༄༅། །གང་ཞིག་དམངས་ཀྱིས་སེམས་ཁྲལ་བྱེད་ས་དེ། །ང་ཡིས་ཅིས་ཀྱང་ཡིད་ལ་འཛིན་པ་དང་། །གང་ཞིག་དམངས་ཀྱིས་རེ་སྒུག་བྱེད་ས་དེ། །ང་ཡིས་ཅིས་ཀྱང་ལེགས་པར་བསྒྲུབ་ངེས་ཡིན། །
(2021ལོའི་ཟླ12ཚེས་31ཉིན།)
རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཆེན་པོ་ཡོད། བྱ་བ་ཆེ་ཆུང་སྣ་ཚོགས་མཐར་གཏུགས་ནས་བཤད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་རེད། ངས་ས་ཁུལ་འགར་བརྟག་དཔྱད་ཞིབ་འཇུག་བྱེད་རིང་གནས་ཚུལ་མི་ཉུང་བ་ཞིག་མཐོང་ཐོས་བྱུང་ལ། དེ་དག་གིས་ངའི་བློ་སྒོ་ཆེས་ཆེར་ཕྱེས་ཤིང་འཐོབ་བྱ་མི་དམན་པ་ཐོབ་བྱུང་། མང་ཚོགས་ཀྱི་ཁྱིམ་དུ་སླེབས་ཐེངས་རེར་ཁོང་ཚོར་ད་དུང་དཀའ་ངལ་ག་རེ་འདུག་གམ་ཞེས་ཡང་ཡང་དྲིས་པ་ཡིན་ལ། ཁོང་ཚོས་བཤད་པའི་སྐད་ཆ་ཚང་མ་ངའི་སེམས་སུ་བཟུང་ཡོད།
གང་ཞིག་དམངས་ཀྱིས་སེམས་ཁྲལ་བྱེད་ས་དེ། །ང་ཡིས་ཅིས་ཀྱང་ཡིད་ལ་འཛིན་པ་དང་། །གང་ཞིག་དམངས་ཀྱིས་རེ་སྒུག་བྱེད་ས་དེ། །ང་ཡིས་ཅིས་ཀྱང་ལེགས་པར་བསྒྲུབ་ངེས་ཡིན། །ང་རང་ཡང་གྲོང་གསེབ་ནས་ཡོང་བ་ཡིན་པས། དབུལ་ཕོངས་ལ་མྱོང་ཚོར་ཟབ་མོ་ཡོད། མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། དེ་སྔའི་དབུལ་ཞིང་ཕོངས་པའི་མི་རྣམས་ད་ལྟ་ལྟོ་གོས་འཛོམས་ཡོད་པར་མ་ཟད། སློབ་གྲྭར་འགྲོ་རྒྱུ་དང་། སྡོད་སའི་ཁང་པ། སྨན་བཅོས་འགན་བཅོལ་བཅས་བྱུང་ཡོད་པ་རེད། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དབུལ་བྲལ་བྱུང་བ་ནི་ང་ཚོའི་ཏང་གིས་མི་དམངས་ལ་ཁས་ལེན་གང་བྱས་རྩིས་འབུལ་ཞུས་པ་ཞིག་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན། ཚང་མའི་འཚོ་བ་སྔར་བས་ཡག་པོ་ཞིག་ཡོང་ཕྱིར། ང་ཚོས་མིག་མདུན་གྱི་གྲུབ་འབྲས་ལ་ཡིད་ཚིམས་ནས་སྡོད་མི་རུང་བར་ད་དུང་ལམ་ཐག་རིང་པོར་སྐྱོད་དགོས་པ་རེད།