གསུམ་པ། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། 

(2020ལོའི་ཟླ་5ཚེས་22ཉིན།) 

ཀྲུང་གོའི་གུང་ཁྲན་ཏང་གི་རྩ་བ་མི་དམངས་ལ་ཐུག་ཡོད་ཅིང་ཁྲག་རྒྱུད་ཀྱང་མི་དམངས་ལ་ཐུག་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དེས། ཏང་གི་ཕུགས་འདུན་དང་དད་སེམས། ངོ་བོ་དང་དམིགས་ཡུལ། ཐོག་མའི་བསམ་འདུན་དང་འགན་འཁྲི་བཅས་མཚོན་ཡོད་པར་མ་ཟད། ཏང་གི་འབད་འཐབ་ཀྱི་བརྒྱུད་རིམ་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་ཞིག་ཀྱང་རེད། ང་ཚོའི་ཏང་བཙུགས་པའི་ཉིན་ནས་བཟུང་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་བྱས་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ལ་འཚོ་བ་ཡག་པོ་རོལ་རྒྱུ་ཡོད་པའི་ཆེད་དུ་ཡིན་པས། འགྲན་སློང་དང་གནོན་ཤུགས་གང་འདྲ་ཞིག་ལ་ཕྲད་ནའང་འདྲ་ལ། བློས་གཏོང་དང་རིན་དོད་གང་འདྲ་ཞིག་གཏོང་དགོས་ནའང་འདྲ་བར། ཕྱོགས་འདིར་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ལ་གཡོ་འགུལ་སྤུ་ཙམ་མེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་ནི་འབོད་ཚིག་སྟོང་པ་ཞིག་མིན་པར། ངེས་པར་དུ་ཐབས་ཇུས་བཀོད་སྒྲིག་ཁག་དང་ལས་ཀ་དངོས་ཀྱི་ནང་དུ་དོན་འཁྱོལ་བྱེད་དགོས། 

དང་པོ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། གནའ་མིའི་བཤད་རྒྱུན་ལ་“གནམ་འོག་འབངས་དང་ཁེ་ཕན་མཐུན་ན། །གནམ་འོག་ཀུན་གྱིས་གཅེས་སུ་འཛིན་ནོ། །གནམ་འོག་འབངས་ཀྱི་ཁེ་ཕན་ཕྲོགས་ན། །གནམ་འོག་ཀུན་གྱིས་ངོ་ལོག་བྱེད་དོ། །”[1]ཞེས་པའི་བཤད་སྲོལ་ཡོད། ཏང་གི་སྒྲིག་ཡིག་ལས་ང་ཚོའི་ཏང་ལ་རང་ཉིད་ཀྱི་ཁེ་ཕན་དམིགས་བསལ་ཞིག་མེད་ཅིང་། ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་དགོས་ཞེས་གཏན་འབེབས་གསལ་པོར་བྱས་ཡོད། འདི་ནི་ང་ཚོའི་ཏང་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ཆ་ནས་སྲིད་ཏང་གཞན་དག་དང་དབྱེ་བ་འབྱེད་བྱེད་རྟགས་མཚན་མངོན་གསལ་ཆེ་བ་ཞིག་ཡིན། རིམས་ནད་ཚབས་ཆེན་གྱི་མདུན་དུ་ང་ཚོས་ཐོག་མ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་པ་གསལ་པོར་བཏོན་ཡོད། ང་ཚོས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཆེས་ཕུལ་དུ་བྱུང་བའི་སྨན་པ་དང་། ཆེས་སྔོན་ཐོན་གྱི་སྒྲིག་ཆས། ཆེས་དགོས་གཏུག་ཆེ་བའི་ཐོན་ཁུངས་བཅས་བསྡུ་རུབ་བྱས་ནས་ནུས་ཤུགས་ཡོད་རྒུས་ནད་བཅོས་སྲོག་སྐྱོབ་བྱས་ཤིང་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་བཏང་ཡོད། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ཡིན་པས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་པའི་ཆེད་དུ་རིན་དོད་གང་དགོས་ཕངས་མེད་བཏང་ཆོག་ཨང་། 

མིག་སྔར། རང་རྒྱལ་གྱི་ཕྱི་ནས་ནང་མཆེད་འགོག་པའི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་དང་རྒྱལ་ནང་གི་རིམས་ནད་བསྐྱར་ལོག་གི་ཉེན་ཁ་སྔར་བཞིན་གནས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ལྷོད་ཡངས་སྤུ་ཙམ་མི་བྱེད་པར་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་རིམས་ནད་བསྐྱར་ལོག་མི་ཡོང་བ་འགན་ལེན་བྱེད་དགོས། 

གཉིས་པ། མི་དམངས་ལ་རྩེ་གཅིག་ཏུ་རྒྱབ་རྟེན་བྱེད་དགོས། མི་དམངས་ནི་ང་ཚོའི་ཏང་གི་སྲིད་སྐྱོང་གཏིང་ཤུགས་ཆེ་ཤོས་དེ་ཡིན། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག །རྒྱལ་ཡོངས་སྐུལ་སློང་དང་དམངས་ཡོངས་ཞུགས་པ། མཉམ་འགོག་མཉམ་སྡོམ་དང་མང་འགོག་མང་བཅོས་བཅས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་མ་ལག་དམ་ཚགས་ཆེ་ཤོས་བཙུགས་ཤིང་གཞོམ་གཞིག་བྲལ་བའི་སྟོབས་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་བསྒྲིལ་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བསམ་རྒྱ་ཆེར་སྐྱེད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ཤིང་། རང་རྟོགས་ངང་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་སྤྱི་ཡོངས་ལ་གཞོགས་འདེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་རང་བཞིན་གྱི་སྟོབས་ཤུགས་ཤིག་ཆགས་ཡོད། གནའ་མིའི་བཤད་རྒྱུན་ལ་“མང་པོའི་སྟོབས་ཤུགས་བཀོལ་ཤེས་ན། །དེ་ལ་སྲིད་འདིར་འགྲན་ཟླ་མེད། །མང་པོའི་བློ་གྲོས་སྤྱོད་ཤེས་ན། །འཕགས་པ་ལ་ཡང་སྐྲག་ཅི་དགོས། །”[2]ཞེས་པའི་བཤད་སྲོལ་ཡོད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་རྒྱ་ཆེ་ཤོས་དང་། མངོན་སུམ་ཆེ་ཤོས། གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཡིན། ང་ཚོས་མི་དམངས་དམངས་གཙོ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་ལས་ལེགས་པར་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་དུ་གོང་བུར་སྒྲིལ་དགོས། ནང་སོག་རང་སྐྱོང་ལྗོངས་ནི་རང་རྒྱལ་གྱི་འཛུགས་སྔ་ཤོས་ཀྱི་མི་རིགས་རང་སྐྱོང་ལྗོངས་ཡིན། ཁྱེད་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་ལ་ཤུགས་རྒྱག་རྒྱུ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་དུ་མུ་མཐུད་ནས་མདུན་གྲལ་དུ་སྐྱོད་པའི་རེ་བ་ཞུ་རྒྱུ་ཡིན། 

རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པའི་ལས་ཀ་ཡག་པོར་སྒྲུབ་པར་མི་དམངས་ལ་རྩེ་གཅིག་ཏུ་རྒྱབ་རྟེན་བྱེད་དགོས། ཐེངས་འདིའི་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕོག་ཐུག་དང་ཤུགས་རྐྱེན་ཆེ་ཙམ་བཟོས་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། འཛམ་གླིང་ཐོག་གི་བྱ་དངོས་གང་ཞིག་ཡིན་རུང་ཚང་མ་ངོ་བོ་གཉིས་ལྡན་ཡིན་པས་ན། ཐེངས་འདིའི་རིམས་ནད་ནི་ཉམས་ཉེན་ཞིག་ཡིན་མོད། ཚད་ངེས་ཅན་ཞིག་གི་ཐོག་ནས་གོ་སྐབས་གསར་པ་ཞིག་ཀྱང་ཡིན། ཧུར་བརྩོན་དང་རང་དབང་སྒོས་བགྱི་བ་དོན་ལྡན་བྱས་ཏེ། ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚོང་རའི་བྱེད་པོས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཚད་མགྱོགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་དུ་ཐབས་བཀོད་གོ་ཆོད་ཁག་ཅིག་འདོན་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་སྣེ་ཁྲིད་རང་བཞིན་ལྡན་པའི་འཆར་འགོད་གལ་ཆེན་དང་། བསྒྱུར་བཅོས་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་དམིགས་གཏད་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་ཤིང་། ཉམས་ཉེན་ལ་ཁ་གཏད་འཇལ་བའི་ཐད་དུ་ལས་ཀའི་རང་དབང་ཟིན་དགོས་ལ་འཕེལ་རྒྱས་ཀྱི་རང་དབང་དམག་འཐབ་ཡག་པོར་རྒྱག་དགོས། 

གསུམ་པ། རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མཐར་གཏུགས་ན་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཆེད་ཡིན། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་ཁེ་ཉེན་བདེ་སྡུག་སེམས་ལ་འཛིན་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བཟའ་བཅའི་བདེ་འཇགས། སྤྱི་ཚོགས་བདེ་སྐྱོང་སོགས་ཀྱི་དངོས་ཡོད་གནད་དོན་རྣམས་ལྷག་བསམ་རྣམ་དག་དང་སྟོབས་ཤུགས་གང་ཡོད་སྤྱད་དེ་བྱ་བ་ལྟར་རེ་བཞིན་དོན་འཁྱོལ་དང་ལོ་ལྟར་རེ་བཞིན་བསྒྲུབས་ཏེ་ཧུར་བརྩོན་ཆེན་པོས་མང་ཚོགས་ལ་འགྱུར་ལྡོག་མཐོང་དུ་འཇུག་པ་དང་ཁེ་བཟང་ཐོབ་ཏུ་འཇུག་དགོས། 

ནང་སོག་གིས་ད་ལོའི་ཟླ་3པར་དབུལ་ཕོངས་རྫོང་ཚང་མའི་དབུལ་ཞྭ་ཕུད་པ་ཁྱབ་བསྒྲགས་བྱས་ཚར་བ་རེད། ཐོན་ལས་ལས་ཞུགས་ཀྱི་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་པ་དང་། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱས་ནས་དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ད་ལོ་ལས་ཞུགས་བརྟན་པོ་ཡོང་བའི་ལས་འགན་ཧ་ཅང་ལྕི་བས་སློབ་ཆེན་སློབ་ཐོན་སློབ་མ་དང་། གླ་རྒྱག་ཞིང་པ། དམག་ཞབས་འཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོར་སྒྲུབ་དགོས། ཐེངས་འདིའི་རིམས་ནད་ཀྱི་ཐོག་ནས་ང་ཚོའི་སྤྱི་པའི་འཕྲོད་བསྟེན་མ་ལག་སོགས་ཀྱི་ཐད་དུ་ད་དུང་ཞན་ཆ་དང་མི་འདང་ས་འགའ་ཞིག་ཡོད་པ་གསལ་པོར་མངོན་ཡོད་པས། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་གསོ་བཅོས་བྱེད་པའི་མ་ལག་དང་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱེད་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ་སོགས་གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་སྲུང་སྔར་ལས་ལྷག་པ་ཞིག་བྱེད་དགོས། 

མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་གལ་ཆེ་ཤོས་སུ་འཛིན་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ཀྱི་དོན་དུ་བྱ་བ་བསྒྲུབ་རྒྱུ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་གལ་ཆེ་ཤོས་སུ་འཛིན་གྱི་ཡོད་པ་དང་། མི་སེར་ལ་དོན་བཟང་དང་དངོས་དོན་ག་ཚོད་བསྒྲུབས་ཡོད་པ་དེ་སྲིད་སྐྱོང་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་དུ་འཛིན་གྱི་ཡོད། ཏང་ཡོན་དང་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་རང་ཉིད་ཀྱིས་འཛིན་པའི་དབང་ཆ་དང་ལས་གནས་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་ཡིན་སྟབས། ཏང་དང་མི་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པར་སྤྱོད་དགོས་པ་དང་། མི་དམངས་ལ་ཁེ་ཕན་གཉེར་བ་ཁོ་ནར་སྤྱོད་དགོས་པ་ངོས་འཛིན་གསལ་པོ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛིན་པ་དང་། གཏམ་འདོད་ཚ་པོ་མི་བྱེད་པ་དང་། དོན་མེད་རྩོལ་བ་མི་བྱེད་པ། དོན་མེད་མིང་གྲགས་མི་བསམ་པར་གནས་གང་དུ་དཔོན་གནས་ཐེངས་ཤིག་འཁུར་ན་ཡུལ་དེ་ལ་བདེ་སྐྱིད་ཏན་ཏིག་ཅིག་སྐྲུན་དགོས། 

དཔེ་ཆ་བཞག་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ལོ་བརྒྱའི་ཇུས་ཆེན་ཡིན། ནང་སོག་གི་སྐྱེ་ཁམས་གནས་ཚུལ་བཟང་མིན་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པར་མ་ཟད། ཧྭ་བྱང་དང་། བྱང་ཤར། ནུབ་བྱང་བཅས་དང་། ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཡང་འབྲེལ་བ་ཡོད། ལོ་འདི་དག་གི་རིང་ལ་ཁྱེད་ཚོས་གནད་ཆེའི་སྐྱེ་ཁམས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཤིང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བརྒྱབ་ནས་མཛེས་སྡུག་ལྡན་པའི་ནང་སོག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། ནང་སོག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་ངོ་60ལྷག་གི་རིང་ལ་མའོ་ཝུའུ་སུའུ་བྱེ་ས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བཅོས་སྐྱོང་བྱས་པས། ད་ལྟ་བཅོས་སྐྱོང་བྱེད་ཚད་70%ཟིན་པ་དང་། སྐྱེ་ཁམས་སྤྱི་ཆ་ནས་ལེགས་བཅོས་འབྱུང་བའི་འཕེལ་སོ་མངོན་པ་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཤིག་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་འགོ་མ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་བརྟན་པོར་བཙུགས་ཏེ་རྨ་ཆུའི་འབབ་རྒྱུད་དང་། “མཚེའུ་གཅིག་མཚོ་གཉིས།”[3] ཝུའུ་ཧའེ་དང་དེའི་མཐའ་འཁོར་ས་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་མུ་མཐུད་དུ་ཡག་པོར་བརྒྱབ་ནས་མེས་རྒྱལ་བྱང་རྒྱུད་ཀྱི་སྔོ་ལྗང་ཅན་གྱི་ལྕགས་རི་རིང་པོ་འདི་དེ་བས་སྲ་བརྟན་དུ་གཏོང་དགོས། 

བཞི་པ། མི་དམངས་ཀྱི་ནང་དུ་རྩ་བ་བརྟན་པོར་ཚུགས་དགོས། ང་ཚོའི་ཏང་གིས་དུས་ཡུན་རིང་པོར་སྲིད་དབང་སྐྱོང་དགོས་ན། ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་གཏན་སྐྱོང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་བློ་ཁ་གཅིག་གཏོང་དང་། ལས་ཀ་མཉམ་སྒྲུབ། སྐྱིད་སྡུག་མཉམ་མྱོང་། བདེ་སྡུག་མཉམ་འཁུར་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་“སྤྱོད་ཚུལ་བཞི་”[4]དག་ཐེར། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དང་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་བཅས་བྱས་པ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་དུ་འཇུག་རྒྱུ་དེ་རང་ཡིན། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་ཁྱད་གསོད་བྱས་ཏེ། མང་ཚོགས་དང་ཁ་བྲལ་བའི་དབང་གིས་མཇུག་མཐར་མང་ཚོགས་ཤོར་བའི་སྣང་ཚུལ་བཀག་འགོག་བྱེད་དགོས། 

མཆན་འགྲེལ། 

[1] 《ཀོན་ཙི་•ཁྲིམས་སྲོལ་རྣམ་འགྲེལ་》ཞེས་པར་གསལ། 

[2] ཅིན་རྒྱལ་རབས་ནུབ་མའི་ཁྲེན་ཧྲོའུ་ཡི་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་•ཝུའུ་ཡིག་•ཝུའུ་ཡི་རྗེ་བོ་སུན་ཆོན་གྱི་རྟོགས་བརྗོད་》ཀྱི་ཕེ་སུང་ཀྲིའི་ལུང་འགྲེལ་《འབྲི་ཆུའི་ལྷོ་རྒྱུད་ཀྱི་ལོ་རྒྱུས་》ཞེས་པར་གསལ། 

[3] “མཚེའུ་གཅིག་མཚོ་གཉིས་”ཞེས་པ་ནི་འདིར་ནང་སོག་གི་ཧུའུ་ལིན་མཚེའུ་དང་ཝུའུ་ལིའང་སུའུ་མཚོ། ཏའེ་མཚོ་བཅས་ལ་གོ། 

[4] “སྤྱོད་ཚུལ་བཞི་”ཞེས་པ་ནི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་བཅས་ལ་ཟེར། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།