༄༅། །དུས་རབས་གསར་པར་ཏང་དང་མི་དམངས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལྡོག་མེད་ཀྱི་འགྲོ་ལམ།
(2022ལོའི་ཟླ་3ཚེས་5ཉིན།)
དུས་རབས་གསར་པར་ཏང་དང་མི་དམངས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལོ་རྒྱུས་བཤུལ་ལམ་ལ་ཕྱི་མིག་བལྟས་ཚེ། ང་ཚོའི་གཤམ་གསལ་གྱི་ངོས་ཟིན་གལ་ཆེན་སྔར་ལས་སྲ་བརྟན་དུ་ཕྱིན་ཡོད། གཅིག་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ན། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་སུ་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཡོད་རྒྱུ་འགན་ལེན་ཐུབ་ངེས་ཡིན་པ་དང་། བདེན་སྲུང་གསར་གཏོད་དང་རྐྱེན་ངན་མཉམ་སེལ་གྱི་ནུས་ཤུགས་སྟོབས་ལྡན་ཕྱོགས་གཅིག་ཏུ་བསྒྲིལ་ནས་ཆར་རླུང་དྲག་པོ་ལྡང་སྐབས་མི་དམངས་ཡོངས་ཀྱི་བློས་འཁེལ་ཤོས་ཀྱི་ཀ་རྟེན་ཆགས་ཐུབ་པ་རེད། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྐྱོད་ན། ང་ཚོས་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ལ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད། གསུམ་ནི་མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་དུ་གཏོད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་རྡོག་རྩ་གཅིག་སྒྲིལ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ན་ང་ཚོ་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ཏུ་དཀའ་ངལ་དང་འགྲན་སློང་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། ཧ་ལས་དགོས་པའི་ངོ་མཚར་བྱས་རྗེས་གསར་པ་མུ་མཐུད་དུ་སྐྲུན་ཐུབ་པ་རེད། བཞི་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐར་ཕྱིན་བྱ་རྒྱུ་ནི་དུས་རབས་གསར་པར་རང་རྒྱལ་ཡར་རྒྱས་གོང་འཕེལ་འགྲོ་བའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་བཅས་བྱས་ན། ང་ཚོས་རང་རྒྱལ་འཕེལ་རྒྱས་འགྲོ་བའི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཐུབ་ངེས་ཡིན་ལ། ཉིན་བཞིན་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནང་དུ་རང་དབང་དང་མ་འོངས་པ་ལག་ཏུ་ཟིན་ཐུབ་པ་རེད། ལྔ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་ལ་ནམ་ཡང་གསོན་ཤུགས་རྒྱས་པ་དང་རྒྱུགས་སྤྲོད་ཀྱི་ལམ་གསར་ལ་ཡག་པོར་སྐྱོད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན། ཀྲུང་གོའི་དོན་དག་ཡག་པོར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་ཐུག་ཡོད། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པར་རང་ངོས་གསར་བརྗེ་བྱེད་ཕོད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་ཡོད་ཚད་རྒྱུན་ཆད་མེད་པར་གཙང་སེལ་དང་། ཏང་གི་བདེ་ཐང་གི་ལུས་ཕུང་ལ་ལྷད་སྐྱོན་བཟོ་བའི་ནད་གཞི་ཡོད་ཚད་རྒྱུན་ཆད་མེད་པར་གཙང་སེལ་བཅས་བྱས་ན། ང་ཚོས་ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱེད་ཐུབ་ངེས་རེད།