དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། 

(2020ལོའི་ཟླ་9ཚེས་17ཉིན།) 

ད་ལོའི་ཚུན་ལ་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ང་ཚོར་“ལོ་ལྔ་ཚན་བཅུ་གསུམ་པ་”དང་ད་ལོའི་ལོ་འགོར་གཏན་འཁེལ་བྱས་པའི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱ་རྒྱུར་འགྲན་སློང་བཟོས་ཡོད། ང་ཚོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་བསྒྲུབས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཁྱབ་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བརྒྱབ་ཡོད། རིམས་ནད་མཆེད་ཚུལ་ཚོད་འཛིན་རགས་ཙམ་བྱས་རྗེས། ང་ཚོས་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་གཅིག་འདོམས་ཀྱིས་ལེགས་པར་བསྒྲུབས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་གྱིས་སླར་གསོ་བྱས། ཟླ་9ཚེས་8ཉིན། ང་ཚོས་པེ་ཅིན་དུ་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་གཟེངས་རྟགས་བསྩལ་ནས་རིམས་འགོག་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱས་པ་དང་། ངས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་ཡིན། ད་ལོའི་ཆུ་རྒྱས་དུས་ཚིགས་ལ་སླེབས་ཚུན། འབྲི་ཆུའི་འབབ་རྒྱུད་དང་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་དུ་ཆུ་རྒྱས་ཚུལ་ཅུང་ཟད་ཚབས་ཆེ་བ་དང་། བར་སྐབས་ཤིག་ལ་གཙང་པོ་དང་མཚེའུ་གཙོ་བོ་དག་ཉེན་ཟོན་ཚད་ཐིག་ལས་བརྒལ་ཞིང་། ས་ཁུལ་ཁ་ཤས་སུ་གནོད་འཚེ་ཚབས་ཆེན་ཕོག་པས་ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་འབྲུབ་འགོག་བྱུར་སེལ་གྱི་བཀོད་སྒྲིག་བྱས་པ་ཡིན། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་ཁྲིད་སྟོན་དང་མཐུན་སྦྱོར་འོག །ཧུའུ་ནན་ཚུད་པའི་འབྲེལ་ཡོད་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་བྱུར་སེལ་ལས་དོན་ཡག་པོར་བསྒྲུབས་ནས་བྱུར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དམ་འཛིན་བྱས་ཡོད། འཛམ་གླིང་ཡོངས་ལ་བལྟས་ཚེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོའི་ཐད་དུ་ང་ཚོ་མདུན་གྲལ་དུ་སླེབས་ཡོད་ལ། གྲུབ་འབྲས་འདི་འདྲ་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན། 

ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་ཞིག་ནི། བྲེལ་དཀའ་ཉེན་ལྕིའི་ལས་འགན་སྣ་ཚོགས་དང་ཉེན་ཁ་དང་འགྲན་སློང་ཁག་གི་མདུན་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནམ་ཡིན་ཡང་བློ་གཅིག་སེམས་གཅིག་དང་། རྡོག་རྩ་གཅིག་སྒྲིལ། ཞུམ་མེད་འབད་འཐབ་ཀྱིས་བྱས་རྗེས་ཆེན་པོ་བཞག་པ་དེ་རེད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་ཚང་མ་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ། མི་དམངས་ནི་དོན་དམ་པའི་དཔའ་བོ་རང་རེད། 

མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན། བྱེད་ཕྱོགས་དང་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་ཚང་མ་མི་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། མི་དམངས་ཀྱི་བསམ་ཚུལ་རེ་འདུན་དང་འཚམ་པར་བྱེད་དགོས་པ་དང་། མང་ཚོགས་ལས་བྱུང་ཞིང་མང་ཚོགས་ཀྱི་ནང་དུ་སྤེལ་དགོས། དུས་ཡུན་རིང་པོར་ང་ཚོའི་ཏང་གིས་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་འདོན་པ་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མ་བྱས་གོང་། རྟག་པར་འབྲེལ་ཡོད་སྡེ་ཁག་ལ་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལག་བརྒྱུད་དང་པོའི་དཔྱད་གཞི་རྒྱུས་ལོན་དང་ཤེས་རྟོགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དངོས་ཐོག་བདེན་འཚོལ་ནི་ང་ཚོའི་ཏང་གི་བསམ་བློའི་ལམ་ཕྱོགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། ཡན་ཨན་གྱི་དུས་སྐབས་ནས་བཟུང་། བློ་མཐུན་མའོ་ཙེ་ཏུང་གིས་“གུང་ཁྲན་ཏང་ཡོན་རྣམས་དངོས་ཐོག་བདེན་འཚོལ་བྱེད་མཁན་གྱི་མིག་དཔེ་ཡིན་དགོས་”ཞེས་དང་། “དངོས་ཐོག་བདེན་འཚོལ་མ་བྱས་ན་གཏན་འབེབས་བྱས་པའི་ལས་འགན་འགྲུབ་མི་ཐུབ་”[1]ཅེས་ནན་གྱིས་བསྟན་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ཐབས་ནི་“དང་པོ་མིག་གིས་གཤམ་འོག་ལ་ལྟ་དགོས་པ་ལས་གནམ་ཁོ་ནར་བལྟས་ནས་སྡོད་མི་རུང་”ཞེས་དང་། “གཉིས་པ་བརྟག་དཔྱད་ཚོགས་འདུ་འཚོག་རྒྱུ་”[2]དེ་ཡིན་པར་འདོད། ལོ་ལྔ་ཚན་འཆར་འགོད་བཟོ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཕྱོགས་སོ་སོ་དང་འབྲེལ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པས་རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་རྒྱུ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱ་རྒྱུ་གཉིས་གཅིག་གྱུར་བྱེད་དགོས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་ཐབས་འདོན་ཇུས་འབུལ་བྱེད་པར་སྐུལ་མ་གཏོང་དགོས། 

དེ་རིང་ཚོགས་འདུར་ཞུགས་པའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་ཚོའི་ནང་དུ་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས་སོགས་ནས་ཡོང་བ་ཡོད་ལ། སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན། སྲིད་ཁྲིམས་སོགས་ཀྱི་འཐབ་ཕྱོགས་ནས་ཡོང་བའང་ཡོད། རིམ་པ་ཁག་གི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། ངལ་རྩོལ་དཔེ་བཟང་ཅན། དབུལ་སྐྱོར་ལས་བྱེད་པ་བཅས་ཡོད་ལ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་དང་། གླ་རྒྱག་ཞིང་པ། མྱུར་སྐྱེལ་ཨ་ཇོ། དྲ་ཚོང་སྦྱིན་བདག་སོགས་ཀྱང་ཡོད། ལྷན་རྒྱས་ཚང་མ་བསྒྱུར་བཅོས་གོང་སྤེལ་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་གནས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་ཟབ་ཤོས་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་ཤོས་ཡིན་ཞིང་། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་དོན་ཐོག་ཏུ་འཁྱོལ་བར་ཤེས་ཚོར་ཆེས་རྣལ་མ་ཐོབ་མཁན་ཡིན་པས། ཁྱེད་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནི་དེ་བས་ཀྱང་གཞི་རིམ་གྱི་དོན་དངོས་དང་ཐག་ཉེ་ཞིང་མང་ཚོགས་ཀྱི་བསམ་འདུན་མཚོན་ཐུབ་པ་རེད། 

ད་གིན་ཚང་མས་གཏམ་བཤད་ཡག་པོ་གནང་སོང་ལ། ཁ་རི་ཁ་ཐུག་དང་སྦ་གསང་མེད་པར་བསམ་འཆར་དང་གྲོས་འགོ་ཡག་པོ་གང་མང་བཏོན་པ་དེ་དག་ནི་གསོན་ཉམས་དོད་ཅིང་དཀྱུས་མ་དཀྱུས་རྐྱང་རེད་འདུག་པས་ང་ཚོས་གཞི་རིམ་གྱི་གནས་ཚུལ་སྔར་བས་ཤེས་རྟོགས་བྱེད་པར་ཕན་ཐོགས་འདུག །འབྲེལ་ཡོད་ཕྱོགས་ནས་ནན་ཏན་གྱིས་ཞིབ་འཇུག་དང་བསྡུ་ལེན་གང་ལེགས་བྱེད་དགོས། 

ཉིན་འགའི་སྔོན་ལ། ང་ཚོས་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་བཟོ་བར་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་གྱི་བྱེད་སྒོ་སྤེལ་ཞིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་ཚད་དང་ཐེ་ཞུགས་བྱེད་ཚད་ཧ་ཅང་མཐོན་པོ་རེད། བསམ་འཆར་དང་གྲོས་འགོ་མང་པོ་ཞིག་ངའི་སར་ཡང་འབྱོར་བྱུང་ལ། ནམ་རྒྱུན་ང་ལའང་མང་ཚོགས་མང་པོ་ཞིག་གི་འཕྲིན་ཡིག་འབྱོར་ཡོང་གི་འདུག །བསམ་འཆར་དང་གྲོས་འགོ་དེ་དག་ལ་ཡོངས་ཁྱབ་རང་བཞིན་ལྡན་པ་དང་། ད་གིན་ལྷན་རྒྱས་ཚང་མས་ཀྱང་བཤད་སོང་། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་གྲོས་འགོའི་ནང་དུ་གནད་དོན་འདི་དག་ལ་ཡ་ལན་ཡག་པོ་ཞིག་འདེབས་དགོས། 

གཤམ་ལ་ངས་བསམ་འཆར་འགའ་འདོན་རྒྱུ་ཡིན། 

དང་པོ། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་གཅེས་སྤྲས་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་དགོས། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འགོ་ཚུགས་པའི་ལོ་ལྔ་ཚན་དང་པོ་ཡིན། ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལྡན་པའི་དུས་རིམ་དུ་གནས་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་འབྱུང་བཞིན་ཡོད། ད་ལྟའི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཕོ་འགྱུར་ཆེན་པོ་དེའི་འགྲོས་ཚད་ཇེ་མགྱོགས་སུ་བཏང་ཞིང་། རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བཀག་འགོག་ཐེབས་ཤིང་། རྒྱལ་ཁབ་ལ་ལར་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་དར་ཁྱབ་ཆེ་བས། ང་ཚོས་ངེས་པར་དུ་སྔར་ལས་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་འཛམ་གླིང་གི་ཁོར་ཡུག་ནང་དུ་རང་རྒྱལ་གྱི་འཕེལ་རྒྱས་དོན་གཉེར་བྱེད་དགོས། རང་རྒྱལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་ལ། དེ་དང་ཆབས་ཅིག་ཏུ་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ད་དུང་མི་འདང་ས་དང་ཞན་ཆ་མང་པོ་གནས་ཡོད། དཀའ་ངལ་དང་འགྲན་སློང་། འགོག་རྐྱེན་དང་འགྱུར་ལྡོག་བཅས་ལ་ང་ཚོས་འགེབས་སུབ་དང་གཡོལ་ཐབས། མཐོང་ཡང་སྣང་མེད་དུ་འཇོག་པ་བཅས་བྱེད་མི་རུང་ལ། དངངས་འཚབ་ལངས་ནས་ཅི་བྱ་གཏོལ་མེད་དང་དཔུང་གདང་འཆོལ་དུ་ཡང་འཇུག་མི་རུང་། ངས་རྟག་པར་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་བདེ་བདེ་ལྷོད་ལྷོད་དང་རྔ་རྡུང་དར་འཕྱར་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་ཞེས་བཤད་ཀྱི་ཡོད། དཀའ་སྡུག་ལས་གཟི་དཔལ་འབྱུང་བ་ལྟར། རྒྱལ་ཁབ་དང་མི་རིགས་ཤིག་གི་དེང་རབས་ཅན་ནི་བདེ་བླག་ངང་མངོན་འགྱུར་བྱེད་ཐུབ་སོང་བ་གཅིག་ཀྱང་མེད། རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་འགྱུར་ལྡོག་རྙོག་འཛིང་ཆེ་ཞིང་གཏིང་ཟབ་བྱུང་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་བཟང་འགྱུར་དང་། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་། རང་རྒྱལ་དཔལ་འབྱོར་ལ་གཏིང་ཤུགས་འདང་བ་དང་། ལྡེམ་ཤུགས་ཆེ་བ། གསོན་ཤུགས་ཆེ་བ། འཁྲོལ་འཁྱིལ་བར་སྟོང་ཆེ་བ། སྲིད་ཇུས་ཀྱི་ཡོ་བྱད་མང་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་མེད་ཅིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་ཡོད་པའི་ཕྱོགས་མང་པོའི་བཟང་ཆ་དང་མཐུན་རྐྱེན་ལ་འགྱུར་ལྡོག་བྱུང་མེད། རང་རྒྱལ་ལ་འཛམ་གླིང་ཡོངས་ཀྱི་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་བཟོ་ལས་མ་ལག་ཡོད་ལ། ཐོན་སྐྱེད་ནུས་པ་ཆེན་པོ་དང་འཐུས་སྒོ་ཚང་བའི་ཆ་སྒྲིག་ནུས་པ་ལྡན་ཞིང་། གཞི་ཁྱོན་ལྷག་ཏུ་ཆེ་བའི་ནང་མཁོའི་ཚོང་རའང་ལྡན་ཡོད་པས། མ་དངུལ་འཇོག་པའི་དགོས་མཁོའི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་དབྱེ་ཞིབ་དང་འཕེལ་ཕྱོགས་ངེས་ཤེས་བྱེད་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བཅས་བྱས་ཏེ་རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་ཡོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་སྐྲུན་དགོས། 

གཉིས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་ཞིང་། སྤྱི་དོན་དུ་ཏང་འཛུགས་རྒྱུ་དང་། དམངས་དོན་དུ་སྲིད་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འབད་འཐབ་དམིགས་འབེན་དུ་འཛིན་དགོས། ཉེ་བའི་ལོ་བརྒྱའི་རིང་ལ་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་འགྲོ་ལམ་ཐོག །ང་ཚོའི་ཏང་གིས་དེ་ལྟར་བཤད་ཀྱི་ཡོད་པར་མ་ཟད། ཐོག་མ་ཉིད་ནས་དེ་ལྟར་སྒྲུབ་ཀྱི་ཡང་ཡོད། རྒྱང་སྐྱོད་ཀྱི་ལམ་དུ། དམར་དམག་རུའུ་ཁྲེང་རྫོང་ཝུན་མིང་ཞང་ཧྲ་ཀྲོའུ་གྲོང་ཚོ་བརྒྱུད་ནས་འགྲོ་དུས། ང་ཚོའི་དམར་དམག་གི་བུད་མེད་འཐབ་འཛིང་པ་གསུམ་གྱིས་རང་ཉིད་ཀྱི་ཕོ་ཁེབས་གཅིག་པུ་དེ་གཏུབས་ནས་ཕྱེད་ཀ་ཡུལ་མི་སྤུན་ཟླ་རྣམས་ལ་ཕུལ་བས་“ཕོ་ཁེབས་ཕྱེད་ཀ་”ཞེས་པའི་གཏམ་རྒྱུད་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་དུ། ང་ཚོས་ཐོག་མའི་དུས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་ཚུལ་ཁ་གསལ་བཏོན་ཡོད། རིམས་ནད་འགོས་མཆེད་བཀག་འགོག་གང་ཐུབ་བྱེད་ཆེད། ང་ཚོས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེས་ཕུལ་དུ་བྱུང་བའི་སྨན་པ་དང་། ཆེས་སྔོན་ཐོན་གྱི་སྒྲིག་ཆས། ཆེས་དགོས་གཏུག་ཆེ་བའི་ཐོན་ཁུངས་བཅས་བསྡུ་རུབ་བྱས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ལ་ཞུགས་ཤིང་། སྐྱོབ་བཅོས་ཀྱི་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་འགན་འཁུར་རྒྱུ་བྱས་པ་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་འཕེལ་རྒྱས་འཆར་འགོད་བྱ་རྒྱུ་དེར་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་དུ་དམངས་འཚོའི་བྱ་གཞག་ཁག་ཡག་པོར་སྒྲུབ་པ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་ཧུར་ཐག་གིས་གསབ་དགོས། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་འཁུར་དང་དོ་སྣང་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་རྩེ་གཅིག་ཏུ་དམིགས་དགོས་པ་དང་། དེ་བས་དམིགས་གཏད་རང་བཞིན་ལྡན་པའི་ཐབས་བཀོད་སྤྱད་དེ་བྱ་བ་ལྟར་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུ་འཛིན་པ་དང་། ལོ་ལྟར་རེ་རེ་བཞིན་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་བས་དོད་པོ་ཡོང་བ་དང་། སྔར་བས་འགན་སྲུང་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས། 

གསུམ་པ། གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། རྨང་གཞི་བརྟན་པོ་མ་བྱུང་ན་གནམ་ས་གཡོ་བར་འགྱུར། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་དང་། གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་བཏང་ན་གཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞི་བརྟན་པོ་ཡོང་གི་རེད། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་ལ། གཞི་རིམ་གྱི་རྨང་གཞིའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བའི་ཐད་ལ་དེ་ལས་འབད་བརྩོན་ཆེན་པོ་བྱེད་དགོས། ཏང་གིས་གྲོང་གསེབ་ཀྱི་གཞི་རིམ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་ཆེད་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ་དང་། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”[3]རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྒོས་སྔོན་འགོག་དང་འདུམ་ཐབས་འདུམ་འགྲིག་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འགལ་བ་གཞི་རིམ་དུ་ཐག་གཅོད་ཏན་ཏིག་བྱེད་པ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་ཡག་པོ་བྱེད་དགོས། 

བཞི་པ། གཞི་རིམ་གྱི་འཐུས་མིས་སྣེ་ཁྲིད་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱ་རྒྱུ་ནི་མཇུག་སྒྲིལ་ས་མ་ཡིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཡིན། མི་དམངས་མང་ཚོགས་ཀྱི་ནང་དུ་ཕུན་སུམ་ཚོགས་པའི་བློ་གྲོས་དང་འཛད་མཐའ་མེད་པའི་གསར་གཏོད་ཀྱི་ནུས་པ་མངའ་ཡོད། རྒྱ་ཆེའི་གཞི་རིམ་མང་ཚོགས་སྒྲིག་འཛུགས་དང་། སྐུལ་སློང་། གཅིག་སྒྲིལ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྒོ་ཀུན་ནས་སྐུལ་སློང་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་གདོང་ལེན་མིག་དཔེའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་སྔར་ལས་འབྲེལ་འདྲིས་དམ་ཟབ་བྱེད་དགོས་པ། སྲིད་གྲོས་ཨུ་ཡོན་གྱིས་རང་གནས་སའི་ལས་རིགས་ཀྱི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་སྔར་ལས་ལེགས་པ་བྱེད་དགོས་པ། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པས་སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱེད་པའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་དགོས་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་མཐུན་སྒྲིལ་དང་གོང་བུར་བསྒྲིལ་ནས་སྔར་ལས་དགའ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྲུན་ཆེད་ཧུར་ཐག་འབད་ཐག་བྱེད་དགོས། 

མཇུག་ཏུ་ངས་ནན་བཤད་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ད་ལྟའི་བར་འཕེལ་རྒྱས་བྱུང་ནས་ཐོབ་པའི་གྲུབ་འབྲས་ནི་གནམ་ནས་ཟགས་ཡོང་བ་ཞིག་མིན་ལ། གཞན་གྱིས་སྦྱིན་པ་བཏང་བ་ཞིག་ནི་དེ་བས་ཀྱང་མིན་པར། དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་ཏུ་ལས་བརྩོན་དང་། བློ་གྲོས། བློ་སྟོབས་བཅས་ལ་བརྟེན་ནས་བསྒྲུབས་ཏེ་ཐོབ་པ་ཞིག་ཡིན། མི་འབོར་དུང་ཕྱུར་14ཡོད་པའི་ང་ཚོའི་རྒྱལ་ཁབ་འདི་འདྲ་ཞིག་ལ་མཚོན་ན། མི་རེ་རེས་སྟོབས་ཤུགས་རེ་བཏོན་ན་རི་སྒུལ་མཚོ་སྐྱོམ་གྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པ་དང་། མི་རེ་རེས་བྱ་བ་རེ་ཡག་པོར་བསྒྲུབས་ན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་གོང་དུ་སྤེལ་ཐུབ་པ་རེད། ཁྱེད་ཚོ་ཚང་མ་གཞི་རིམ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་ནས་ཡོང་ཞིང་། ལས་རིགས་ཁག་གི་འཐུས་ཚབ་ཡིན་པས་ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་གཏོང་དགོས་པ་དང་། སློབ་སྦྱོང་དང་མཐོར་འདེགས་ལ་དོ་སྣང་བྱེད་དགོས་ཤིང་། དཀའ་སྤྱད་འབད་བརྩོན་དང་། བྱ་བ་ཆུང་ཙག་ནས་འགོ་རྩོམ་པ། དོན་ཆུང་དོན་ཆེན་དུ་བརྩིས་ནས་སྒྲུབ་པ། སྒྲུབ་བཞིན་པའི་བྱ་བ་ནན་ནན་བཅགས་བཅགས་ངང་ཡག་པོར་སྒྲུབ་པ་བཅས་ཀྱི་ཐོག་ནས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་མཚར་སྡུག་སྐྲུན་དགོས་པ་དང་། ང་རང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་དགའ་སྐྱིད་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་དགོས། 

མཆན་འགྲེལ། 

[1] མའོ་ཙེ་ཏུང་གི་《མི་རིགས་དམག་འཁྲུག་གི་ནང་ཀྲུང་གོའི་གུང་ཁྲན་ཏང་གིས་འཛིན་དགོས་པའི་གོ་གནས་》(《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》དེབ་2པ། མི་རིགས་དཔེ་སྐྲུན་ཁང་གི་1992ལོའི་བོད་ཡིག་པར་གཞི། ཤོག་ངོས་1041པ།)ཞེས་པར་གསལ། 

[2] མའོ་ཙེ་ཏུང་གི་《〈གྲོང་གསེབ་ལ་བརྟག་དཔྱད་བྱས་པ་〉ཞེས་པའི་གླེང་གཞི་དང་མཇུག་བྱང་》(《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1992ལོའི་བོད་ཡིག་པར་གཞི། ཤོག་ངོས་1562པ།)ཞེས་པར་གསལ། 

[3] དུས་རབས་20པའི་ལོ་རབས་60པའི་དུས་འགོར། ཀྲེ་ཅང་ཀྲུའུ་ཅི་ཧྥེང་ཆའོ་ཡི་ལས་བྱེད་པ་དང་མང་ཚོགས་ཀྱིས་“མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་པ་དང་། འགལ་བ་གོང་ལ་མི་སྤྲོད་པ། རང་སར་ཐག་གཅོད་བྱེད་པ། མི་འཛིན་བཟུང་ཉུང་བ་དང་། བདེ་སྐྱོང་ལེགས་པ་”ཡི་“ཧྥེང་ཆའོ་ཉམས་མྱོང་”གསར་གཏོད་བྱས། དེའི་རྗེས་སུ་“ཧྥེང་ཆའོ་ཉམས་མྱོང་”ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ལྷག་པར་དུ་ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁྱད་ཆོས་མངོན་གསལ་དོད་པའི་དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”ཆགས་ཡོད། དེའི་ནང་དོན་ནི་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་འགོ་ཁྲིད་འོག་མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་བརྟེན་པ་བཅས་གང་ལེགས་བྱས་ནས་མང་ཚོགས་རང་ཉིད་ཀྱི་ལས་དོན་ཐག་གཅོད་བྱེད་པ། “དོན་ཆུང་གྲོང་ཚོ་ལས་མི་བརྒལ་བ་དང་། དོན་ཆེན་གྲོང་རྡལ་ལས་མི་བརྒལ་བ། འགལ་བ་གོང་ལ་མི་སྤྲོད་པ་”བཅས་བྱེད་དགོས་པའོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།