༄༅། །“རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་བཟུང་ནས་“འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་དོན་འཁྱོལ་ཏན་ཏིག་བྱེད་དགོས།
(2020ལོའི་ཟླ་4ཚེས་20ཉིན་ནས་2022ལོའི་ཟླ་3ཚེས་1ཉིན།)
གཅིག །
རང་རྟོགས་ངང་ཆབ་སྲིད་ལ་དང་དོད་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་ངེས་པ། ཏང་ཀྲུང་དབྱང་གིས་སེམས་འཁུར་གང་བྱེད་དང་ནན་བཤད་གང་བྱེད་ལ་དོ་འཁུར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་གང་ཡིན་པ་དང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤོས་ཀྱི་ལངས་ཕྱོགས་གང་ཡིན་པར་གོ་བ་གཏིང་ཟབ་བླངས་ནས་“འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་ལས་འབོད་ཚིག་ཁོ་ནའི་ཐོག་འཇོག་མི་རུང་།
(2020ལོའི་ཟླ་4ཚེས་20ཉིན་ནས་ཚེས་23ཉིན་ཧྲའན་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་གནད་བསྡུས།)
གཉིས།
འགོ་ཁྲིད་ལས་བྱེད་པས་གནད་དོན་ལ་བསམ་བློ་གཏོང་བ་དང་ཇུས་ཐག་གཅོད་སྐབས། ངེས་པར་དུ་རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་ངེས་པར་བྱས་ཏེ་འཆར་གཞི་ཆེན་པོ་མང་ཙམ་གཤོམ་པ་དང་རྩིས་ཆེན་པོ་མང་ཙམ་རྒྱག་པ་དང་། འཆར་གཞི་ཆུང་ཆུང་ཉུང་ཙམ་གཤོམ་པ་དང་རྩིས་ཆུང་ཆུང་ཉུང་ཙམ་རྒྱག་དགོས་ལ། ས་ཁུལ་དང་སྡེ་ཁག་གི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེན་པོའི་ནང་དུ་འཇུག་མཁས་པོ་བྱས་ཏེ། ས་ཁོངས་གཅིག་ལ་ངོ་སོ་བརྩོན་ལེན་བྱེད་པ་མ་ཟད་དེ་བས་ཀྱང་ཁྱོན་ཡོངས་ལ་གཟི་བརྗིད་སྐྲུན་དགོས།
(2020ལོའི་ཟླ་10ཚེས་10ཉིན་2020ལོའི་ཀྲུང་དབྱང་ཏང་གི་སློབ་གྲྭའི་〈རྒྱལ་ཁབ་སྲིད་འཛིན་སློབ་གླིང་〉སྟོན་ཁའི་སློབ་སྐབས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་གནད་བསྡུས།)
གསུམ།
རིམ་པ་ཁག་གི་ཏང་ཡོན་དང་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚང་མས་ཏང་གཤིས་དང་ལངས་ཕྱོགས་བརྟན་པོ་འཛིན་པ་དང་། ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་འཛིན་པ། གནད་དོན་ལ་འཕྲད་པ་དང་། ཇུས་ཐག་གཅོད་པ། ལས་དོན་ཐག་གཅོད་པ་བཅས་ཀྱི་སྐབས་སུ་ཐོག་མར་ཆབ་སྲིད་ཐད་ནས་བསམ་བློ་གཏོང་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག་བཅས་དང་གཤིབ་བསྡུར་བྱས་ནས་གཅིག་ཤེས་ཀུན་གྲོལ་བྱས་ཐོག །སྒྲུབ་དགོས་མིན་དང་སྒྲུབ་འོས་མིན་ལ་ལྟ་བ་དང་། རླུང་རླབས་ཀྱི་ཚོད་བགམ་ལས་ཉམས་སད་ཐེག་ཐུབ་པ། བསླུ་བྲིད་དང་“སྐོར་རྔོན་”བྱེད་པའི་མདུན་དུ་སེམས་རྣལ་དུ་ཕབ་ཐུབ་པ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་མི་གོ་ཤེས་ཅན་ཞིག་བྱེད་དགོས། དེ་ཡང་“སྤྱོད་བཟང་མེད་པའི་སྐྱེ་བོར། །ཕུགས་འདུན་ཆེན་པོ་མི་མངའ། །ཡོན་ཏན་ཆུང་བའི་མི་ལ། །ཤེས་རྒྱ་ཆེན་པོ་མི་ལྡན། །”[1]ཟེར་བ་ལྟར་ཡིན།
(2021ལོའི་ཟླ་1ཚེས་22ཉིན་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་གསུང་བཤད།)
བཞི།
ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་བལྟས་ན་གཞི་ནས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་། གཞི་ནས་ལས་ཀ་སྒྲུབ་དུས་སྔོན་ཚོད་རང་བཞིན་དང་རང་དབང་རང་བཞིན་ལྡན་ཐུབ་པ་རེད། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”གསལ་པོར་ངེས་པར་བྱས་ཏེ། ཏང་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་འཐབ་ཇུས་གལ་ཆེན་ཇུས་འགོད་དང་། སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག །ལས་དོན་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ནང་དུ་མཚོན་པར་བྱེད་དགོས་པ་དང་། དུས་རྒྱུན་དུ་ཚད་བསྡུར་བྱས་ནས་དུས་ཐོག་ཏུ་ཡོ་བསྲང་དང་དག་བཅོས་བྱེད་དགོས།
(2021ལོའི་ཟླ་1ཚེས་28ཉིན་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད།)
ལྔ།
ད་ལོ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་དཔུང་སྐྱོད་བྱེད་པའི་ལོ་ཚིགས་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”་བྱེད་ཐུབ་པ། “རྒྱལ་ཁབ་ཀྱི་དོན་ཆེན་”ལ་གོ་བ་ཡང་དག་ལོན་པ་བཅས་བྱས་ནས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
(2022ལོའི་ཟླ་2པར་འབྲེལ་ཡོད་བློ་མཐུན་གྱི་ལས་འགན་བསྒྲུབས་ཚུལ་གསལ་ཞུའི་སྙན་ཞུར་གཟིགས་ཞིབ་གནང་སྐབས་ཀྱི་སློབ་སྟོན་གྱི་གནད་བསྡུས།)
དྲུག །
“རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་བཟུང་ནས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ལས་དོན་བསྒྲུབས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས་པ་ལས། ཆ་ཤས་ཀྱི་ཁེ་ཕན་གྱི་ཆེད་དུ་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་ལ། གནས་སྐབས་ཀྱི་ཁེ་ཕན་གྱི་ཆེད་དུ་རྩ་བའི་ཁེ་ཕན་དང་ཕུགས་རྒྱང་གི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་།
(2022ལོའི་ཟླ་3ཚེས་1ཉིན་2022ལོའི་ཀྲུང་དབྱང་ཏང་གི་སློབ་གྲྭའི་〈རྒྱལ་ཁབ་སྲིད་འཛིན་སློབ་གླིང་〉དཔྱིད་ཀའི་སློབ་སྐབས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་གསུང་བཤད་ཀྱི་གནད་བསྡུས།)
མཆན་འགྲེལ།
[1] ཧན་རྒྱལ་རབས་ཤར་མའི་ཝང་ཁྲུང་གི་《སྙོམས་བཤད་•སྐྱེ་མཆོག་རྣམ་འབྱེད་》ཅེས་པར་གསལ།