ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

(2020ལོའི་ཟླ་12ཚེས་24ཉིན་ནས་ཚེས་25ཉིན།) 

ང་ཚོའི་ཏང་གིས་ལོ་བརྒྱའི་འཁྲུངས་སྐར་བསུ་གྲབས་ཡོད། ཏང་བཙུགས་ནས་གནམ་ས་གོ་འབྱེད་བྱས་པ་དང་། དེ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་གནམ་ས་གསར་དུ་བརྗེས་པ་དང་། དེ་ནས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་གནམ་ས་བླ་འོག་བསྒྱུར་བ་དང་། སླར་ཡང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་འཕོ་འགྱུར་བྱུང་ཡོད། དེ་དག་གི་རྩ་བའི་རྒྱུ་རྐྱེན་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་བསྲུངས་པས་རེད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཡུན་ནས་ཡུན་དུ་སྐུལ་འདེད་གཏོང་ཐུབ་དགོས་ན། ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་བསྐྱེད་དེ། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་ལྟ་མཁས་པ་དང་། ཆབ་སྲིད་ཀྱི་སྤྱི་ཡོངས་འཛིན་མཁས་པ། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་ཁྱད་ཆོས་མངོན་གསལ་ཞིག་ཡིན་ལ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་དགེ་མཚན་ཞིག་ཀྱང་ཡིན། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་བར་གལ་ཆེ་ཤོས་ནི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་རང་མདངས་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་ནས་མདུན་དུ་སྐྱོད་པ་བཅས་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གནས་ཚད་འཁྲུལ་མེད་འཚོལ་བ་དང་། ཕྱོགས་མཚམས་འཁྲུལ་མེད་འདེམས་པ། འབེན་གྱི་དཀྱིལ་ལ་དམིགས་པ་བཅས་བྱས་ཏེ་ཆབ་སྲིད་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་བྱས་ཏེ་ཆབ་སྲིད་ལ་དང་དོད་བྱེད་པའི་བླང་བྱ་དེ་ཕྱི་རོལ་གྱི་བླང་བྱ་ནས་ནང་གནས་ཀྱི་རང་དབང་ཆགས་པར་བྱེད་དགོས། 

ཆབ་སྲིད་ལ་དང་དོད་བྱེད་པར་ངེས་པར་དུ་ཆབ་སྲིད་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་དགོས། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལས་གནས་ལུགས་ཤིག་ར་སྤྲོད་ཡང་ཡང་བྱས་པ་འདི་ལྟ་སྟེ། ཆབ་སྲིད་ཐོག་གི་རང་དབང་ནི་ཆེས་ཕན་པ་ཡོད་པའི་རང་དབང་ཡིན་པ་དང་། ཆབ་སྲིད་ཐོག་གཞན་དབང་དུ་ཤོར་བ་ནི་ཆེས་ཉེན་ཁ་ཆེ་བའི་གཞན་དབང་དུ་གྱུར་པ་རེད། ཆབ་སྲིད་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་བར་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གལ་ཆེན་པོར་འཛིན་པ་དང་། མི་དམངས་གལ་ཆེན་པོར་འཛིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་རྩ་བར་འཛིན་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ཀྱི་འགྱུར་ལྡོག་ངེས་པ་དང་། སྣང་ཚུལ་དང་ངོ་བོ་ངོས་འཛིན་གནད་འཁེལ་བྱེད་པ། བྱ་སྤྱོད་ཀྱི་བདེན་རྫུན་དབྱེ་འབྱེད་གསལ་པོ་བྱེད་པ། ཉེན་ཁ་དང་འགྲན་སློང་བཀག་འགོག་ནུས་ལྡན་བྱེད་པ་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཕུགས་རྒྱང་རང་བཞིན་བཅས་ཀྱི་གནད་དོན་ལ་བསམ་གཞིགས་བྱེད་མཁས་པོ་བྱས་ཏེ། འཐབ་ཇུས་རང་བཞིན་དང་། མ་ལག་རང་བཞིན། སྔོན་ཚོད་རང་བཞིན་བཅས་ལྡན་པའི་ཞིབ་འཇུག་དང་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཐད་དུ་རིག་པ་ལྷག་པར་དྭངས་ཤིང་མིག་ཟུང་ལྷག་པར་གསལ་བ། སྤྱིར་བཏང་གི་ལས་དོན་ཁྲོད་ནས་ཆབ་སྲིད་ཀྱི་གནད་དོན་འཚོལ་མཁས་པ། འཁྱེར་སོའི་རང་བཞིན་དང་མགོ་འབུས་རང་བཞིན་གྱི་གནད་དོན་ཁྲོད་ནས་ཆབ་སྲིད་ཀྱི་ཁུངས་སྣེ་རྙེད་མཁས་པ། རྙོག་འཛིང་ཆེ་བའི་འགལ་བའི་འབྲེལ་བའི་ཁྲོད་ནས་ཆབ་སྲིད་ཀྱི་གཏན་ཚིགས་ངེས་མཁས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མི་ཡོ་བ་རྒྱུན་འཁྱོངས་བཅས་བྱེད་དགོས། 

ཆབ་སྲིད་ལ་དང་དོད་བྱེད་པར་ངེས་པར་དུ་ཆབ་སྲིད་ངེས་ཤེས་འདྲོང་ནུས་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཚོའི་ཕྲག་ཏུ་འཁུར་བ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་མཐའ་གསལ་མཐིལ་རྟོགས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་ལ་བརྟེན་ནས་གནས་བབ་ལ་དབྱེ་ཞིབ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོ་ནི་ཏང་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་སྒྲིག་འཛུགས་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་གལ་ཆེན་ཡིན་པས། དེ་བས་ཀྱང་ཆབ་སྲིད་ངེས་ཤེས་འདྲོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་“རྒྱལ་ཁབ་ཀྱི་དོན་ཆེན་”གསལ་པོར་ཁོང་དུ་ཆུད་པ་དང་། རང་ཉིད་ཀྱི་འགན་འཁྲི་གནས་ས་གསལ་པོར་ཤེས་པར་བྱེད་དགོས། 

ཆབ་སྲིད་ལ་དང་དོད་བྱེད་པར་ངེས་པར་དུ་ཆབ་སྲིད་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་རྟག་ཏུ་ཏང་ཀྲུང་དབྱང་གི་དགོངས་དོན་ལ་ཚད་འཛིན་དཔེ་སྡུར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་དར་སྤེལ་གང་བཏང་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་ཐག་གཅོད་གང་བྱས་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ཏང་ཀྲུང་དབྱང་གིས་གཏན་འགོག་གང་བྱས་མཐའ་གཅིག་ཏུ་མི་སྒྲུབ་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་དངོས་འབྲེལ་བྱེད་ཐུབ་དགོས་པ་དང་། རྗེས་སུ་མི་ལུས་པ་དང་ཁ་ཕྱོགས་མི་ནོར་བའི་ཐོག་ནས་ཏང་ཀྲུང་དབྱང་གི་དགོངས་དོན་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡག་པོར་འཛིན་དགོས། མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་དང་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་དཀྱུས་གཅིག་ཏུ་བསྟར་ནས་གཅིག་ཤེས་ཀུན་གྲོལ་དང་རྐྱེན་མ་བྱུང་གོང་ཟློག་ཐུབ་པ་བྱེད་དགོས། འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་སྟེ་འགན་འཁྲི་སེམས་སུ་ངེས་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་བསྟར་བ་བཅས་བྱེད་དགོས། གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་། འགལ་བར་མི་གཡོལ་ཞིང་གནད་དོན་གཡོ་འགེབས་མི་བྱེད་པ། གནད་དོན་བྱུང་ཚེ་ཁག་འགན་འཁུར་ཕོད་པ་བཅས་བྱེད་དགོས། 

ཆབ་སྲིད་ལ་དང་དོད་བྱེད་ན་ངེས་པར་དུ་རང་གཅུན་ནན་པོ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་བློ་སྦྱོང་རང་གཅུན་དང་། ཐོག་མཐའ་བར་གསུམ་དུ་གཟབ་ནན། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་བརྟག །རང་ཟོན། རང་སྐུལ་བཅས་བྱས་ཏེ། གཅིག་པུར་སྡོད་དུས་ཡིད་གཟབ་དང་། བྱ་བ་འགོ་མ་སྒྲུབ་དུས་ཡིད་གཟབ། གནད་དོན་ཕྲན་ཚེགས་ལ་ཡིད་གཟབ། གྲོགས་སྒྲིག་དུས་ཡིད་གཟབ་བཅས་བྱེད་ཐུབ་དགོས། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་རང་ཉིད་ཀྱི་སྤྱོད་ལམ་ལ་གཅེས་སྤྲས་བྱས་ཏེ་སྐྱོན་ཆ་རྡུལ་ཕྲན་ཙམ་གྱིས་ཀྱང་མ་གོས་པར་བྱེད་དགོས། སྣེ་ཁྲིད་དེ་སྤྱོད་གཙང་ཁྱིམ་སྐྱོང་དང་། སྣེ་ཁྲིད་དེ་དམིགས་བསལ་དབང་ཆར་ངོ་རྒོལ་བྱེད་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།