༄༅། །ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས།
(2020ལོའི་ཟླ་9ཚེས་3ཉིན།)
ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ནི་འཐབ་རྩོད་ལས་འཚར་ལོངས་དང་དར་རྒྱས་བྱུང་བ་ཞིག་ཡིན་ཞིང་། འཐབ་རྩོད་ཀྱི་སྙིང་སྟོབས་དེ་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་དུས་སྐབས་ཁག་ལ་དཀྱུས་གཅིག་ཏུ་བསྟར་ཡོད། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་ཅིང་། བསྒྱུར་བཅོས་དང་འཕེལ་རྒྱས་ནི་འགག་སྒྲོལ་དཀའ་སེལ་གྱི་དུས་རིམ་གལ་ཆེན་ཞིག་ཏུ་གནས་ཡོད་པས། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ཏུ་ང་ཚོར་འཕྲད་པའི་འཐབ་རྩོད་གནད་ཆེན་ཉུང་ཉུང་ཞིག་ཡིན་མི་སྲིད། ང་ཚོས་ངེས་པར་དུ་དཀའ་ཉེན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་དཔའ་ངར་ཆེན་པོས་འབད་འཐབ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས། རང་རྒྱལ་གྱི་ལྟེ་བའི་ཁེ་ཕན་དང་རྩ་དོན་གལ་ཆེན་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས། རང་རྒྱལ་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས། རང་རྒྱལ་གྱིས་“ལོ་བརྒྱ་གཉིས་པའི་”འབད་འཐབ་དམིགས་འབེན་[1]མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་བྱུང་བའི་དུས་སུ་ང་ཚོས་ངེས་པར་དུ་ཇི་སྲིད་རྒྱལ་ཁ་མ་ཐོབ་པའི་བར་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ་གཡོ་འགུལ་སྤུ་ཙམ་ཡང་བྱེད་ཀྱི་མིན་ལ་ཕྱིར་བཤོལ་ཡང་གཏན་ནས་བྱེད་ཀྱི་མིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་གོམ་སྟབས་ནི་འགོག་ཐབས་མེད་པ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ངེས་རེད། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་བཙན་པོ་དབང་ཡོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁོ་ཚོའི་འདོད་བློ་དེ་ཀྲུང་གོར་བཙན་འགེལ་གྱིས་ཀྲུང་གོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྒྱུར་བ་དང་། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱ་རྒྱུར་འབད་བརྩོན་བྱེད་པར་འགོག་རྐྱེན་བཟོ་བའི་བསམ་ངན་བཅངས་ཕྱིན། ཀྲུང་གོའི་མི་དམངས་ཀྱིས་གཏན་ནས་ཁས་ལེན་གྱི་མིན།
མཆན་འགྲེལ།
[1] “ལོ་བརྒྱ་གཉིས་པའི་”འབད་འཐབ་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་ཡིན། 2012ལོའི་ཟླ་11པར་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་100འཁོར་སྐབས་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཚར་བར་བྱེད་དགོས་ཞེས་བཏོན། 2017ལོའི་ཟླ་10པར་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དུས་མཚམས་གཉིས་སུ་ཕྱེ་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ་སྟེ། དུས་མཚམས་དང་པོ་ནི་2020ལོ་ནས་2035ལོའི་བར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་ལོ་15འབད་འཐབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། དུས་མཚམས་གཉིས་པ་ནི་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག་ཡང་བསྐྱར་ལོ་15འབད་འཐབ་བྱས་ནས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྔ་ལྡན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེའོ། །2021ལོའི་ཟླ་7པར། ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག །ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ང་ཚོའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭའི་འཛིན་མའི་ཁྱོན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དང་། ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཏེ། བློ་སྟོབས་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་གཟབ་བརླིང་ངང་ནས་ཁྱབ་བསྒྲགས་གནང་།
༄༅། །མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས།
(2020ལོའི་ཟླ་10ཚེས་23ཉིན།)
མེ་འགོག་ཁྲའོ་རོགས་དམག་འཁྲུག་གི་རྒྱལ་ཁ་རླབས་པོ་ཆེ་ནི་ཀྲུང་གོའི་མི་དམངས་ཡར་ལངས་ཐོབ་རྗེས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་པའི་བསྒྲགས་གཏམ་ཡི་གེ་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཡང་ཡིན་ཞིང་། ཀྲུང་གོ་དང་འཛམ་གླིང་གཉིས་ཀར་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན།
ཐེངས་དེའི་དམག་འཁྲུག་བརྒྱུད། ཀྲུང་གོའི་མི་དམངས་ཀྱིས་བཙན་འཛུལ་པས་རང་རྒྱལ་གྱི་སྒོ་ཁར་དཔུང་འཇུག་བྱེད་པ་དང་། ཀྲུང་གོ་གསར་པ་གཏོར་ཕམ་གཏོང་བའི་རེ་ངན་སྟོང་ཟད་དུ་བཏང་ཞིང་། “དགྲ་ལ་ཁུ་ཚུར་གཅིག་གཞུས་ནས་དགྲ་བོའི་ཁུ་ཚུར་བརྒྱ་ཕྲག་བཀག་”ཅེས་པ་ལྟར། དེ་ནས་བཟུང་བཙན་རྒྱལ་རིང་ལུགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ཀྲུང་གོ་གསར་པར་བཙན་འཛུལ་བྱེད་པའི་ངན་སེམས་བཅངས་མི་ཕོད་པར་ཀྲུང་གོ་གསར་པ་འདི་ཉིད་དངོས་སུ་རྐང་པ་བརྟན་པོ་ཚུགས་པར་གྱུར། དམག་འཁྲུག་དེའི་ཐོག་ནས་ཡུལ་ལུང་ཞོད་འཇགས་དང་རྒྱལ་ཁབ་དུས་བདེ་བྱུང་བ་དང་། ཀྲུང་གོའི་མི་དམངས་བཙན་དབང་ལ་མི་སྐྲག་པའི་ངར་ལྕགས་ལྟ་བུའི་བློ་སྟོབས་སྒོ་ཀུན་ནས་བསྟན་ཡོད།
ཐེངས་དེའི་དམག་འཁྲུག་བརྒྱུད། ཀྲུང་གོའི་མི་དམངས་ཀྱིས་ཉེ་རབས་ནས་བཟུང་བཙན་པོའི་བརྙས་བཅོས་མྱོང་བ་དང་གཞན་ལ་བརྟེན་ནས་འཚོ་དགོས་པའི་ལོ་བརྒྱའི་གནོང་བ་གཙང་སེལ་བྱས་པ་དང་། “ཨེ་ཤ་ཡ་ཤར་མའི་ནད་རོ་”ཞེས་པའི་ཞྭ་མོ་རྩ་བ་ནས་ཕུད་དེ། ཀྲུང་གོའི་མི་དམངས་དངོས་གནས་དྲང་གནས་མགོ་འཕང་བསྟོད་ཅིང་སྙིང་ནད་སངས་པ་རེད། དམག་འཁྲུག་དེའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱི་བློ་སྟོབས་དང་སྙིང་རུས་མངོན་པ་དང་། ཀྲུང་གོའི་མི་དམངས་ཀྱི་མི་བརྒྱ་སེམས་གཅིག་གི་ཞུམ་མེད་གཤིས་རྒྱུད་སྒོ་ཀུན་ནས་བསྟན་ཡོད།
ཐེངས་དེའི་དམག་འཁྲུག་བརྒྱུད། ཀྲུང་གོའི་མི་དམངས་ཀྱིས་བཙན་འཛུལ་པ་ཕམ་པར་བརྒྱབ་པ་དང་། འཛམ་གླིང་ཡོངས་ཧང་སངས་སུ་བཅུག་ཅིང་། ཨེ་ཤ་ཡ་དང་རྒྱལ་སྤྱིའི་ལས་དོན་ནང་གི་ཀྲུང་གོ་གསར་པའི་གོ་གནས་གལ་ཆེན་གྱི་རྨང་གཞི་བཏིང་ལ། ཀྲུང་གོ་གསར་པའི་རྒྱལ་ཁབ་ཆེན་པོའི་གོ་གནས་གསལ་སྟོན་བྱས་པ་རེད། དམག་འཁྲུག་དེའི་ཐོག་ནས་འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་ལྟ་སྟངས་གསར་པ་བཟུང་བ་དང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་སྒོ་ཀུན་ནས་བསྟན་ཡོད།
ཐེངས་དེའི་དམག་འཁྲུག་བརྒྱུད། མི་དམངས་དམག་དཔུང་གིས་དམག་འཁྲུག་ལས་དམག་འཁྲུག་ལ་སློབ་སྦྱོང་བྱས་ཏེ། དམག་འཁྲུག་ཇི་ཙམ་བརྒྱབ་ན་དེ་ཙམ་གྱིས་དཔའ་ངར་ཆེ་རུ་འགྲོ་བ་དང་། དམག་འཁྲུག་ཇི་ཙམ་བརྒྱབ་ན་དེ་ཙམ་གྱིས་སྟོབས་ཆེ་རུ་འགྲོ་བའི་དམག་དོན་གྱི་ཉམས་མྱོང་གལ་ཆེན་ཐོབ་པ་དང་། དམག་རིགས་རྐྱང་པ་དེ་དམག་རིགས་དང་དཔུང་རིགས་སྣ་ཚོགས་མཉམ་སྒྲིག་དམག་དཔུང་དུ་འཕོ་འགྱུར་བྱུང་སྟེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་མ་ཆེན་པོ་ཐེབས་ཡོད། དམག་འཁྲུག་དེ་བརྒྱབ་པའི་ཐོག་ནས་མི་དམངས་དམག་དཔུང་གི་འཐབ་ནུས་ཟིལ་ཤུགས་འཛམ་གླིང་དུ་ཁྱབ་པ་དང་། འཛིང་ཕོད་པ་དང་རྒྱལ་ཁ་ཐོབ་ཐུབ་པའི་ཞུམ་མེད་བློ་སྟོབས་སྒོ་ཀུན་ནས་བསྟན་ཡོད།
ཐེངས་དེའི་དམག་འཁྲུག་བརྒྱུད། འཛམ་གླིང་དམག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་རྗེས་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་འཐབ་ཇུས་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། འཛམ་གླིང་ཡོངས་སུ་གཉའ་གནོན་མྱོང་མཁན་གྱི་མི་རིགས་དང་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དྲང་བདེན་བྱ་གཞག་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རྒྱལ་ཁབ་གང་ཞིག་དང་དམག་དཔུང་གང་ཞིག་སྟོབས་ཤུགས་ཇི་ཙམ་ཆེ་ནའང་། གལ་སྲིད་འཛམ་གླིང་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་ཀྱི་ཁ་གཏད་དུ་ལངས་ཏེ་གཉོམ་ཆུང་མགོ་གནོན་དང་། བྱ་ལོག་སྤྱོད་ལོག །བཙན་འཛུལ་རྒྱ་སྐྱེད་བཅས་སྤེལ་ཚེ། སྣ་ཁུག་བརྡབས་ནས་ཁ་ཆག་སྣ་རལ་ཡོང་ངེས་ཡིན་པ་དོན་དམ་པའི་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་ཤེས་སུ་བཅུག་ཡོད། དམག་འཁྲུག་དེའི་ཐོག་ནས་དྲང་བདེན་ནི་བཙན་དབང་ལས་རྣམ་པར་རྒྱལ་ཐུབ་པ་དང་། ཞི་བའི་འཕེལ་རྒྱས་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་དར་རྒྱུན་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད།
བརྗིད་ཉམས་ཆེ་བའི་མེ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལས་དཔའ་ངར་ལྡན་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་གིས་མེས་རྒྱལ་དང་མི་དམངས་ཀྱི་ཁེ་ཕན་ནི་བླ་ན་འཕགས་པ་དང་། མེས་རྒྱལ་དང་མི་རིགས་ཀྱི་ལ་རྒྱ་སྲུང་ཆེད་རང་སྲོག་བློས་གཏོང་བར་མི་འཛེམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་། དཔའ་ངར་ཆེ་ཞིང་གཉའ་མི་ཆག་པ་དང་ཤི་རྒྱུར་མི་སྐྲག་པའི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས། དཀའ་སྡུག་གང་རུང་ལ་མི་འཛེམ་པར་ཐོག་མཐའ་བར་གསུམ་དུ་སྤོབས་པ་ཆེན་པོ་རྒྱས་པའི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས། མེས་རྒྱལ་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་སྒྲུབ་ཆེད་ཕངས་སེམས་ཅི་ཡང་མེད་པར་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བའི་གསར་བརྗེའི་བློ་དཀར་ཟོལ་མེད་ཀྱི་སྙིང་སྟོབས། མིའི་རིགས་ཀྱི་ཞི་བདེ་དང་དྲང་བདེན་བྱ་གཞག་ལ་གཞོལ་བའི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་བཅས་ཐོག་མཐའ་བར་གསུམ་དུ་དར་སྤེལ་བཏང་སྟེ། མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་བཏོད་ཡོད་པ་རེད།
མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་ཡུལ་དུས་ལས་བརྒལ་ཞིང་ཉམས་པ་མེད་པར་གནས་པ་དེ་ངེས་པར་དུ་རྒྱུན་འཛིན་ལྷོད་མེད་བྱེད་དགོས་པ་དང་མི་རབས་ནས་མི་རབས་བར་དར་སྤེལ་གཏོང་དགོས།
—— དུས་རབས་ལ་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོར་བཙན་ཤེད་ལ་མི་སྐྲག་པ་དང་། བཙན་དབང་ལ་ངོ་རྒོལ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་ཡོད་དགོས། ལོ་ངོ་70གོང་དུ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པས་ཀྲུང་གོ་གསར་པའི་སྒོ་འགྲམ་དུ་དམག་འཁྲུག་གི་མེ་ལྕེ་སྦར་བ་རེད། བཙན་འཛུལ་པ་ལ་ཁོ་པ་ཚོས་གོ་བ་ལེན་ཐུབ་པའི་སྐད་ཆའི་ཐོག་ནས་གོ་བརྡ་སྤྲོད་དགོས་ཏེ། དེ་ནི་དམག་འཁྲུག་ལ་བརྟེན་ནས་དམག་འཁྲུག་འགོག་པ་དང་། དྲག་ཤུགས་ལ་བརྟེན་ནས་དམག་མཚམས་འཇོག་པ། རྒྱལ་ཁར་བརྟེན་ནས་ཞི་བདེ་དང་བརྩི་འཇོག་ཐོབ་པར་བྱེད་དགོས་པ་བཅས་ཀྲུང་གོའི་མི་དམངས་ཀྱིས་གསལ་པོར་ཤེས་ཀྱི་ཡོད། ཀྲུང་གོའི་མི་དམངས་ཀྱིས་དོན་རྐྱེན་མི་སློང་ལ་དོན་རྐྱེན་ལ་སྐྲག་ཀྱང་མི་སྲིད། དཀའ་ངལ་དང་ཉེན་ཁ་གང་ཞིག་གི་མདུན་དུ་ཡང་བྱིན་པ་འདར་མི་སྲིད་ལ་གཉའ་རུས་ཆག་མི་སྲིད། ཀྲུང་ཧྭ་མི་རིགས་ནི་དཔའ་མི་ཞུམ་ལ་བག་མི་འཁུམས་པ་ཞིག་ཡིན།
—— དུས་རབས་ལ་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོས་དམངས་སེམས་གཅིག་མཐུན་དང་སྟོབས་ཤུགས་མཉམ་སྒྲིལ་གྱི་མི་རིགས་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། མེ་འགོག་ཁྲའོ་རོགས་དམག་འཁྲུག་གི་ནང་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆའི་འབོད་སྐུལ་འོག་ཀྲུང་གོའི་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཀྲུང་གོའི་མི་དམངས་ལ་སྟོབས་ཤུགས་དྲག་པོ་མངའ་བ་འཛམ་གླིང་ལ་བདེན་དཔང་བྱས་ཤིང་། “ད་ལྟ་ཀྲུང་གོའི་མི་དམངས་སྒྲིག་འཛུགས་བྱས་ཟིན་པས། སུས་ཀྱང་ཕོག་ཐུག་གཏོང་མི་ཉན་ལ། གལ་ཏེ་ཕོག་ཐུག་བཏང་ཚར་ཕྱིན་ཨར་མི་བརྟེན་པ་”[1]འཛམ་གླིང་ལ་ཤེས་སུ་བཅུག་ཡོད།
—— དུས་རབས་ལ་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོས་འཆི་ཉེན་ལ་མི་འཛེམ་པ་དང་། འཆི་བར་ཕྱོགས་ནས་གསོན་ཐབས་བྱེད་པའི་མི་རིགས་ཀྱི་ངར་ཤུགས་སྐྲུན་བཟོ་བྱེད་དགོས། ཁྲའོ་ཞན་གཡུལ་སར་དང་བླངས་དམག་གི་དཔོན་དམག་ཚོས་གདུག་རྩུབ་ཆེ་བའི་དགྲ་བོ་སྟོབས་ལྡན་ལ་ཁ་གཏད་བཅག་པ་དང་། དཀའ་ཚེགས་ཆེ་ལ་ཡ་ང་བའི་གཡུལ་སའི་ཁོར་ཡུག་ཏུ་ཚེ་སྲོག་འབེན་ལ་བཙུགས་ཤིང་ཟུངས་ཁྲག་དྲོན་མོ་འཕོས་པ་དང་། “གོ་མཚོན་ཞན་ཡང་དཔའ་ངར་ཆེ་བ་”དེས་“གོ་མཚོན་ཧྲགས་ཀྱང་དཔའ་ངར་ཆུང་བ་”བཏུལ་བའི་ཐོག་ནས་གནམ་ས་བསྒུལ་ཅིང་ལྷ་འདྲེ་འཇིགས་པའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཡོད་པ་རེད། དང་བླངས་དམག་གི་དཔོན་དམག་ཚོས་ཆར་རྒྱུན་བབས་འདྲའི་མདེའུ་ནང་དུ་དཔའ་ངར་ཆེན་པོས་གདོང་མཆོང་བྱས་པ་དང་། ཁ་བ་བབས་འདྲའི་འབར་མདེལ་ནང་དུ་གཡུལ་ས་བརྟན་བསྲུང་བྱས་པ། བྲང་ཁས་མེ་མདའ་བཀག་ཅིང་ལུས་པོས་སྐས་རྐང་བསྒྲིགས་པ། ལག་ཏུ་འབར་རྫས་དང་འབར་གཏོར་ལྕགས་ཧྲེང་ཐོགས་ནས་དགྲ་ཚོགས་སུ་མཆོངས་པ། འཁྱག་ལྟོགས་བསྲན་ནས་ཕྱིར་འཐེན་མི་བྱེད་པ། ལུས་པོ་མེས་འཚིགས་ཀྱང་འགུལ་ཙམ་ཡང་མི་བྱེད་པ། “མཁའ་དབྱིངས་ནས་གྲི་འཛིང་”བྱེད་ཕོད་པ་བཅས་བྱས་པ་རེད། ཁོང་ཚོ་ལས་དབྱང་ཀེན་སི་དང་། ཧོང་ཅི་ཀོང་། ཆིའུ་ཧྲའོ་ཡུན་སོགས་དཔའ་བོ་བྱས་རྗེས་ཅན་ཁྲི་30ལྷག་དང་བྱས་རྗེས་ཅན་ཚོགས་པ་6000ལ་ཉེ་བ་ཐོན་ཡོད། དཔའ་བོ་ཚོས་ང་ཚོའི་རྒྱབ་ཕྱོགས་ནི་མེས་རྒྱལ་ཡིན་ཞིང་། མེས་རྒྱལ་དང་མི་དམངས་ཞི་བདེ་ཡོང་ཆེད་ང་ཚོས་ཕྱིར་བཤོལ་གོམ་པ་གང་ཡང་བྱེད་མི་ཉན་ཞེས་གསུངས་མྱོང་། དེ་འདྲའི་དཔའ་སྟོབས་ཀྱིས་དགྲ་བོར་སྤ་ཀོང་བར་བྱས་ཤིང་འཇིག་རྟེན་ཧ་ལས་སུ་བཅུག་ཡོད།
—— དུས་རབས་ལ་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོས་བདེན་སྲུང་གསར་གཏོད་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པའི་མི་རིགས་ཀྱི་བློ་གྲོས་སྐུལ་སྤེལ་བྱེད་དགོས། གསར་གཏོད་བྱེད་ཕོད་ན་དར་རྒྱས་འབྱུང་བ་དང་གསར་སྐྲུན་བྱེད་མཁས་ན་རྒྱལ་ཁ་འཐོབ་ངེས། དང་བླངས་དམག་གི་དཔོན་དམག་ཚོས་ཆ་རྒྱུས་མེད་པའི་གཡུལ་ས་ནས་ཆ་རྒྱུས་མེད་པའི་དགྲ་བོར་ཁ་གཏད་གཅོག་དུས། “ཁྱོད་ཀྱིས་ཁྱོད་ཀྱི་འཐབ་ལུགས་བྱོས། ངས་ནི་ང་ཡི་འཐབ་ལུགས་བྱེད། ཁྱོད་ཀྱིས་རྡུལ་ཕྲན་འབར་མདེལ་དབྱུགས། ངས་ནི་ལག་འབོམ་ཆུང་ཆུང་དབྱུགས་”[2]ཞེས་པ་རྒྱུན་འཁྱོངས་བྱས་ཏེ། སྟབས་བསྟུན་སྣ་མང་གི་འཐབ་ཇུས་དང་འཐབ་རྩལ་བཀོལ་སྤྱོད་ཁྲིགས་ཆགས་སུ་བྱས་ཡོད། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། འགོག་རྐྱེན་དང་གནོན་ཤུགས་སྣ་མང་ལ་ཁ་གཏད་གཅོག་དུས་ཀྲུང་གོའི་མི་དམངས་ཀྱིས་རྟག་པར་རི་ལ་ཐུག་ན་ལམ་བཟོ་ཞིང་ཆུ་ལ་ཐུག་ན་ཟམ་པ་འཛུགས་པ་དང་། རྟག་པར་བློ་གྲོས་དང་དཔའ་ངར་ཆེར་སྐྱེད་དང་བློ་རྩ་བརྟན་པོས་གསར་གཏོད་བརྩོན་ལེན་བྱས་ནས་“ཁྲག་ལམ་ཞིག་བཏོད་”ཐུབ་པ་རེད།
མེ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་60ལྷག་སོང་རིང་། ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །ཀྲུང་གོར་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་འགྱུར་བའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད།
ད་ལྟ། ང་ཚོ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པར་རྒྱལ་ཁ་འཐོབ་ལ་ཉེ་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་ལ་འོད་གསལ་ལྡན་ཡོད། མདུན་སྐྱོད་ཀྱི་འགྲོ་ལམ་ནི་བདེ་བླག་ཏུ་སྐྱོད་ཐུབ་པ་ཞིག་ཡིན་མི་སྲིད། ང་ཚོས་མེ་འགོག་ཁྲའོ་རོགས་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་དང་རྒྱལ་ཁ་རླབས་པོ་ཆེ་ཡིད་ལ་བརྟན་པོར་བཟུང་ནས་འཐབ་རྩོད་བྱེད་ཕོད་ལ་འཐབ་རྩོད་བྱེད་མཁས་པོ་དང་། དཀའ་ངལ་ཤེས་བཞིན་དུ་མདུན་སྐྱོད་དང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས།
—— རྒྱལ་ཁ་རླབས་པོ་ཆེ་ཡིད་ལ་བརྟན་པོར་འཛིན་པ་དང་། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཚེ་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་འདི་ཉིད་སྔར་བས་འགྱུར་མེད་སྟོབས་ལྡན་བཟོ་དགོས། མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དེ་ལས་མི་རིགས་བསྐྱར་དར་དང་མི་དམངས་བདེ་སྐྱིད་ཡོང་ཆེད་ཚེ་སྲོག་འབེན་ལ་བཙུགས་ཤིང་འབད་བརྩོན་ལྷོད་མེད་བྱས་ཏེ། མང་ཚོགས་དུང་ཕྱུར་དུ་མ་མཐུན་སྒྲིལ་དང་གཅིག་སྒྲིལ་བྱས་ནས་རྒྱལ་ཁའི་ཕྱོགས་སུ་བར་མེད་བསྐྱོད་པའི་ཀྲུང་གོའི་གུང་ཁྲན་ཏང་དང་འདྲ་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་གང་ཡང་མེད་པ་སླར་ཡང་ར་སྤྲོད་བྱས་ཡོད། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། རང་ངོས་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ནུས་དང་། བསམ་བློ་སྣེ་ཁྲིད་བྱེད་ནུས། མང་ཚོགས་སྒྲིག་འཛུགས་བྱེད་ནུས། སྤྱི་ཚོགས་འབོད་སྐུལ་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ། ཏང་འདི་ཉིད་ནམ་ཡང་ཀྲུང་གོའི་མི་དམངས་ཀྱི་བློས་འཁེལ་ཤོས་དང་སྟོབས་ཆེ་ཤོས་ཀྱི་སྲོག་ཤིང་དུ་སྒྱུར་ཐུབ་ངེས་རེད།
—— རྒྱལ་ཁ་རླབས་པོ་ཆེ་ཡིད་ལ་བརྟན་པོར་འཛིན་པ་དང་། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཚེ་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ། ཐམས་ཅད་མི་དམངས་ལ་བརྟེན་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ལོ་རྒྱུས་ནི་མི་དམངས་ཀྱིས་གསར་གཏོད་བྱས་པ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་སྟོབས་ཤུགས་དང་མི་དམངས་དམག་དཔུང་གི་སྟོབས་ཤུགས་ཀྱི་འབྱུང་རྩ་ནི་མི་དམངས་ཡིན། ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ་དང་། མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། མི་དམངས་ཀྱི་ཆེད་དུ་འཁུར་ལེན་བྱེད་པ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ནམ་ཡང་འབད་འཐབ་བྱེད་པའི་དམིགས་འབེན་དུ་འཛིན་པ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཛིན་སྐྱོང་བཅས་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཚེ། ཕམ་པ་མེད་པའི་སྟོབས་ཤུགས་ཆེན་པོ་ངར་སློང་བྱེད་ཐུབ་ངེས་རེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་སྟོང་འབར་བའི་ལེ་ཚན་རྒྱུན་ཆད་མེད་པར་རྩོམ་ཐུབ་ངེས་རེད།
—— རྒྱལ་ཁ་རླབས་པོ་ཆེ་ཡིད་ལ་བརྟན་པོར་འཛིན་པ་དང་། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཚེ་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྗེས་ལུས་ཐེབས་ན་ཉེས་རྡུང་མྱོང་བ་དང་། འཕེལ་རྒྱས་བྱུང་ན་གཞི་ནས་རང་སྟོབས་རྒྱས་ཐུབ་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་སོང་རིང་། རང་རྒྱལ་གྱིས་ལོ་བཅུ་ཕྲག་འགའ་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་འགར་བསྐྱོད་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་འགྲོ་ལམ་བསྐྱོད་ཚར་ནས་ཀུན་གྱིས་དོ་སྣང་བྱེད་དགོས་པའི་འཕེལ་རྒྱས་ཀྱི་ངོ་མཚར་གྲུབ་འབྲས་བཏོད་ཡོད། ད་ལྟ། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་ཡོད་པ་དང་། གོ་སྐབས་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་ང་ཚོས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཚེ། སྔར་བས་སྤུས་ཚད་མཐོ་བ་དང་། སྔར་བས་ལས་ཆོད་ཆེ་བ། སྔར་བས་དྲང་སྙོམས་ཡིན་པ། སྔར་བས་རྒྱུན་མཐུད་ཐུབ་པ། སྔར་བས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་ཡོང་ཐུབ་ངེས་རེད་ལ། འཛམ་གླིང་ཧང་སངས་པར་བྱེད་པའི་བྱས་རྗེས་ངོ་མཚར་རྒྱུན་ཆད་མེད་པར་སྐྲུན་ཐུབ་ངེས་རེད།
—— རྒྱལ་ཁ་རླབས་པོ་ཆེ་ཡིད་ལ་བརྟན་པོར་འཛིན་པ་དང་། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཚེ་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་བཏང་སྟེ། མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་འཛུགས་སྐྲུན་བྱེད་དགོས། དམག་དཔུང་སྟོབས་ལྡན་ཞིག་མེད་ན་མེས་རྒྱལ་སྟོབས་ལྡན་ཞིག་ཡོད་མི་སྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་དང་། རྒྱལ་ཁབ་སྟོབས་འབྱོར་རྒྱས་རྒྱུ་དང་དམག་དཔུང་སྟོབས་ཤུགས་ལྡན་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་རང་འཁྲིའི་ལས་འགན་སྔར་བས་ཡག་པོར་སྒྲུབ་དགོས། ང་ཚོས་དུས་བསྟུན་མདུན་སྐྱོད་ཀྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་ཚེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་འཐབ་ཇུས་ཀྱི་འདེགས་སྐྱོར་སྔར་བས་བརྟན་པོ་འདོན་སྤྲོད་བྱེད་ཐུབ་ངེས་རེད།
—— རྒྱལ་ཁ་རླབས་པོ་ཆེ་ཡིད་ལ་བརྟན་པོར་འཛིན་པ་དང་། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཚེ་ངེས་པར་དུ་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ལ་ཐོག་མ་ཉིད་ནས་“གཉེན་ལ་བྱམས་ཤིང་ཁྱིམ་མཚེས་ལ་མཐུན་པ་”[3]ཡི་འདུ་ཤེས་ལྡན་ཡོད། འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ལྡན་པའི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྟན་སྲུང་བྱེད་ཀྱི་ཡོད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། བློ་བརྟན་འགྱུར་མེད་ངང་ཞི་བའི་འཕེལ་རྒྱས་དང་། སྒོ་འབྱེད་འཕེལ་རྒྱས། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་གཏོང་བའི་འགྲོ་ལམ་དུ་སྐྱོད་ཀྱི་ཡོད། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཚེ། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་མཛེས་སྡུག་ལྡན་པའི་མ་འོངས་པ་བསུ་ཐུབ་ངེས་རེད།
འཛམ་གླིང་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཛམ་གླིང་ཡིན་ཞིང་། འཛམ་གླིང་ལ་ཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཔུང་པ་མཉམ་གཤིབ་བྱས་ནས་ཁ་གཏད་གཅོག་དགོས། ཞི་བའི་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་བྱ་རྒྱུ་ནི་གཞི་ནས་འཇིག་རྟེན་གྱི་འགྲོ་ལམ་ཡང་དག་པ་རང་རེད། ད་ལྟའི་འཛམ་གླིང་དུ་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། རང་ཕན་རིང་ལུགས་མཐར་སོན་པ་བཅས་གང་རུང་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད། གཡོ་འཕྲོག་དང་། བཀག་སྡོམ། ཚོད་མེད་ཚ་འདེད་བཅས་ཀྱི་བྱེད་སྟངས་གང་རུང་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད། རང་སྣང་གང་ཤར་དང་རང་ཆེ་རང་མཐོའི་བྱ་སྤྱོད་གང་རུང་དང་། བཙན་དབང་དང་བཙན་ཤེད། བརྙས་བཅོས་བཅས་ཀྱི་བྱ་སྤྱོད་གང་རུང་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད། དེ་དག་ལམ་ལྷོངས་རྩ་བ་ནས་ཡོང་ཐབས་མེད་པར་མ་ཟད་མཐའ་མཇུག་འཆི་ལམ་མ་གཏོགས་འགྲོ་ས་མེད།
ཀྲུང་གོས་ཐོག་མ་ཉིད་ནས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་དམག་དཔུང་ནི་ནམ་ཡང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་བརྟན་པོ་ཞིག་ཡིན། ཀྲུང་གོས་དུས་ནམ་ཡང་བཙན་དབང་སྤྱོད་མི་སྲིད་ལ་རྒྱ་སྐྱེད་གཏོང་མི་སྲིད་ཅིང་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་གནོད་འཚེ་ཕོག་ན་ང་ཚོས་སྣང་མེད་དུ་འཇོག་མི་སྲིད་ཅིང་། སྐྱེ་བོ་སུ་དང་སྟོབས་ཤུགས་གང་ཡང་རུང་བར་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ལ་བཙན་གནོད་དང་ཁ་ཕྲལ་གཏོང་དུ་འཇུག་མི་སྲིད། ནམ་ཞིག་དེ་འདྲའི་ཛ་དྲག་གི་གནས་ཚུལ་བྱུང་ཕྱིན་ཀྲུང་གོའི་མི་དམངས་ཀྱིས་འབུར་འཇོམས་རྒོལ་རྡུང་གཏོང་ཤ་སྟག་ཡིན།
ལོ་ངོ་70གོང་གི་མེ་འགོག་ཁྲའོ་རོགས་དམག་འཁྲུག་རླབས་པོ་ཆེ་དེར་ཕྱི་མིག་བལྟས་ཏེ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་བལྟ་བྱེད་པའི་ཚེ། ང་ཚོར་སྔ་ན་མེད་པའི་ཡིད་ཆེས་བརྟན་པོ་དང་སྔ་ན་མེད་པའི་གདེང་ཚོད་ཆེན་པོ་ཡོད། ང་ཚོས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། དཔའ་ངར་ཆེན་པོ་དང་ངར་ཤུགས་རྒྱས་བཞིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་ཁ་ཕྱོགས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཁ་ཕྱོགས་ནས་མུ་མཐུད་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།
མཆན་འགྲེལ།
[1] མའོ་ཙེ་ཏུང་གི་《མེ་འགོག་ཁྲའོ་རོགས་ཀྱི་རྒྱལ་ཁ་དང་དོན་སྙིང་》(《མའོ་ཙེ་ཏུང་གི་དམག་དོན་གསུང་རྩོམ་གཅེས་བསྡུས་》དེབ་6པ། དམག་དོན་ཚན་རིག་དཔེ་སྐྲུན་ཁང་དང་། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི་1993ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་355པ།)ཞེས་པར་གསལ།
[2] མའོ་ཙེ་ཏུང་གི་《ཁྲའོ་ཞན་གྱི་དམག་འཁྲུག་གི་གནས་བབ་དང་ང་ཚོའི་བྱེད་ཕྱོགས་》(《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》དེབ་6པ། མི་དམངས་དཔེ་སྐྲུན་ཁང་གི་1999ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་93ནས་94པ།)ཞེས་པར་གསལ།
[3] 《ཙུའོ་ཀྲོན་དེབ་ཐེར་•དབྱིན་གུང་ཁྲི་ལོ་དྲུག་པ་》ཞེས་པར་གསལ།
༄༅། །འཐབ་རྩོད་ལ་བརྟེན་ནས་མ་འོངས་པ་འཐོབ་པར་བྱེད་དགོས།
(2021ལོའི་ཟླ་3ཚེས་1ཉིན།)
འཐབ་རྩོད་བྱེད་ཕོད་པ་ནི་ང་ཚོའི་ཏང་གི་མངོན་གསལ་ཆེ་བའི་གཤིས་རྒྱུད་ཡིན། ང་ཚོའི་ཏང་ནི་འཐབ་རྩོད་ལ་བརྟེན་ནས་ད་ལྟའི་དུས་སུ་སླེབས་པ་དང་། སླར་ཡང་འཐབ་རྩོད་ལ་བརྟེན་ནས་མ་འོངས་པ་འཐོབ་པར་བྱེད་དགོས་ངེས་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འགོ་རྩོམ་པའི་ཚེ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་ཤིང་། མདུན་དུ་ལྷགས་པའི་ཉེན་ཁ་དང་ཚོད་བགམ་ནི་སྔོན་ཆད་ལས་ཅུང་ཙམ་ཡང་ཉུང་མི་སྲིད། ན་གཞོན་ལས་བྱེད་པ་ཚོས་རང་རྟོགས་ངང་འཐབ་རྩོད་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་རྩོད་ལས་འཐབ་རྩོད་བྱེད་སྟངས་ཤེས་པ་དང་། འཐབ་རྩོད་ལས་འཚར་ལོངས་དང་གོང་འཕེལ་ཡོང་བར་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་དཔའ་བོ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས། འཐབ་རྩོད་ཀྱི་བློ་སྟོབས་སྲ་བརྟན་དུ་གཏོང་བ་དང་། དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་དགོས་པ་ལས་བར་ཆད་ལ་འཕྲད་པ་ཙམ་གྱིས་བག་འཁུམས་ནས་མདུན་སྐྱོད་བྱེད་མི་ནུས་པ་དང་། དཀའ་ངལ་དང་འཕྲད་པ་ཙམ་གྱིས་ཕྱིར་བཤོལ་བྱེད་པ་གཏན་ནས་བྱེད་མི་ཉན། འཐབ་རྩོད་བྱེད་མཁས་པ་དང་འཐབ་རྩོད་བྱེད་ཤེས་པར་བྱས་ནས་གཅིག་ཤེས་ཀུན་གྲོལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཕྱི་རྣམ་པའི་ཐོག་ནས་ནང་ངོ་བོ་རྟོགས་པ། འགྱུར་ལྡོག་གི་གནད་ཤེས་པ་དང་། ཚན་རིག་དང་མཐུན་པར་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རང་དབང་ངང་འགྱུར་ལྡོག་གཏོང་བ་བཅས་ཀྱི་ཐོག་ནས་སྐབས་གླགས་ཉམས་རྟོགས་དང་དགེ་སྒྲུབ་སྐྱོན་སྤངས་བྱེད་དགོས། འཐབ་ཇུས་ཀྱི་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་ཞིང་དུས་བབ་དང་སྤྱི་ཡོངས་ངེས་ཤེས་བྱེད་པ་དང་། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོའི་གནད་ཟིན་པ། ཡང་ལྕི་དལ་བྲེལ་གསལ་པོར་འབྱེད་པ། ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པ། འཐབ་རྩོད་ཀྱི་རང་དབང་དམ་པོར་འཛིན་པ་བཅས་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ལྟར་ཉེན་ཁ་འབྱུང་རྐྱེན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས། དོན་རེ་རེ་བརྒྱུད་དེ་བློ་རེ་རེ་འཕེལ་བར་བྱེད་པ་དང་། རིགས་འགྲེ་ཁུངས་སྐྱེལ་དང་གཅིག་ཤེས་ཀུན་གྲོལ་བྱས་ཏེ་འཐབ་རྩོད་ཀྱི་འཇོན་ཐང་ངོ་མ་དང་ནུས་རྩལ་ངོ་མ་སྦྱོང་དགོས།
༄༅། །འཐབ་རྩོད་རླབས་པོ་ཆེ་བྱེད་པའི་བློ་སྟོབས་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
(2021ལོའི་ཟླ་11ཚེས་11ཉིན།)
འཁུར་ལེན་དང་འགན་འཁྲིའི་བསམ་པ་བརྟན་པོ་བཟོ་བ་དང་། འཐབ་རྩོད་རླབས་པོ་ཆེ་བྱེད་པའི་བློ་སྟོབས་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “བློ་རྩ་བརྟན་པོ་མ་བསྐྱེད་ན། །བློ་དང་རིག་པ་རྒྱས་མི་སྲིད། །ཁ་བཤད་དོན་ལ་མ་གནས་ན། །གང་བྱས་ལས་རྣམས་འགྲུབ་མི་སྲིད། །”[1]ང་ཚོའི་ཏང་ནི་ཕྱི་ནང་གི་ཟིང་འཁྲུག་ལས་དབུ་བརྙེས་པ་དང་། དཀའ་སྡུག་གི་ཁོར་ཡུག་ལས་འཚར་ལོངས་བྱུང་ཞིང་། འགག་སྒྲོལ་དཀའ་སེལ་གྱི་ནང་དུ་དར་རྒྱས་བྱུང་བ་ཞིག་ཡིན་པས། དགྲ་བོར་མི་འཇིགས་པ་དང་། ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྤོབས་ཉམས་དང་གཤིས་རྒྱུད་ཞུན་བརྡར་ཐོབ་ཡོད་པ་རེད། ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་ཆེད་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ། དགྲ་བོ་ཇི་ལྟར་སྟོབས་ཆེ་བ་དང་། འགྲོ་ལམ་ཇི་ལྟར་ཉེན་ཁ་ཆེ་བ། འགྲན་སློང་ཇི་ལྟར་ཛ་དྲག་པ་ཡིན་རུང་། ཏང་ནི་ནམ་ཡིན་ཡང་དཔའ་མི་ཞུམ་ལ་བག་མི་འཁུམས་པ་དང་། རང་སྲོག་བློས་གཏོང་ཕོད་པ་དང་ཉམས་ཆག་ཅི་རིགས་ལ་མི་སྐྲག་པ་རེད།
གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ། ཏང་གིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་འཁུར་ཕོད་པ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་མི་བསྲུན་དགྲ་བོ་ལ་དཀའ་སྤྱད་ཚད་མེད་ཀྱིས་འཐབ་རྩོད་བྱས་ཡོད། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ནས་གསར་བརྗེ་ཆེན་པོའི་མཐོ་རླབས་འཕྱུར་བ་ནས་ཁྲག་དྲི་བྲོ་བའི་དམར་གསོད་ཀྱི་ནང་དུ་ཡར་ལངས་ནས་དྲག་པོའི་འཐབ་རྩོད་བྱེད་འགོ་བཙུགས་ཤིང་ས་ཞིང་གསར་བརྗེ་སྤེལ་བ་རེད། མི་རིགས་ཀྱི་བདེན་དོན་ཆེད་དུ་ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པར་སྐུལ་འདེད་བཏང་ནས་ཕྱི་དགྲ་མཉམ་འགོག་བྱེད་པ་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་བསླངས་པའི་ནང་འཁྲུག་ལ་ངོ་རྒོལ་དང་། གོ་མིན་ཏང་དམག་དཔུང་ཁྲི་ཚོ་800ཕམ་པར་བརྒྱབ་པའི་བར་དུ། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ལོ་ངོ་28རིང་སྲོག་བསྡོས་ཀྱིས་དམར་འཛིང་བྱས་ཤིང་། རིན་དོད་ཆེ་ཤོས་ཕུལ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་ནང་དང་ཏང་ཕྱི། རྒྱལ་ནང་དང་རྒྱལ་སྤྱི། མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁམས་བཅས་ཀྱི་རྙོག་འཛིང་ཆེ་བའི་ཉམས་སད་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། ང་ཚོའི་ཏང་གིས་འགན་འཁྲི་འཁུར་སེམས་ཆེན་པོ་དང་བློ་སྟོབས་ཆེན་པོར་བརྟེན་ནས་ལོ་རྒྱུས་ཀྱི་གདམ་ག་བྱས་ཤིང་བློ་ཐག་རྦད་ཆོད་ཀྱིས་འཐབ་རྩོད་སྤེལ་བ་དང་། མི་དམངས་ལ་འགོ་ཁྲིད་བྱས་ཏེ་དཀའ་སྡུག་གདོང་ནས་བསུས་པ་དང་། མཐའ་གཅིག་ཏུ་འཐབ་རྩོད་བྱས་པ། བབ་བརླིང་ངང་ཁ་གཏད་འཇལ་བ་བཅས་ཀྱི་ཐོག་ནས་རྒྱལ་ཁ་རྒྱུན་ཆད་མེད་པར་བླངས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་འགྱུར་བའི་འཕུར་མཆོང་རླབས་པོ་ཆེ་བྱུང་བ་རེད།
དེ་ལོར་འཛམ་གླིང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་དང་དམག་དོན་གྱི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་དྲག་པོའི་འཇིགས་སྐུལ་དང་དབྱེན་སྦྱོར་གྱི་མདུན་དུ། དམག་དཔུང་བཏང་ནས་ཁྲའོ་ཞན་དུ་དམག་རྒྱག་མིན་སྐོར་ལ་བློ་མཐུན་མའོ་ཙེ་ཏུང་གིས་དེ་ནི་ཁོང་གི་མི་ཚེའི་ནང་དུ་ཐག་གཅོད་བྱེད་དཀའ་ཤོས་ཀྱི་ཐབས་ཇུས་ཀྱི་གྲས་ཤིག་ཡིན་ཞེས་གསུངས་པ་རེད། ཏང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་གིས་“ཁུ་ཚུར་བརྒྱ་ཐམ་པ་ཕོག་རྒྱུ་ལས་ཁུ་ཚུར་དྲག་པོ་ཐེངས་གཅིག་གཞུས་ན་དགའ་”ཞེས་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་དང་། “རྒྱལ་ནང་གཏོར་ནས་ཡང་བསྐྱར་འཛུགས་སྐྲུན་བྱེད་པར་མི་འཛེམ་པ་”ཞེས་པའི་ཆོད་སེམས་དང་སྤོབས་པས་མེ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཇུས་ཐག་བཅད་ཅིང་། བཙན་འཛུལ་པས་རྒྱལ་མཚམས་སུ་དམག་འདྲེན་པའི་ཉེན་ཁ་ལས་གཡོལ་ནས་ཀྲུང་གོ་གསར་པའི་བདེ་འཇགས་སྲུང་སྐྱོབ་བྱས་ཡོད། དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ནས་ལོ་རབས་90པའི་དུས་འགོའི་བར་དུ། ཡོ་རོབ་ཤར་མར་སྲིད་འགྱུར་དྲག་པོ་བྱུང་བ་དང་། སུའུ་གུང་གི་སྲིད་དབང་ཤོར་ནས་སུའུ་ལེན་རྩ་ཐོར་དུ་སོང་བ་བཅས་ཀྱི་དབང་གིས་འཛམ་གླིང་དུ་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་ཞིང་། རང་རྒྱལ་ལའང་1989ལོའི་དཔྱིད་ཀ་དང་དབྱར་ཁའི་འབྲེལ་མཚམས་སུ་ཆབ་སྲིད་ཀྱི་ཟིང་ཆ་ཚབས་ཆེན་བྱུང་བ་རེད། ང་ཚོའི་ཏང་གིས་མི་དམངས་ལ་རྒྱབ་རྟེན་དམ་པོར་བཅོལ་བ་དང་། བློ་རྩ་བརྟན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བློ་ཐག་ཆོད་པོའི་ཐབས་བཀོད་བཏོན་ནས་ཏང་དང་རྒྱལ་ཁབ་ཤི་གསོན་ཆགས་འཇིག་ལ་ཐུག་པའི་འཐབ་རྩོད་དེ་ལས་རྣམ་པར་རྒྱལ་བ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་“བཀག་སྡོམ་”ཞེས་པའི་གནོན་ཤུགས་ཀྱི་ཉམས་སད་ཐེག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་ཡང་དག་པ་དང་བསྒྱུར་བཅོས་གོང་སྤེལ་གྱི་ཁ་ཕྱོགས་ཡང་དག་པ་འགན་ལེན་བྱས་ཡོད། བློ་མཐུན་ཏེང་ཞའོ་ཕིན་གྱིས་“ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཐོར་ཞིག་ཏུ་མ་ཕྱིན་ན་འཛམ་གླིང་ཐོག་སྤྱི་ཚོགས་རིང་ལུགས་ཐོག་མཐའ་བར་གསུམ་དུ་བརྟན་པོར་ཚུགས་ཐུབ་ཐག་ཆོད་ཡིན།”[2] ཞེས་གསུངས་མྱོང་། གལ་ཏེ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱང་ཏོ་སྨི་ནུའོ་རུས་བྱང་ལྟ་བུའི་འགྱུར་ལྡོག་གི་ནང་དུ་ཐོར་ཞིག་ཏུ་སོང་བའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་ཕམ་ཉེས་བྱུང་བ་ཡིན་ཕྱིན། སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དེ་སླར་ཡང་དུས་ཡུན་རིང་པོར་མུན་པའི་ནང་དུ་འཕེལ་མེད་སོར་གནས་འབྱུང་སྲིད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་རིམ་ཡང་མཚམས་ཆད་ངེས་རེད་ཅེས་ངས་ཀྱང་བཤད་མྱོང་ཡོད།
ལོ་རྒྱུས་ཀྱི་འཕེལ་རྒྱས་ནི་རྒྱུན་མཐུད་རང་བཞིན་དང་དུས་རིམ་རང་བཞིན་གྱི་གཅིག་གྱུར་ཡིན། དུས་སྐབས་ཤིག་ལ་དུས་སྐབས་ཤིག་གི་ལོ་རྒྱུས་འགན་འཁྲི་དང་ལས་འགན་ཡོད་པ་དང་། མི་རབས་ཤིག་ལ་མི་རབས་ཤིག་གི་ལོ་རྒྱུས་ཀྱི་འཁུར་ལེན་དང་འགན་འཁྲི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་དཀའ་ཚེགས་ཆེ་ཞིང་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ཞིག་ཡིན་པས། དགྲར་འཛིན་སྟོབས་ཤུགས་སྣ་ཚོགས་ཀྱིས་ང་ཚོར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་བདེ་བླག་ངང་མངོན་འགྱུར་བྱེད་དུ་གཏན་ནས་འཇུག་མི་སྲིད་པ་ང་ཚོར་ངོས་ཟིན་གསལ་པོ་བྱུང་ཡོད། དེར་བརྟེན་ངས་ཏང་ཡོངས་ལ་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས་པ་དང་། ངེས་པར་དུ་སྔར་ལས་ལྗིད་ལ་ཆེ་བའི་དཀའ་སྤྱད་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་པ། ངེས་པར་དུ་ཉེན་ཁ་ཆེན་པོ་སྣ་ཚོགས་ལ་དོ་སྣང་ཆེན་པོ་དང་སྔོན་འགོག་དང་ཁྱད་གསོད་ཏན་ཏིག་བྱེད་དགོས་པ་བཅས་ནན་བཤད་ཡང་ཡང་བྱས་པ་ཡིན། ལོ་འདི་དག་གི་རིང་ལ། ང་ཚོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་འཐབ་ཇུས་ཀྱི་རང་དབང་སྟངས་འཛིན་བྱས་ཏེ་ཏང་གི་སྲིད་སྐྱོང་གོ་གནས་དང་རྒྱལ་ཁབ་ཀྱི་སྲིད་དབང་བརྟན་བརླིང་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་འཕེལ་རིམ་ལ་འགོག་རྐྱེན་བཟོ་བའམ་ཐ་ན་བར་ཆད་བཟོ་སྲིད་པའི་ཉེན་ཁ་དང་འགྲན་སློང་ཆེན་པོ་བཅས་དང་འཕྲད་ཚེ། བློ་ཐག་ཆོད་པོས་རྡུང་རྡེག་གཏོང་བ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་བསམ་རུང་འགྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཡོད། ལོ་རྒྱུས་ཀྱི་བརྒྱུད་རིམ་འདི་ང་ཚོ་ཚང་མ་དངོས་སུ་བརྒྱུད་ཡོད་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ཀྱིས་སྒོ་ཀུན་ནས་སྙིང་བསྡུས་བྱས་ཡོད་པ་རེད།
ང་ཚོའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱས་པ་ཡིན་ལ། འཐབ་རྩོད་ལ་བརྟེན་ནས་འབྱུང་འགྱུར་བརྩོན་ལེན་དེ་བས་ཀྱང་བྱེད་དགོས། འཐབ་ལམ་གསར་པའི་ཐོག་ང་ཚོར་འཕྲད་པའི་ཉེན་ཁ་དང་ཚོད་བགམ་སྔར་བས་རྙོག་འཛིང་ཆེ་རུ་འགྲོ་བ་དང་། ཐ་ན་བསམ་ཡུལ་ལས་འདས་པའི་འཇིགས་རུང་དྲག་རླབས་དང་ཡང་འཕྲད་སྲིད། ང་ཚོའི་མདུན་དུ་ལྷགས་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཡུན་ཐུང་ཐུང་ཞིག་མིན་པར་དུས་ཡུན་རིང་པོ་ཡིན་ཞིང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་སྦྲགས་མར་གནས་པ་རེད། ཉེན་ཁ་ཆེན་པོ་དང་འགྲན་ཡ་སྟོབས་ལྡན་གྱི་མདུན་དུ། དུས་བདེ་ཞོད་འཇགས་ཀྱི་འཚོ་བ་སྐྱེལ་འདོད་ཡོད་པ་ལས་འཐབ་རྩོད་བྱེད་འདོད་མེད་པ་ནི་དོན་དངོས་ལས་འགོངས་པ་ཞིག་ཡིན་ཞིང་། “རུས་པའི་ཕྲུམ་ནད་”དང་“འཇིགས་སྐྲག་གི་ནད་”ཕོག་ན་ནི་ཕན་ཐོགས་གང་ཡང་མེད། “དམག་ལ་མཁས་པས་མི་ཕམ་གནས་བབ་འཛིན། །དགྲ་བོ་ཕམ་པའི་གླགས་ཀྱང་འཆོར་མི་བྱེད། །”[3]རང་དབང་གི་སྒོ་ནས་གཡུལ་ངོ་ལེན་པ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ན་གཞི་ནས་གསོན་པའི་གོ་སྐབས་རྙེད་པ་དང་། གཞི་ནས་ལ་རྒྱ་ཐོབ་ཅིང་འཕེལ་རྒྱས་ཀྱི་གླགས་རྙེད་པ་རེད། དེ་མིན་ཕྱིར་བཤོལ་དང་འོས་མེད་འགྲིག་ཐབས་བྱས་ན་ཕམ་ཉེས་དང་བརྙས་བཅོས་ཐེབས་རྒྱུ་དང་། འཆི་ལམ་གཅིག་པུ་ལས་མེད། ང་ཚོས་ངེས་པར་དུ་འཐབ་རྩོད་རླབས་པོ་ཆེ་གསར་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་ངེས་ཤེས་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ཁ་ཕྱོགས་ངེས་པ། འཐབ་རྩོད་ཀྱི་རང་དབང་ཟིན་པ། འཐབ་རྩོད་ཀྱི་བློ་རྩ་བརྟན་པ། འཐབ་རྩོད་ཀྱི་ཆོས་ཉིད་ཤེས་རྟོགས་བྱེད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་གསོད། འགལ་བ་ཆེན་པོ་ཐག་གཅོད་བཅས་བྱས་ཏེ་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། དུས་རབས་གསར་པའི་འཐབ་རྩོད་རླབས་པོ་ཆེའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས།
མཆན་འགྲེལ།
[1] 《མོ་ཙི་•བློ་སྦྱོང་》ཞེས་པར་གསལ།
[2] 《སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱས་ནས་ཞི་བའི་རིམ་འགྱུར་སྔོན་འགོག་བྱེད་དགོས་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1994ལོའི་བོད་ཡིག་པར་གཞི། ཤོག་ངོས་568པ།)ཞེས་པར་གསལ།
[3] 《སུན་ཙི་•གཟུགས་རྣམ་》ཞེས་པར་གསལ།