༄༅། །ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།
(2021ལོའི་ཟླ་1ཚེས་11ཉིན།)
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ཉིད་ཀྱི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། མངོན་གསལ་ཆེ་ཤོས་ཀྱི་ཁྱད་ཆོས་ནི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ཟུང་འབྲེལ་དམ་ཟབ་དང་། ལམ་ལུགས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་ཟུང་འབྲེལ་དམ་ཟབ་བྱེད་པས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དུ་ཆབ་སྲིད་ཀྱི་དགེ་མཚན་དང་། རིགས་པའི་གཞུང་ལུགས་ཀྱི་དགེ་མཚན། ལམ་ལུགས་ཀྱི་དགེ་མཚན། རིག་གནས་ཀྱི་དགེ་མཚན་བཅས་ཆེན་པོ་ལྡན་པ་དེ་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ཤིང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་སྟེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་དགེ་མཚན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་དགེ་མཚན་གཉིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་དགེ་མཚན་དང་གཅིག་གྱུར་བྱས་ཐོག །ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པ་དེ་འགན་ནུས་བགོ་སྒྲིག་ཐད་སྔར་བས་ཚན་རིག་དང་མཐུན་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་ཐད་སྔར་བས་འཐུས་སྒོ་ཚང་བ། འཁོར་སྐྱོད་དོ་དམ་ཐད་སྔར་བས་ལས་ཕྱོད་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་ཐུབ་མིན་ནི་མ་འོངས་པའི་ལོ་5དང་ལོ་15དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་《གྲོས་གཞི་》ནི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེར་སྤྱི་ཁོག་གི་བསམ་ཕྱོགས་དང་། སློབ་སྟོན་གྱི་རྩ་དོན། འཐབ་ཇུས་ཀྱི་བསམ་བློ་བཅས་ཡོད་ལ་བླང་བྱ་ཞིབ་ཕྲ་ཡང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཡོད་ལ། བརྡར་གཅོད་གལ་ཆེན་གསར་པ་དང་འཐབ་ཇུས་ཀྱི་བྱེད་ཐབས་གསར་པའང་ཡོད། དེ་བས་འབད་བརྩོན་ཆེན་པོ་མ་བྱས་ཚེ་མཐིལ་ཕྱིན་པ་ཞིག་རྟོགས་མི་ཐུབ། མཐིལ་ཕྱིན་པ་ཞིག་མ་རྟོགས་ཚེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་བསྟར་བའི་གནད་འགག་འཛིན་མི་ཐུབ་ཅིང་། གནད་ཐོག་ཏུ་འཁེལ་མི་ཐུབ་ལ། དོན་ཐོག་ཏུ་འཁྱོལ་མི་ཐུབ། འགོ་ཁྲིད་ལས་བྱེད་པ་རིམ་པ་ཁག་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་། དོན་ཚན་རེ་རེ་བཞིན་གོ་བ་བླངས་ཏེ། སྤྱི་ཆ་ནས་ངེས་ཤེས་འདྲོངས་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཙོ་གནད་དང་གསར་གཏོད་ཀྱི་གནད་གཙོ་བོར་བཟུང་ནས་གོ་བ་ལེན་དགོས་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་སྦྲེལ་བའི་སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། ད་ལྟའི་ཆ་ལ་གཞི་ཚུགས་པ་དང་ཕུགས་རྒྱང་རིང་པོར་དམིགས་གཏད་ནས་ལས་དོན་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་། རང་དབང་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཆེ་རུ་གཏོང་དགོས།
མཐོ་རིམ་ལས་བྱེད་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་ཆགས་དགོས་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ནི་ཆབ་སྲིད་ཐོག་གི་མི་གོ་ཤེས་ཅན་ཆགས་དགོས་ཞེས་ངས་ཐེངས་མང་བཤད་མྱོང་ཡོད། ཉེ་ཆར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ངས་སླར་ཡང་གནད་དོན་འདི་དམིགས་སུ་བཀར་ནས་བཤད་པ་ཡིན། དཔལ་འབྱོར་ལས་དོན་ནི་ཐོག་མ་ཉིད་ནས་ལྐོག་ཏུ་གྱུར་པ་དང་ཁེར་རྐྱང་དུ་གནས་པ་ཞིག་མ་ཡིན་པར་བྱེ་བྲག་པ་དང་ཕན་ཚུན་འབྲེལ་ཞིང་གནས་པ་ཞིག་ཡིན། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཞི་ཚུགས་ཏེ། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་གཅིག །“རྒྱལ་ཁབ་ཀྱི་དོན་ཆེན་”སེམས་སུ་བཅངས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་། འཐབ་ཇུས་ཀྱི་མིག་རྒྱང་། ཆེད་ལས་ཀྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་གཉིས། འཁུར་ལེན་ཕོད་ཅིང་སྒྲུབ་མཁས་པ་དང་གསུམ་བཅས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།
ང་ཚོའི་ཏང་གིས་མི་འབོར་དུང་ཕྱུར་བཅུ་གྲངས་ཁ་ཤས་ཡོད་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་གི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་། བརྟན་ཐོག་ཡར་བརྩོན། མཉམ་དུ་སྐུལ་སྤེལ་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྔོན་ཚོད་རང་བཞིན་གྱི་བསམ་གཞིགས་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག །སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་རྒྱག་དགོས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་། གྲུབ་ཚུལ། གཞི་ཁྱོན། མྱུར་ཚད། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་ལ་ས་ཁུལ་གཅིག་དང་མི་རིགས་གཅིག་ཀྱང་ཆད་མི་ཉན་ལ། དུས་མཚུངས་སུ་རང་རྒྱལ་གྱི་ས་ཁོངས་བར་ཧེ་བག་ཆེ་ཞིང་འཕེལ་རྒྱས་དོ་མི་མཉམ་པས། དེང་རབས་ཅན་གྱི་འཕེལ་རིམ་གྱི་གོམ་སྟབས་གཅིག་གྱུར་ཡོང་མི་སྲིད། དེས་ན་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་དེང་རབས་ཅན་སྔོན་ལ་མངོན་འགྱུར་བྱེད་པར་བསྔགས་སྐུལ་བྱེད་དགོས་པ་དང་། ས་ཁུལ་གཞན་དག་ལ་སྐུལ་ཁྲིད་བྱས་ཏེ་དེང་རབས་ཅན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
ལོ་མཇུག་ཏུ་སླེབས་གྲབས་ཡོད་པས། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཚོས་རིམས་ནད་སྔོན་འགོག་དང་། འདོན་སྤྲོད་འགན་ལེན། དམངས་འཚོ་འགན་ལེན། བདེ་འཇགས་འགན་ལེན། བརྟན་བརླིང་འགན་ལེན་བཅས་ཀྱི་ཐད་ལ་དོ་སྣང་དང་སེམས་འཁུར་མང་ཙམ་བྱེད་པ་དང་། ཉེན་ཁ་སེལ་བའི་ལས་དོན་དམ་འཛིན་སྔ་མོ་དང་། ཞིབ་ཚགས། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་ཞོད་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་སྐྲུན་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། སྔོན་འགོག་ཚོད་འཛིན་གྱི་ཐབས་བཀོད་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་ཤིང་། ཐར་ཐོར་དུ་བྱུང་བའི་ནད་དཔེ་དོ་དམ་མགྱོགས་མྱུར་དང་ནུས་ལྡན་བྱེད་དགོས། སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཕྱོགས་ཡོངས་ནས་རྩད་ཞིབ་དང་། བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ། བག་ལ་ཉལ་བའི་ཉེན་ཁ་འབྱུང་རྐྱེན་སྣ་ཚོགས་སྟངས་འཛིན་བཅས་བྱས་ཏེ་རང་འགུལ་ངང་འགོག་ཟོན་དང་སེལ་ཐབས་བྱེད་དགོས། དཔྱིད་གསར་དུས་ཆེན་རིང་གི་ནུས་ཁུངས་དང་དངོས་ཟོག་འདོན་སྤྲོད་འགན་ལེན་དང་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། སྤྱི་ཚོགས་བདེ་སྐྱོང་གི་འགོག་ཟོན་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས་སྤྱི་ཚོགས་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཨར་ལས་ཀྱི་གྲོན་དངུལ་དང་གླ་རྒྱག་ཞིང་པའི་གླ་ཕོགས་སྤྲོད་འགྱངས་སོགས་མི་ཚོགས་རང་བཞིན་གྱི་དོན་རྐྱེན་སློང་ཉེན་ཆེ་བའི་གནད་དོན་དུས་ཐོག་ཏུ་སེལ་ཐབས་བྱེད་དགོས།
བློ་མཐུན་རྣམ་པ། བློ་མཐུན་ཏེང་ཞའོ་ཕིན་གྱིས་1992ལོར་གསུངས་པའི་བཀའ་མོལ་ཞིག་ངས་རྟག་ཏུ་དྲན་གྱི་འདུག །དེ་ནི་“གལ་ཏེ་རྒྱལ་ཁབ་བཙུགས་པ་ནས་ལོ་བརྒྱའི་རིང་གི་དུས་ཚོད་སྤྱད་དེ་རང་རྒྱལ་དར་རྒྱས་འབྲིང་ཙམ་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཐུབ་ན། དེ་ནི་བླ་ན་མེད་པ་ཞིག་ཡིན། ད་ལྟ་ནས་བཟུང་དུས་རབས་རྗེས་མའི་དུས་དཀྱིལ་བར་ནི་གལ་འགངས་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཡིན་པས་ང་ཚོས་དཀའ་སྤྱད་འབད་བརྩོན་གྱིས་ལས་ཀ་བྱེད་དགོས། ང་ཚོའི་ཕྲག་པའི་ཁུར་པོ་ལྕི་ལ་འགན་འཁྲི་ཡང་ལྗིད་པོ་ཡིན་ནོ། །”[1]ཞེས་གསུངས་པ་འདི་རེད། ད་ལྟ་ཁུར་པོ་འདི་ང་ཚོ་ཚང་མའི་ཕྲག་ཏུ་བབས་ཡོད་ལ། འགན་འཁྲིའང་ང་ཚོ་ཚང་མའི་ཕྲག་ཏུ་བབས་ཡོད་པས། ང་ཚོ་ཚང་མས་ངེས་པར་དུ་ལས་འགན་ལྗིད་པོ་འཁུར་ཕོད་པའི་སྒོ་ནས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཏང་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་ལེན་དགོས།
མཆན་འགྲེལ།
[1] ཏེང་ཞའོ་ཕིན་གྱི་《ཝུའུ་ཁྲང་དང་། ཧྲན་ཀྲེན། ཀྲུའུ་ཧའེ། ཧྲང་ཧའེ་སོགས་སུ་གནང་བའི་གཏམ་བཤད་གནད་བསྡུས་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1994ལོའི་བོད་ཡིག་པར་གཞི། ཤོག་ངོས་633པ།)ཞེས་པར་གསལ།