༄༅། །རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན།
(2021ལོའི་ཟླ་6ཚེས་25ཉིན་དང་ཟླ་9ཚེས་14ཉིན།)
གཅིག །
ང་ཚོའི་ཏང་དེ་འདྲའི་ཉམ་ཆུང་གི་གནས་ཚུལ་འོག་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ་དང་། དཀའ་ཉེན་ཁྲི་སྟོང་མང་པོ་ལས་ཡང་དང་ཡང་དུ་གསོན་ཤུགས་རྒྱས་ཐུབ་པའི་རྩ་བའི་རྒྱུ་མཚན་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཉམས་ལེན་རྣམ་དག་བྱས་པར་བརྟེན་མི་དམངས་ཀྱི་སེམས་གཏིང་གི་གོང་བཀུར་དང་རྒྱབ་སྐྱོར་ཐོབ་པས་རེད། མི་དམངས་ནི་ང་ཚོའི་ཏང་གི་ཚེ་སྲོག་གི་རྩ་བ་དང་། སྲིད་དོན་སྐྱོང་བའི་རྨང་གཞི། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན།
ངས་རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན་ཞེས་ཡང་ནས་ཡང་དུ་ནན་བཤད་བྱེད་དོན་ནི། དུས་ཡུན་རིང་པོར་སྲིད་དབང་སྐྱོང་རྒྱུ་ཡིན་པའི་ང་ཚོའི་ཏང་གི་ངོས་ནས་བཤད་ན། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་པ་དང་མང་ཚོགས་དང་ཁ་བྲལ་བ་ལས་ཆེ་བའི་ཉེན་ཁ་ཞིག་མེད་པ་དེ་ཏང་ཡོངས་ཀྱི་བློ་མཐུན་ཚོར་བསླབ་བྱ་གཏོང་བའི་ཆེད་དུ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་འཆི་གསོན་མཉམ་འགྲོགས་དང་བདེ་སྡུག་མཉམ་མྱོང་བྱས་པ་ཡིན་ཕྱིན། མི་དམངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཏང་གི་རྗེས་སུ་འབྲང་བ་དང་། ཏང་ནམ་ཡང་ཉམས་མེད་དར་རྒྱས་ཡོང་ངེས་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་ཆད་མེད་པར་ཉམས་སུ་མྱོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ཡག་པོ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱེད་དགོས།
(2021ལོའི་ཟླ་6ཚེས་25ཉིན་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སོ་གཅིག་པ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད།)
གཉིས།
གསར་བརྗེའི་ལོ་རྒྱུས་ལྗིད་ཏིག་ཏིག་འདིར་ཕྱིར་དྲན་བྱས་ཚེ། རྒན་རབས་གསར་བརྗེ་པ་ཚོས་“ཏང་གི་ཁེ་ཕན་ཨང་དང་པོར་འཇོག་པ་”རྒྱུན་འཁྱོངས་དང་། “ངལ་རྩོལ་མི་དམངས་མང་ཆེ་ཤོས་ཀྱི་ཕྱོགས་སུ་ལང་རྒྱུ་”རྒྱུན་འཁྱོངས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་པར་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གསར་བརྗེར་རྒྱལ་ཁ་བླངས་པ་ནི་དམངས་སེམས་ཐོབ་པ་ཞིག་དང་། མང་ཚོགས་དུང་ཕྱུར་མང་པོས་བློ་བརྟན་འགྱུར་མེད་ངང་ང་ཚོའི་ཕྱོགས་སུ་ལང་རྒྱུ་གདམ་གསེས་བྱས་པ་ཞིག་རེད། ང་ཚོས་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དེ་གོ་གནས་མཐོ་ཤོས་སུ་འཇོག་དགོས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ་དང་། མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་གྲལ་གཅིག་ཏུ་ལང་བ་དང་། མི་དམངས་དང་ཕྱོགས་གཅིག་ཏུ་བསམ་བློ་གཏོང་བ། མི་དམངས་དང་ལྷན་གཅིག་ཏུ་ལས་དོན་སྒྲུབ་པ་བཅས་བྱེད་དགོས།
(2021ལོའི་ཟླ་9ཚེས་14ཉིན་ཧྲའན་ཞིའི་ཡུས་ལིན་དུ་ཀྲུང་གུང་སུའེ་ཏེ་ས་ཨུའི་གནས་རྙིང་དུ་གཟིགས་སྐོར་གནང་སྐབས་ཀྱི་གསུང་བཤད་ཀྱི་གནད་བསྡུས།)