གུང་ཁྲན་ཏང་ནི་མི་དམངས་ལ་བྱ་བ་སྒྲུབ་མཁན་རང་ཡིན།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །གུང་ཁྲན་ཏང་ནི་མི་དམངས་ལ་བྱ་བ་སྒྲུབ་མཁན་རང་ཡིན། 

(2022ལོའི་ཟླ་1ཚེས་26ཉིན།) 

གུང་ཁྲན་ཏང་ནི་མི་དམངས་ལ་བྱ་བ་སྒྲུབ་མཁན་རང་ཡིན་པས། མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་དང་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བར་བྱེད་དགོས། 

ཁྱེད་ཚོའི་ལུང་པ་ནི་ལུའེ་ལིའང་རི་བོ་ཡིན་པ་དང་། འཁྲིས་ལ་རྨ་ཆུ་ཡོད། དེ་ནས་ཕར་སོང་ཚེ་ཧྲའན་ཞི་ཞིང་ཆེན་རེད། ང་རང་རུ་ཞུགས་བྱེད་སའི་ཡན་ཁྲོན་རྫོང་ནི་འདི་ནས་ཐག་རིང་པོ་མེད་ཅིང་། ས་དབྱིབས་ཀྱང་འདི་འདྲའི་དེའུ་འབུར་ལུང་ཤུར་རེད། ས་སེར་མཐོ་སྒང་དུ་ང་ཚོའི་ཕ་མེས་ཡང་མེས་འཚོ་གནས་གནང་བ་དང་ང་ཚོའི་ཀྲུང་ཧྭའི་ཤེས་དཔལ་སྐྱེད་གསོ་བྱུང་ཡོད། 

དུས་ཚོད་ནི་ཇི་འདྲའི་མགྱོགས་པ་ལ་ཨང་། ང་ཚོའི་ལོ་མཉམ་གྱི་ཀྲུང་གོ་བ་རྣམས་ཀྱིས་ཆུང་དུས་དཀའ་སྡུག་གང་མང་མྱངས་ཡོད་པ་དང་། གྲོང་ཁྱེར་དུ་སྡོད་མཁན་གྱིས་ཀྱང་ལྷན་པ་བརྒྱབ་པའི་གོས་གྱོན་མྱོང་ཡོད་པ་རེད། ང་རང་ཧྲའན་པེའི་གྲོང་གསེབ་ཏུ་ཡོད་དུས་རང་ཉིད་ཀྱིས་སྐུད་པ་བཀལ་ནས་རས་འཐགས་མྱོང་ཡོད། དེ་དུས་ང་རང་གྲོང་གསེབ་ཏུ་ཡོང་དུས་ཡིད་སྐྱོ་བའི་གནས་ཚུལ་གང་མང་མཐོང་ཚེ་ཧ་ཅང་བློ་མི་བདེ་བ་དང་སེམས་མི་སྐྱིད་པ་ཡོང་གི་ཡོད། ད་ལྟ་ང་ཚོའི་གྲོང་གསེབ་ཀྱི་གནས་ཚུལ་ལ་བལྟས་ན་རྦད་དེ་འགྱུར་ལྡོག་བྱུང་ཡོད་པ་དང་། ལྟོ་གོས་སྤྱོད་གསུམ་ཚང་མ་སྔར་དང་མི་འདྲ་བར་འདུག །ཀྲུང་གོ་བའི་ལོ་ངོ་སྟོང་ཕྲག་འགའི་རིང་གི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་བྱས་ཚར་བ་རེད། 

ད་རེས་ཧྲན་ཞིར་ཡོང་ནས་གྲོང་ཚོ་གཉིས་ལ་བལྟས་པ་ཡིན། ཚང་མ་ད་ལྟའི་འཚོ་བར་ཡིད་ཚིམས་ཡོད་པ་མཐོང་བས་ང་རང་ཧ་ཅང་དགའ་པོ་བྱུང་། སླད་མར། ང་ཚོ་འགྲོ་དགོས་པའི་ལམ་ཐག་ད་དུང་ཧ་ཅང་རིང་པོ་ཡོད། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ཟིན་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པ་འགོ་ཚུགས་ཟིན་པས་ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། དེང་རབས་ཅན་དུ་འགྱུར་བར་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་མེད་དུ་མི་རུང་བས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་འཚོ་བ་དེང་རབས་ཅན་དུ་སྐྱོད་དུ་འཇུག་པ་དང་། འཚོ་བར་སྔར་ལས་ཀྱང་རེ་བས་ཁེངས་སུ་འཇུག་དགོས། 

ཀྲུང་གོའི་གུང་ཁྲན་ཏང་གིས་སྲིད་དབང་སྐྱོང་བའི་གདམ་ག་ཉག་གཅིག་ནི་མི་དམངས་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དོན་དུ་འབད་འཐབ་དང་། བློས་གཏོང་། ཞབས་ཞུ་བཅས་བྱ་རྒྱུ་དེ་ཡིན། རྩེ་གཅིག་པའི་དོན་གཉེར་དེ་ནི་ལོ་ངོ་100ལྷག་རིང་ལ་འགྱུར་མྱོང་མེད། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་སྔོན་བྱོན་པ་མང་པོས་དེའི་དོན་དུ་ཚེ་སྲོག་བློས་བཏང་བ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་བསྒྱུར་བཅོས་གོང་སྤེལ་གསུམ་གྱི་དོན་དུ་སེམས་ཤུགས་མང་པོ་བཏོན་ཡོད་པས། ང་ཚོ་གཞི་ནས་ད་ལྟའི་གནས་སུ་སླེབས་པ་རེད། 

ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། མི་རབས་ནས་མི་རབས་བར་འབད་འཐབ་བྱ་རྒྱུ་ཡིན་ལ། དེ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་སྐབས་སུ། ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་འཛམ་གླིང་ཤར་ཕྱོགས་སུ་དེ་བས་སེམས་འཁོལ་ནས་འགྱིང་ངེར་ལང་གི་རེད་ལ། མིའི་རིགས་ཡོངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་གི་རེད། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།