༄༅། །ཏང་གི་ཆབ་སྲིད་འཛུགས་སྐྲུན་རྒྱུན་འཁྱོངས་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ཐོག་མཐའ་བར་གསུམ་དུ་འཛིན་སྐྱོང་བྱེད་དགོས།
(2021ལོའི་ཟླ་11ཚེས་11ཉིན།)
ཏང་གི་མཐུན་སྒྲིལ་གཅིག་གྱུར་ཁག་ཐེག་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་ལ། ང་ཚོའི་ཏང་ཉིད་ལོ་ངོ་བརྒྱའི་ཏང་ཆེན་པོ་ཞིག་ཏུ་གྱུར་པ་དང་། དུས་རབས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པའི་གནད་འགག་ཐུག་སའང་ཡིན། ལོ་བརྒྱའི་རིང་ལ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་འཛིན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཟོ་བ། བློ་རྩ་བརྟན་པོས་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་བསྟར་བྱེད་པའི་ཐོག་ནས་ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་། སྲ་བརྟན་གྱི་བློ་སྟོབས། མཐུན་སྦྱོར་གྱི་བྱ་སྤྱོད། འཐབ་འཛིང་གི་སྟོབས་ཤུགས་ཆེན་པོ་བཅས་མཐའ་འཁྱོངས་བྱེད་པར་སྐུལ་འདེད་བྱས་ཡོད།
ཏང་གི་ལོ་རྒྱུས་ལས་བལྟས་ན། ང་ཚོའི་ཏང་གིས་འཐུས་སྒོ་ཚང་པོ་རང་ཞིག་མེད་པ་ནས་བློ་རྩ་བརྟན་ཞིང་འཐུས་སྒོ་ཚང་བ་དང་། སྟོབས་ཤུགས་འཕེར་པོ་རང་ཞིག་མེད་པ་ནས་ཞུམ་མེད་སྟོབས་ལྡན་དུ་གྱུར་པའི་འཚར་ལོངས་བྱུང་རིམ་བརྒྱུད་ཡོད། ཙུན་དབྱིའི་གྲོས་ཚོགས་མ་འཚོགས་གོང་ལ། ང་ཚོའི་ཏང་ད་དུང་འཐུས་ཚང་རང་ཞིག་བྱུང་མེད། ལྷག་པར་དུ་ཏང་ཀྲུང་དབྱང་འཐུས་ཚང་ཞིག་ཆགས་མེད་པ་དང་། ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་ཆགས་མེད། དེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གསར་བརྗེའི་ཐོག་མའི་དུས་སུ་བར་ཆད་ཡང་ཡང་བྱུང་བ་དང་། ཐ་ན་ཕམ་ཉེས་ཀྱི་ཉེན་ཁར་འཕྲད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཙུན་དབྱིའི་གྲོས་ཚོགས་ཐོག་ཏུ་བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་མར་ཁེ་སིའི་རིང་ལུགས་ཀྱི་ལམ་ཕྱོགས་ཡང་དག་པ་དེ་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་སུ་གཏན་འཁེལ་བྱེད་འགོ་ཚུགས་ཤིང་། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚན་པ་མི་རབས་དང་པོ་ཆགས་འགོ་ཚུགས་ལ། དེའི་རྗེས་སུ་གཞི་ནས་ཏང་ཉིད་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་བ་རེད། ལོ་རྒྱུས་དང་དོན་དངོས་གཉིས་ཐད་ནས་དངོས་ར་གསལ་འཕྲོད་བྱུང་གསལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་ཐུག་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་པར་བརྟེན། དུས་དང་རྣམ་པ་ཀུན་ཏུ་ཟ་རི་ཟི་རི་དང་གཡོ་འགུལ་གཏོང་མི་རུང་བ་རེད།
ང་ཚོ་འདི་འདྲའི་འཛམ་གླིང་ཐོག་གི་སྲིད་ཏང་ཆེ་ཤོས་ཤིག་དང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་བཅོས་སྐྱོང་ཡག་པོ་བྱེད་དགོས་ན། ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱས་ཏེ་ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པ་འགན་ལེན་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་ཡུན་ངེས་ཅན་ཞིག་རིང་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱེད་ཤུགས་ཆུང་དུ་སོང་བ་དང་། དོན་མེད་དུ་སོང་བ། ཉམས་དམས་སུ་གྱུར་པ། གྲལ་མཐར་ཕུད་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲིར་བརྩིས་ཤིང་། ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཏང་ཡོངས་བསམ་བློའི་ཐོག་སྔར་བས་གཅིག་གྱུར་དང་། ཆབ་སྲིད་ཐོག་སྔར་བས་མཐུན་སྒྲིལ། བྱ་སྤྱོད་ཐོག་སྔར་བས་གཅིག་མཐུན་བཅས་ཡོང་བར་བྱས་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ལས་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེན་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་པ་ནི། ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ་དང་། ཏང་གི་དར་ཆའི་འོག་ཏུ་“ངར་ལྕགས་མཁྲེགས་པོ་ཞིག་”ཏུ་མཐུན་སྒྲིལ་བྱས་ཏེ་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་སྐྱོད་དགོས་པའི་བླང་བྱ་བཏོན་ཡོད་པ་དེ་ཡིན།
ཏང་གི་མཐུན་སྒྲིལ་གཅིག་གྱུར་འཛིན་སྐྱོང་བྱེད་དགོས་ན་ཏང་ཡོངས་ཀྱིས་ངེས་པར་དུ་ཏང་ལ་བློ་སེམས་དཀར་དགོས། ཏང་ལ་བློ་སེམས་དཀར་རྒྱུ་ནི་གུང་ཁྲན་ཏང་མིར་ངེས་པར་དུ་ལྡན་དགོས་པའི་ཆབ་སྲིད་ཀྱི་ངང་རྒྱུད་ཡིན་པ་དང་། བསླུ་མེད་དང་ཆ་རྐྱེན་གང་ཡང་མེད་པ་ཞིག་ཡིན་དགོས་པ་ལས། གཅོག་འཐེན་དང་མགོ་བདེ་གཡོ་ཁྲམ་སྤེལ་མི་རུང་བ་རེད། ཏང་ཡོངས་ཀྱི་བློ་མཐུན་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་སྟེང་དུ་ངེས་པར་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་འཛིན་སྐྱོང་བྱས་ཏེ། ཏང་དང་མི་དམངས་དང་། ཏང་གི་ཕུགས་བསམ་དང་དད་སེམས། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི། ཏང་གི་རྩ་འཛུགས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལ་བློ་དཀར་སེམས་དཀར་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེེར་སྐྱེད་བཅས་མིང་དོན་མཚུངས་པ་ཞིག་བྱེད་ཐུབ་དགོས། ཏང་ལ་བློ་དཀར་རྒྱུ་ནི་མིག་མཐོང་ལག་ཟིན་གྱི་ལག་ལེན་ཞིག་ཡིན་པ་ལས། འབོད་ཚིག་སྟོང་པ་མིན་ལ། ངག་ཐོག་ནས་རྣམ་འགྱུར་སྟོན་པ་ཙམ་གྱིས་མི་འགྲིག་པར། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་སྤྱོད་ཐོག་ནས་མཚོན་དགོས། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་ཀ་ཡག་པོར་སྒྲུབ་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་མཚོན་དགོས། རྒྱུན་ལྡན་གྱི་གཏམ་སྤྱོད་ཐོག་ནས་མཚོན་དགོས། དེ་ཡང་ཏང་ཀྲུང་དབྱང་གིས་དར་སྤེལ་གང་བྱས་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་ཐག་གཅོད་གང་བྱས་མཐའ་གཅིག་ཏུ་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་གང་བྱས་གཏན་ནས་མི་སྒྲུབ་པ་བཅས་བྱེད་ཐུབ་དགོས་པ་དང་། ཆ་རྐྱེན་མི་འདོན་པ་དང་བབ་བསྟུན་སླ་བཅོས་མི་བྱེད་ལ། རྗེས་སུ་མི་ལུས་པ་དང་ཕྱོགས་སུ་མི་ལྷུང་བའི་ཐོག་ནས་ཏང་ཡོངས་གོང་འོག་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་སེམས་པ་ཕྱོགས་གཅིག་ཏུ་གཏོད་རྒྱུ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་རྒྱུ་འགན་ལེན་བྱེད་དགོས།