བྱས་ཚེ། ང་ཚོས་གནོན་ཤུགས་རེ་རེའི་ཚོད་བགམ་ཐེག་ཐུབ་པ་དང་། རྒྱུན་ཆད་མེད་པར་རྐྱེན་ངན་གྲོགས་སུ་བསྒྱུར་ནས་དཀའ་སྡུག་ལས་ཐར་ཐུབ་ངེས་རེད།
—— རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་རླབས་པོ་ཆེ་ལས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་གསོག་འཇོག་བྱས་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་གྱ་ནོམ་པ་ནི་འཇིགས་རུང་དྲག་རླབས་ལ་བག་ཡངས་ངང་ཁ་གཏད་གཅོག་པའི་གདེང་ཚོད་ཟབ་བརླིང་ཡིན་པ་སླར་ཡང་ར་འཕྲོད་གསལ་པོ་བྱུང་ཡོད། ང་ཚོས་དུས་ཡུན་རིང་པོར་གསོག་འཇོག་བྱས་པའི་དངོས་པོའི་རྨང་གཞི་གྱ་ནོམ་པ་དང་། བཙུགས་པའི་ཐོན་ལས་ཀྱི་མ་ལག་འཐུས་ཚང་པོ། ཆགས་པའི་ཚན་རྩལ་གྱི་སྟོབས་ཤུགས་ཆེན་པོ། གསོག་པའི་སྨན་བཅོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད། རིམས་ནད་བྱུང་རྗེས་ང་ཚོས་འཕྲལ་མར་ཕྱོགས་ཡོངས་ཀྱི་མི་ཤུགས་སྒྲིག་འཛུགས་དམག་འཐབ་དང་། དངོས་ཟོག་འགན་སྲུང་དམག་འཐབ། ཚན་རྩལ་འཕྲལ་རྒོལ་དམག་འཐབ། ཐོན་ཁུངས་འཁོར་སྐྱོད་དམག་འཐབ་བཅས་བཤམས་ཡོད། རིམས་འགོག་གི་གནས་བབ་ཛ་དྲག་ཆེ་ཤོས་ཀྱི་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་མི་ཉུང་བའི་ཐད་དུ་གནས་སྐབས་“མཚམས་འཇོག་མཐེབ་གནོན་”གནོན་དགོས་བྱུང་རུང་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྤྱིའི་ཆ་ནས་རྒྱུན་ལྡན་ཡིན་པ་འདི་དག་རྩ་བའི་ཐོག་ནས་བཤད་ན་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ཡུན་རིང་གསོག་འཇོག་བྱས་པའི་ཕྱོགས་བསྡུས་རྒྱལ་སྟོབས་ལ་རག་ལས་པ་དང་། ཉེན་ཁ་ཚབས་ཆེན་གྱི་སྐབས་སུ་ང་ཚོའི་ཕྱོགས་བསྡུས་རྒྱལ་སྟོབས་སྤྱོད་གང་ཐུབ་བྱས་པར་རག་ལས་པ་རེད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་དོན། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྒྱ་ཆེའི་མི་དམངས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་ཉིན་རེ་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་ཉིན་རེ་བཞིན་རྒྱུན་ཆད་མེད་པར་བརྟན་པོ་ཡོང་བ་བཅས་བྱས་ཚེ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་འདི་ཉིད་རླུང་བརྟེན་རླབས་གཤགས་ཀྱིས་བརྟན་པོའི་ངང་ཕ་མཐར་སྐྱོད་དུ་འཇུག་ཐུབ་ངེས་རེད།
—— རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་རླབས་པོ་ཆེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་[4]དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མངའ་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ནི་མི་སེམས་གོང་བུར་འགྲིལ་བ་དང་། དམངས་ཤུགས་གཅིག་ཏུ་འགྲིལ་བར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡིན་པ་སླར་ཡང་ར་འཕྲོད་གསལ་པོ་བྱུང་ཡོད། རིག་གནས་ཀྱི་གདེང་ཚོད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རྒྱས་ལས་ཆེས་རྨང་གཞི་དང་། གཏིང་ཟབ་ཤོས། རྒྱུན་རིང་ཤོས་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན། བཟང་ཕྱོགས་དང་དགེ་ཕྱོགས་ཀྱི་རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་སྐྱིད་སྡུག་མཉམ་མྱོང་དང་གདུང་རྒྱུད་འབྲེལ་བའི་སྦྲེལ་ཐག་གལ་ཆེན་ཞིག་ཡིན། ཀྲུང་གོའི་མི་དམངས་ཀྱིས་སྔར་ནས་ད་བར་དུ་རྒྱལ་ཁབ་ལ་དུང་ཞེན་བཅངས་ཡོད་ལ། ས་སྟེང་སྤྱི་སྐལ་དང་རང་གཅུན་སྤྱི་གཅེས་ལ་བརྩི་མཐོང་བྱེད་པ་དང་། རྒྱལ་ཁབ་དར་རྒུད་ཅི་ཡོང་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པར་བརྩི་བ། ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་གཅེས་སུ་འཛིན་པ། འགྲོ་གྲོགས་དང་སྡོད་གྲོགས་དང་རྒན་བཀུར་གཞོན་གཅེས་བྱེད་པར་སྐུལ་བ། རང་དབང་དང་རང་གཅུན་གཅིག་ལ་གཅིག་བརྟེན་དང་། དབང་ཆ་དང་འགན་འཁྲི་གཅིག་ལ་གཅིག་བརྟེན་ཡིན་པར་དང་དོད་བྱེད་པ་བཅས་ཡིན། ཐེངས་འདིའི་རིམས་འགོག་འཐབ་རྩོད་ཀྱི་ནང་དུ་ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་ཚད་མཐོའི་འགན་འཁྲིའི་འདུ་ཤེས་དང་། རང་གཅུན་གྱི་བསམ་པ། བློས་གཏོང་བའི་སྙིང་སྟོབས། མཛའ་བརྩེའི་བསམ་པ་བཅས་མངོན་པར་བྱས་ནས་རྡོག་རྩ་གཅིག་སྒྲིལ་དང་མི་བརྒྱ་སེམས་གཅིག་གི་སྟོབས་དང་ལྡན་པའི་བསམ་པའི་སྲུང་རགས་བསྐྲུན་ཡོད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་ཉམས་ལེན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་དང་དར་སྤེལ་བཏང་ཚེ། ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཁྱིམ་གཞིས་སྐྲུན་ཐུབ་པ་དང་། ཀྲུང་ཧྭའི་བུ་ཕྲུག་གིས་མཐུན་སྒྲིལ་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་བསམ་བློའི་རྨང་གཞི་སྐྲུན་ཐུབ་ངེས་རེད།
—— རིམས་འགོག་འཐབ་རྩོད་ཀྱི་ལག་ལེན་རླབས་པོ་ཆེ་ལས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མངའ་བའི་རྒྱ་ཆེའི་བློ་འགུག་བྱེད་ནུས་ནི་མིའི་རིགས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། སྔར་ལས་དར་ཞིང་རྒྱས་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ལམ་བཟང་ཞིག་ཡིན་པ་སླར་ཡང་ར་གསལ་པོ་འཕྲོད་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་མི་རྣམས་ལ་རྣམ་པ་དམིགས་བསལ་བ་ཞིག་གི་ཐོག་ནས་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་དང་། ཉེན་ཁ་ཚབས་ཆེན་གྱི་མདུན་དུ་རྒྱལ་ཁབ་གང་ཞིག་གིས་ཀྱང་ཐབས་མཁས་རང་སྲུང་བྱེད་མི་ཐུབ་པས་མཐུན་སྒྲིལ་མཉམ་ལས་བྱེད་པ་ནི་འཇིག་རྟེན་གྱི་ལམ་བཟང་ཞིག་ཡིན་པའི་བསླབ་བྱ་བཏང་ཡོད། རང་ཁེ་རང་ཕན་དང་། རང་ཉེས་གཞན་དཀྲི། བདེན་རྫུན་གོ་ལྡོག །དཀར་ནག་རྙོག་དཀྲུག་བཅས་ཀྱི་བྱ་སྤྱོད་ཀྱིས་རྒྱལ་ཁབ་དེ་དང་དེའི་མི་དམངས་ལ་གནོད་འཚེ་གཏོང་བར་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལའང་གནོད་འཚེ་གཏོང་བ་རེད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་གསལ་བཤད་བྱས་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅངས་ཤིང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་བསྐྱོད་ཚེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་སྣ་ཚོགས་ལ་ཁ་གཏད་གཅོག་ཐུབ་པ་དང་། མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་ཐུབ་ངེས་རེད།
ད་ལྟ། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་དུ་འབྱུང་བཞིན་ཡོད་པ་དང་། རྒྱལ་ནང་གི་བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེ་བ་རེད། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་སྣོལ་མཚམས་སུ་ལངས་ནས་ང་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཡོ་སྒུལ་སྤུ་ཙམ་མེད་པར་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཤུགས་རྒྱག་པ། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལེགས་པར་སྒྲུབ་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
—— ང་ཚོས་ལྷོད་གཡེང་སྤུ་ཙམ་མེད་པར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་བྱས་ནས་འབད་བརྩོན་ཆེན་པོས་རིམས་འགོག་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས། ད་ལྟ་རིམས་ནད་གོ་ལ་ཧྲིལ་པོར་སྔར་བཞིན་མཆེད་བཞིན་ཡོད་པ་དང་། རྒྱལ་ནང་དུ་ནད་དཔེ་ཐར་ཐོར་འབྱུང་བཞིན་ཡོད་ལ་ས་ཁུལ་ཁ་ཤས་སུ་རིམས་ནད་དྲག་ཏུ་ལངས་པའི་ཉེན་ཁ་སྔར་བཞིན་གནས་པས། རིམས་འགོག་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་ད་དུང་མུ་མཐུད་ནས་འབད་བརྩོན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གཟབ་ནན་དང་ཧུར་ཐག་འབད་ཐག་བྱས་ཏེ། ཕྱི་ནས་ནང་མཆེད་འགོག་པ་དང་། ནང་ནས་བསྐྱར་ལོག་འགོག་པའི་ལས་ཀ་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་ལ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གནད་འཁེལ་བྱེད་པ་དང་ས་ཁུལ་ཁ་ཤས་སུ་འཕྲལ་བསྟུན་ཐག་གཅོད་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས་ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྟོང་ཟད་དུ་གཏོང་མི་རུང་། སྨན་རྫས་དང་འགོག་སྨན་གྱི་ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ། སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཚུལ་ལྡན་ཚད་རིམ་མཐོ་རུ་གཏོང་བ་བཅས་བྱས་ནས་ཚུལ་ལྡན་དང་བདེ་ཐང་གི་ཁོར་ཡུག་ཆུང་ཆུང་ཁྲི་སྟོང་མང་པོར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་སྤྱི་ཚོགས་ཀྱི་སྲུང་རགས་ཆེན་པོ་སྐྲུན་དགོས།
—— ང་ཚོས་“བརྟན་པོ་དྲུག་”གི་ལས་ཀ་ཏན་ཏིག་སྒྲུབ་དགོས་པ་དང་། “འགན་སྲུང་དྲུག་”[5]གི་ལས་འགན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཕམ་རྟིང་རྩོད་བྱེད་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། ཡིད་ཆེས་ཆེར་སྐྱེད་དང་ངར་ཤུགས་གཅིག་སྒྲིལ་གྱིས་ཤོར་ཟིན་པའི་དུས་ཚོད་ཁ་གསབ་དང་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཁ་གསབ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་དུས་ཡུན་རིང་འབྲིང་གི་མཐུན་སྦྱོར་ལམ་སྲོལ་ཧུར་ཐག་གིས་འཛུགས་དགོས། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་ལྟེ་གནད་འདི་ཉིད་དམ་པོར་འཛིན་པ། ཚོང་རའི་བྱེད་པོའི་གསོན་ཤུགས་སྲུང་སྐྱོབ་དང་སྐུལ་སློང་བྱེད་པ། སྤྱི་ཁོག་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཞིང་ནུས་པ་འཐོན་པར་འགན་ལེན་ཏན་ཏིག་བྱེད་པ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་བརྟན་བརླིང་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྱི་འབུར་ཐོན་གནད་དོན་དང་ལྷུ་ཚིགས་ཞན་སར་དམིགས་ཏེ་ངར་ཤུགས་གཅིག་སྒྲིལ་དང་ཧྲག་དམག་དཔུང་འཇུག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་དཀའ་ཉེན་སྐྱིད་སྡུག་སེམས་ལ་བཞག་སྟེ་མང་ཚོགས་ལ་ལས་ཞུགས་དང་། ཡོང་འབབ། སློབ་ཞུགས། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འགན་བཅོལ། སྡོད་ཁང་སོགས་ཐད་ཀྱི་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་དགོས་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་ལས་ཀ་ཁག་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས།
—— ང་ཚོས་བཅོས་སྐྱོང་མ་ལག་གི་ཆད་སྐྱོན་དང་ཞན་ཆ་གང་མགྱོགས་ཀྱིས་ཁ་གསབ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་ཆེད་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་བཟོ་དགོས། ཐེངས་འདིའི་རིམས་འགོག་འཐབ་རྩོད་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་གཅིག་བསྡུས་ཀྱིས་ཞིབ་བཤེར་བྱས་པ་ཞིག་ཡིན། ཆད་སྐྱོན་གསབ་པ་དང་། སྟོང་ཆ་སྐོང་བ། ཉམས་ཆག་སྐོང་གསོ་བཅས་དམ་འཛིན་བྱེད་པ་དང་། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་སུ་འཐུས་ཚང་དུ་གཏོང་བ་དང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་གང་ཐུབ་ཀྱིས་ཇེ་ཆེར་གཏོང་དགོས། སྟོབས་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་དགོས་པ་དང་། ནད་རིགས་སྔོན་འགོག་ཚོད་འཛིན་གྱི་མ་ལག་འཐུས་ཚང་དུ་གཏོང་བ། ཞི་འཐབ་ཟུང་འབྲེལ་གྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་སྲོག་སྐྱོབ་སྨན་བཅོས་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་པ། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་དང་ཚན་རྩལ་འདེགས་སྐྱོར་ཆེ་རུ་གཏོང་བ། འཕྲལ་བསྟུན་དངོས་ཟོག་གྲབས་གསོག་དང་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ། མཉམ་འགོག་མཉམ་སྡོམ་དང་མང་འགོག་མང་སྡོམ་བྱེད་པའི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་འཁོར་ཧྲིལ་པོའི་གྲོང་ཁྱེར་གྱི་བདེ་ཐང་དོ་དམ་འདུ་ཤེས་ཆགས་པར་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས། སྐྱེ་དངོས་ཀྱི་བདེ་འཇགས་དང་ཉེན་ཁར་མཐོང་ཆེན་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་འགོག་སྲུང་ནུས་པ་ཇེ་ཆེར་གཏོང་དགོས།
—— ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅངས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་པའི་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་ལ་འགོ་ཁྲིད་ཀྱི་ནུས་པ་འདོན་པར་རྒྱབ་སྐྱོར། སྔོན་འགོག་ཚོད་འཛིན་དང་སྲོག་སྐྱོབ་སྨན་བཅོས་ཀྱི་ཉམས་མྱོང་རྒྱལ་ཁབ་ཁག་དང་མཉམ་སྤྱོད། རིམས་ནད་ལ་ཁ་གཏད་གཅོག་ནུས་ཞན་པའི་རྒྱལ་ཁབ་དང་ས་ཁུལ་ལ་མུ་མཐུད་དུ་རོགས་རམ། གོ་ལ་ཧྲིལ་པོའི་རིམས་འགོག་དངོས་རྫས་འདོན་སྤྲོད་བྱེད་མཁན་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་བར་གྱི་གཉིས་ཕན་མཉམ་ཁེའི་མཉམ་ལས་རྒྱ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བདེ་བླག་ངང་འཁོར་སྐྱོད་བྱེད་པར་སྲུང་སྐྱོང་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སྔ་ཙམ་ནས་བསྐྱར་སོས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོར་རྒྱལ་ཁབ་ཁག་དང་མཉམ་དུ་སྔར་བས་ཁོང་ཡངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་། སྔར་བས་གོ་ཆོད་ཀྱི་ཕྱོགས་མང་ལམ་སྲོལ་དང་དགེ་མཚན་ལྡན་པའི་ས་ཁོངས་བར་གྱི་མཉམ་ལས་ཆགས་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་བར་གྱི་རྩོད་གཞི་དང་། འཇིགས་སྐུལ་རིང་ལུགས། གནམ་གཤིས་འགྱུར་ལྡོག །དྲ་རྒྱའི་བདེ་འཇགས། སྐྱེ་དངོས་ཀྱི་བདེ་འཇགས་སོགས་གོ་ལ་ཧྲིལ་པོ་ཅན་གྱི་གནད་དོན་ལ་མཉམ་དུ་ཁ་གཏད་བཅགས་ནས་མིའི་རིགས་ཀྱི་སྔར་བས་དགའ་སྐྱིད་ལྡན་པའི་འབྱུང་འགྱུར་མཉམ་དུ་སྐྲུན་འདོད་ཡོད།
—— ང་ཚོས་མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་དང་། ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་བཏང་ནས་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་ཉེན་ཁ་སྣ་ཚོགས་དོན་འབྲས་ལྡན་པར་འགོག་ཟོན་དང་སེལ་ཐབས་བྱེད་དགོས། འཇའ་ཚོན་དང་ཆར་རླུང་མཉམ་དུ་འབྱུང་ལ་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པ་འདི་ནི་དུས་གཏན་དུ་འགྱུར་བ་མེད་པའི་རྩོད་སྒྲུབ་ཀྱི་ཆོས་ཉིད་ཡིན། ང་ཚོའི་ཏང་བཙུགས་ནས་ལོ་ངོ་100ལ་ཉེ་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ལྷག་བཅས་ཀྱི་ལོ་རྒྱུས་ནི་གེགས་མེད་ལྷུན་གྱིས་གྲུབ་པ་ཞིག་རྩ་བ་ནས་མིན། ཇུས་སླ་བཅོས་མ་བྱས་ན་དོན་འགྲུབ། །ལས་དཀའ་བ་མ་གཡོལ་ན་བོགས་ཐོན། །ང་ཚོས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་རྩོད་སྒྲུབ་ཀྱི་ཐོག་ནས་ངོས་འཛིན་དང་སྟངས་འཛིན་བྱས་ཏེ། འཐབ་ཇུས་རང་བཞིན་དང་། མ་ལག་རང་བཞིན། སྔོན་ཚོད་རང་བཞིན་བཅས་ཀྱི་ཞིབ་འཇུག་དང་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལ་ཡུན་རིང་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་བྱེད་དགོས་པ་དང་། ཉེན་ཁ་ལས་གོ་སྐབས་གསར་པ་སྐྱེད་པ་དང་འགྱུར་ལྡོག་ལས་རྣམ་པ་གསར་པ་གཏོད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱེད་པ། གནས་བབ་ཀྱི་འགྱུར་ལྡོག་ལ་བསྟུན་ནས་འཐབ་རྩོད་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ཡོད་པའི་འཐབ་རྩོད་རླབས་པོ་ཆེ་ལ་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།
—— “རྒྱུ་སྐར་ཚོགས་རྣམས་ཡོ་གཟུར་མེད་པ་བཞིན། །མཁས་པས་ནམ་ཡང་རང་སྟོབས་བསྐྱེད་པར་བྱ། །”[6]མི་རིགས་ཤིག་རླབས་ཆེན་ཡིན་པའི་རྩ་བ་ནི་དཀའ་ངལ་དང་ཉེན་ཁ་གང་རུང་གི་མདུན་དུ་ནམ་ཡང་ཡིད་མི་ཆད་པ་དང་དཔའ་མི་ཞུམ་ལ་མཚམས་མི་འཇོག་པར་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་གི་ཆེད་དུ་ཡང་ཡང་འབད་བརྩོན་བྱེད་པ་དེ་ཡིན། ལོ་ངོ་5000ལྷག་གི་ཤེས་དཔལ་དར་བའི་གཟི་བརྗིད་དང་དཀའ་སྡུག་ལས་ཐོན་པའི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ནི་དུས་རབས་གསར་པའི་འཐབ་ལམ་གསར་པ་རླབས་པོ་ཆེའི་ཐོག་མདུན་དུ་སྐྱོད་ངེས་ཡིན་ལ། སྐྱེ་བོ་སུ་དང་སྟོབས་ཤུགས་གང་གིས་ཀྱང་ཀྲུང་གོའི་མི་དམངས་དགའ་སྐྱིད་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་ཆེད་མདུན་དུ་སྐྱོད་པའི་གོམ་སྟབས་འགོག་མི་ཐུབ།
ང་ཚོས་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ལྷུར་ལེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཕམ་རྟིང་རྩོད་བྱེད་པའི་དམིགས་འབེན་ལས་འགན་འབད་བརྩོན་ཆེན་པོས་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་ཏུ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་སྐྲུན་དགོས།
མཆན་འགྲེལ།
[1] 《ཀྲོང་ཙི་•གནམ་ས་》ཞེས་པར་གསལ།
[2] “སྨན་གསུམ་དང་སྦྱོར་གསུམ་”ཞེས་པ་ནི་ཅིན་ཧྭ་ཆིང་ཀན་བྱེ་མ་དང་། ལེན་ཧྭ་ཆིང་ཝུན་སྤྱིན་ཤུབས།(བྱེ་མ།) ཞུའེ་པི་ཅིན་སྨན་ཆུ་གསུམ་དང་། གློ་སེལ་དུག་འབུད་ཐང་སྦྱོར་དང་། རླན་སེལ་དུག་འཇོམས་སྦྱོར་བ། གློ་སེལ་དུག་འཇོམས་སྦྱོར་བ་གསུམ་བཅས་ལ་ཟེར།
[3] མིང་རྒྱལ་རབས་ཀྱི་ལིའུ་ཅི་ཡི་《ཉི་ལེན་ཀྲུའུ་》ཞེས་པར་གསལ།
[4] སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་ནི། འབྱོར་ཕྱུག །དམངས་གཙོ། ཤེས་དཔལ། ཞི་མཐུན། རང་དབང་། འདྲ་མཉམ། གཞུང་དྲང་། ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་ཡིན། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ནི་རྒྱལ་ཁབ་ངོས་ཀྱི་རིན་ཐང་གི་བླང་བྱ་ཡིན་པ་དང་། རང་དབང་དང་། འདྲ་མཉམ། གཞུང་དྲང་། ཁྲིམས་སྐྱོང་བཅས་ནི་སྤྱི་ཚོགས་ངོས་ཀྱི་རིན་ཐང་གི་བླང་བྱ་ཡིན། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་ནི་སྤྱི་དམངས་ངོས་ཀྱི་རིན་ཐང་གི་བླང་བྱ་ཡིན།
[5] “འགན་སྲུང་དྲུག་”ཅེས་པ་ནི་སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཚོང་རའི་བྱེད་པོ་འགན་སྲུང་། འབྲུ་རིགས་ནུས་ཁུངས་ཀྱི་བདེ་འཇགས་འགན་སྲུང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་པོ་ཡོང་བ་འགན་སྲུང་། གཞི་རིམ་འཁོར་སྐྱོད་འགན་སྲུང་བཅས་ཡིན།
[6] 《སྤོར་ཐང་•ཆན་》ཞེས་པར་གསལ།
༄༅། །འཐབ་ཇུས་ཀྱི་ངེས་ཤུགས་འཛིན་སྐྱོང་བྱས་ནས་རིམས་འགོག་ལས་དོན་ཁག་ཞིབ་ཅིང་ཕྲ་བར་འཛིན་དགོས།
(2022ལོའི་ཟླ་3ཚེས་17ཉིན།)
རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཚུན་དུ། ང་ཚོས་“ཕྱི་ནས་ནང་མཆེད་འགོག་པ་དང་། ནང་ནས་བསྐྱར་ལོག་འགོག་པ་”རྒྱུན་འཁྱོངས་དང་། ཁུལ་དབྱེ་རིམ་དབྱེའི་སྒོ་ནས་ཁྱད་པར་ཡོད་ཅིང་གནད་ལ་འཁེལ་བའི་སྔོན་འགོག་ཚོད་འཛིན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ས་ཁུལ་ལ་ལར་བྱུང་བའི་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐག་གཅོད་མགྱོགས་ཤིང་ནུས་ལྡན་བྱས་ནས་ཚད་ཆེ་ཤོས་ཀྱི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་བྱས་ལ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་ནས་འཛམ་གླིང་གི་འགོ་མའི་གནས་བབ་ཟིན་ཡོད་པས། དེས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་འཕེར་པོ་དང་འཇོན་ཐང་ཆེན་པོ་སྒོ་ཀུན་ནས་མཚོན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་སྒོ་ཀུན་ནས་བསྟན་ཡོད།
རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ཐོབ། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ཕྱོགས་སོ་སོ་བཅས་ཀྱིས་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་གྱི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བསྐྱར་འཕར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་དང་། སྔར་ལས་ལྷག་པར་སྐུལ་སློང་བྱས་ཏེ་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། རྒྱུན་འཁྱོངས་ལྷོད་མེད་བཅས་ཀྱིས་རིམས་འགོག་ལས་དོན་ཁག་ཞིབ་ཅིང་ཕྲ་བར་འཛིན་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་འགུལ་རྣམ་གཙང་སེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རིམས་ནད་མཆེད་ཚུལ་བཀག་འགོག་གང་མགྱོགས་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐབས་བཀོད་མུ་མཐུད་ལེགས་སྒྱུར་བྱེད་པ། འགོག་སྨན་དང་འཕྲལ་བརྟག་ཚོད་སྨན། སྨན་རྫས་ཞིབ་བཟོ་སོགས་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་ལས་དོན་སྒྲུབ་དུས་དམིགས་གཏད་ཡོད་པ་བྱེད་དགོས། འཐབ་ཇུས་ཀྱི་ངེས་ཤུགས་འཛིན་སྐྱོང་དང་། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཅིག་འདོམས་བཅས་བྱས་ཏེ། ཕན་ནུས་སྔར་ལས་ཆེ་བའི་ཐབས་བཀོད་སྤྱད་དེ་རིན་དོད་གང་ཆུང་ཆུང་བཏོན་ནས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་གང་ཆེ་ཆེ་ཐོབ་པར་བྱེད་དགོས་པ་དང་། ཚད་གང་ཆེ་ཆེའི་སྒོ་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་དགོས།