༄༅། །མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེ་ཚན་གསར་པ་མུ་མཐུད་དུ་འབྲི་དགོས།
(2022ལོའི་ཟླ་1ཚེས་11ཉིན།)
ཏང་ཀྲུང་དབྱང་གིས་ཐེངས་འདིའི་ཆེད་དོན་ཞིབ་གྲོས་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ཞིབ་ཀློག་དང་དེར་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ལོ་རྒྱུས་ཕྱོགས་བསྡོམས་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་སྔར་ལས་ལེགས་པར་ངེས་ཤེས་དང་བེད་སྤྱོད་བྱས་ཏེ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་དང་གཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་དེ་ཡིན།
མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་ནམ་ཡང་མེད་མི་རུང་ལ། བསམ་བློའི་ཁྲིད་སྟོན་ཡང་དག་པ་ནམ་ཡང་མེད་མི་རུང་། ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གང་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་ཞེ་ན། མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་རེད། མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་དོན་ནི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་མ་ཟད་ལག་ལེན་ལ་མཛུབ་སྟོན་བྱེད་པར་སྤྱད་པས་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཡོད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དུ་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་དབྱེ་ཞིབ་ཞིབ་འཇུག་དང་ཕྱོགས་བསྡོམས་ལ་དོ་སྣང་ཆེན་པོ་བྱེད་པ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་འགོ་མཇུག་ཡོངས་སུ་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། མར་ཁེ་སིའི་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅིང་། ང་ཚོས་འཇིག་རྟེན་ཤེས་རྟོགས་དང་། ཆོས་ཉིད་ངེས་ཤེས། བདེན་དོན་དོན་གཉེར། འཇིག་རྟེན་བསྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན། དུས་མཚུངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལུང་ཚིག་མཁྲེགས་འཛིན་ཙམ་མིན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས་ངེས་པར་དུ་ལག་ལེན་ལ་འགྱུར་བ་བྱུང་བ་དང་སྦྲགས་ནས་འཕེལ་རྒྱས་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱིས་ལག་ལེན་གྱི་ནང་དུ་ནུས་པ་འདོན་ཐུབ་མིན་གྱི་འགག་རྩ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་ལ་ཟུང་འབྲེལ་བྱེད་ཐུབ་མིན་ལ་ཐུག་ཡོད། འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་པའི་འཛམ་གླིང་དང་ཀྲུང་གོའི་མདུན་དུ། གལ་ཏེ་སྲོལ་རྙིང་མཁྲེགས་བཟུང་དང་བསམ་བློ་རེངས་པོར་གྱུར་ན། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བློ་སྟོབས་མེད་ཅིང་། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་འདེབས་མི་ཐུབ་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མུ་མཐུད་དུ་མདུན་སྐྱོད་བྱེད་ཐབས་བྲལ་བར་མ་ཟད། མར་ཁེ་སིའི་རིང་ལུགས་ཀྱི་གསོན་ཤུགས་དང་གོ་སྐོན་བློ་འགུག་གི་ནུས་པའང་འཆོར་ངེས་རེད། དེང་རབས་ཀྱི་ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ལག་ལེན་གསར་གཏོད་བརྒྱུད་བཞིན་ཡོད་ཅིང་། བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་ལྗིད་ལོད་དང་། འགལ་བ་ཉེན་ཁ་འགྲན་སློང་གསུམ་གྱི་གྲངས་འབོར་མང་ལོད། རྒྱལ་སྲིད་སྐྱོང་བའི་ཚོད་བགམ་ཆེ་ལོད་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་ལ། འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའང་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས། འཕྲལ་མར་ལན་འདེབས་དགོས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཞིབ་འཇུག་བྱ་གཞི་འབོར་ཆེན་བཏོན་ཡོད་པ་རེད། ང་ཚོས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོའི་གནད་ཟིན་པར་བྱེད་པ་དང་། མིའི་རིགས་འཕེལ་རྒྱས་ཀྱི་མདུན་གྲལ་དུ་ལངས་ཕོད་པ། མི་དམངས་ཀྱི་བསམ་འདུན་ལ་ཉན་པ་དང་། དོན་དངོས་ཀྱི་དགོས་མཁོར་ལན་འདེབས་པ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བདེན་སྲུང་གསར་གཏོད་བཅས་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དང་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏང་རྒྱུ་གཉིས་སྔར་ལས་ལྷག་པར་གཅིག་གྱུར་བྱེད་དགོས་ཤིང་། མར་ཁེ་སིའི་རིང་ལུགས་ཀྱི་“མདའ་མོ་”དེ་དུས་རབས་གསར་པའི་ཀྲུང་གོའི་“འབེན་”ལ་འཕེན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེ་ཚན་གསར་པ་མུ་མཐུད་དུ་འབྲི་དགོས།
ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་གྱིས་ང་ཚོར་བསྟན་དོན། ཏང་དང་མི་དམངས་ཀྱི་བྱ་གཞག་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་མིན་ནི་ང་ཚོས་གནད་ལ་འཁེལ་བའི་སྒོ་ནས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ངོས་འཛིན་དང་ངེས་ཤེས་བྱེད་ཐུབ་མིན་དང་། ལྟེ་བའི་ལས་འགན་གཏན་འཁེལ་བྱེད་ཐུབ་མིན་ལ་ཐུག་ཡོད། དུས་ནམ་ཞིག་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་བརྡར་ཤ་གནད་ལ་འཁེལ་བ་ཞིག་ཆོད་ཚེ། ཏང་དང་མི་དམངས་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་ཐུབ་ཅིང་། དེ་ལས་ལྡོག་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བར་ཆད་ཡོང་གི་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལས་ཏང་གིས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་དམ་འཛིན་བྱེད་མཁས་པོ་བྱས་ཏེ་ཁྱོན་ཡོངས་ཀྱི་ལས་ཀར་སྐུལ་ཁྲིད་བྱེད་པའི་ཐད་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཡོད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དུ་ཏང་གིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་ཞིབ་འཇུག་དང་ངེས་ཤེས་བྱས་པར་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱེད་པར་དོ་སྣང་བྱ་རྒྱུ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་འགོ་མཇུག་ཡོངས་སུ་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། རྙོག་འཛིང་ཆེ་བའི་དུས་བབ་དང་། རྙོག་འཛིང་ཆེ་བའི་འགལ་བ། ལྗིད་རྫོབ་ཆེ་བའི་ལས་འགན་བཅས་ལ་དམིགས་ཏེ་གཙོ་ཕལ་དང་ཁྱད་པར་མི་འབྱེད་པར་མཐོང་ཚད་ལྟད་མོ་དང་གོ་ཚད་སྐད་ཆར་བརྩིས་ན་ལས་དོན་ཡག་པོ་ཞིག་སྒྲུབ་ཐུབ་ཀྱི་མ་རེད། ང་ཚོར་ཁྱོན་ཡོངས་ཀྱི་ལྟ་བ་ཡོད་དགོས་ལ། འགལ་བ་སྣ་ཚོགས་གསལ་པོར་རྟོགས་དགོས་ཤིང་། དུས་མཚུངས་སུ་འགལ་བ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ཏེ་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམིགས་བསལ་གྱིས་འགོ་མ་བྱས་ནས་ཐག་གཅོད་བྱེད་དགོས། དེར་བརྟེན་ནས་འགལ་བ་གཞན་དག་ཐག་གཅོད་བྱེད་པར་སྐུལ་ཁྲིད་བྱེད་དགོས་ཤིང་། སྤྱི་ཡོངས་ནས་སྐུལ་འདེད་གཏོང་བའི་ནང་དུ་གཙོ་གནད་འགག་སྒྲོལ་ཡོང་བ་དང་། གཙོ་གནད་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།
འཐབ་ཇུས་ཀྱི་གནད་དོན་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན། འཐབ་ཇུས་ཐོག་ནས་བརྡར་ཤ་གནད་ལ་འཁེལ་བ་གཅོད་པ་དང་། འཐབ་ཇུས་ཐོག་ནས་ཇུས་འགོད་ཚན་རིག་དང་མཐུན་པ། འཐབ་ཇུས་ཐོག་ནས་རང་དབང་ཐོབ་པ་བཅས་བྱུང་ཚེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རེ་བ་ཆེན་པོ་ཡོད། ལོ་བརྒྱའི་རིང་ལ། ཏང་གིས་ནམ་ཡིན་ཡང་ལོ་རྒྱུས་ཀྱི་གནད་འགག་གལ་ཆེན་གྱི་སྐབས་སུ་འཐབ་ཇུས་ཀྱི་ཐོག་ནས་མདུན་དུ་ལྷགས་པའི་ལོ་རྒྱུས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ངོས་འཛིན་དང་། དབྱེ་ཞིབ། བརྡར་ཤ་གཅོད་པ་བཅས་བྱས་ནས་ཆབ་སྲིད་ཀྱི་འཐབ་ཇུས་དང་ཐབས་ཇུས་ཡང་དག་པ་གཏན་འབེབས་བྱས་ཡོད་ལ། དེ་ནི་ཏང་ཉེན་ཁ་དང་འགྲན་སློང་གྲངས་མེད་ལས་རྣམ་པར་རྒྱལ་བ་དང་། རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་འགན་ལེན་ནུས་ལྡན་ཞིག་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་ཏང་གིས་འཐབ་ཇུས་དང་བཀོད་ཇུས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཚན་རིག་དང་མཐུན་པའི་འཐབ་ཇུས་དང་བཀོད་ཇུས་རྒྱུན་ཆད་མེད་པར་བཏོན་པར་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དུ་འཐབ་ཇུས་དང་བཀོད་ཇུས་ཞིབ་འཇུག་དང་ངེས་ཤེས་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱེད་པར་དོ་སྣང་བྱེད་པ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་འགོ་མཇུག་ཡོངས་སུ་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། འཐབ་ཇུས་ནི་ཁྱོན་ཡོངས་དང་། ཕུགས་རིང་། འཕེལ་ཕྱོགས་ཆེན་པོ་བཅས་ཀྱི་ཐོག་ནས་བརྡར་ཤ་གཅོད་པ་དང་ཇུས་ཐག་གཅོད་དགོས། ང་ཚོ་ནི་ཏང་ཆེན་པོ་ཞིག་ཡིན་ཞིང་། འགོ་ཁྲིད་བྱ་ཡུལ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། སྒྲུབ་བཞིན་པ་ནི་བྱ་བ་རླབས་པོ་ཆེ་ཞིག་ཡིན་པས། འཐབ་ཇུས་ཀྱི་བསམ་གཞིགས་བྱེད་མཁས་པོ་དང་། འཐབ་ཇུས་ཀྱི་ཐོག་ནས་གནད་དོན་ལ་ལྟ་བ་དང་གནད་དོན་ལ་བསམ་བློ་གཏོང་མཁས་པོ་བྱེད་དགོས། ཡང་དག་པའི་འཐབ་ཇུས་དེ་ཡང་དག་པའི་བཀོད་ཇུས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས། བཀོད་ཇུས་ནི་འཐབ་ཇུས་ཀྱི་མཛུབ་སྟོན་འོག་འཐབ་ཇུས་ལ་ཞབས་འདེགས་ཞུ་བྱེད་ཅིག་ཡིན། འཐབ་ཇུས་དང་བཀོད་ཇུས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཅན་ཡིན་པས། འཐབ་ཇུས་ཀྱི་འགྱུར་མེད་རང་བཞིན་དང་བཀོད་ཇུས་ཀྱི་སྟབས་བསྟུན་རང་བཞིན་གཉིས་ཟུང་འབྲེལ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་ཀའི་བསམ་ཕྱོགས་དང་། ལས་ཀའི་བཀོད་སྒྲིག །སྲིད་ཇུས་དང་བྱེད་ཐབས་བཅས་གཏན་འཁེལ་བྱས་ཏེ། རང་རྟོགས་ངང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་ཚད་བསྡུར་བྱས་ཏེ་དུས་ཐོག་ཏུ་ཕྱོགས་འཛོལ་ཡོ་བསྲང་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་དང་བཀོད་ཇུས་ངེས་པར་དུ་ཆ་རྐྱེན་གང་ཡང་མི་འདོན་པར་ལག་བསྟར་བྱས་ནས་ཕྱོགས་ལྷུང་མེད་པ་དང་བབ་བསྟུན་མི་བྱེད་པ། བཟོ་ལྟ་མི་འགྱུར་བ་བཅས་འགན་ལེན་ཏན་ཏིག་བྱེད་དགོས།
ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ལས། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གྲུབ་འབྲས་རླབས་པོ་ཆེ་ཡང་ཡང་ཐོབ་པ་དང་། དཀའ་ངལ་དང་ཉེན་ཁ་ལས་ཡང་ཡང་རྣམ་པར་རྒྱལ་ཏེ། བསྲེགས་བཅད་བརྡར་གསུམ་གྱི་ཞུན་བརྡར་བྱས་ནས་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བར་མ་ཟད། མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་གོང་བཀུར་ཐོབ་པའི་རྒྱུ་མཚན་ནི་ཏང་གིས་རང་ཉིད་ལ་གནས་པའི་གནད་དོན་ལ་ཁ་གཏད་བྱེད་ཕོད་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། གསར་གཏོད་བྱེད་ནུས་དང་། གོང་བུར་འགྲིལ་ནུས། འཐབ་འཛིང་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རང་མདངས་ཇི་སྲིད་བར་དུ་བཟུང་བས་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ནང་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དུ་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དུ་རང་ངོས་གསར་བརྗེ་ཞིབ་འཇུག་དང་ངེས་ཤེས་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱེད་པར་དོ་སྣང་བྱེད་པ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་འགོ་མཇུག་ཡོངས་སུ་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་རང་མདངས་ཇི་སྲིད་བར་དུ་འཛིན་དགོས་ན། འགག་རྩ་ནི་ང་ཚོའི་ཏང་རང་ཉིད་ལ་བརྟེན་དགོས་པ་ཡིན། སུའི་དོན་དུ་སྲིད་སྐྱོང་བ་དང་། སུའི་དོན་དུ་དབང་ཆ་སྤྱོད་པ། སུའི་དོན་དུ་ཁེ་ཕན་སྒྲུབ་པ་བཅས་ཀྱི་རྩ་བའི་གནད་དོན་གྱི་ཐད་དུ། ང་ཚོའི་རིག་པ་ཧ་ཅང་དྭངས་གསལ་དང་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡིན་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ཚུལ་སྤྱོད་ཤེས་པ་དང་། ཀུན་སྤྱོད་བརྩི་བ། རང་སྤྱོད་གཟབ་པ་བཅས་བྱས་ཏེ། མི་སྐྱོན་མེད་ལྷད་མེད་ཅིག་བྱེད་དགོས་པ་དང་། བྱ་བ་གཙང་མ་གཙང་རྐྱང་ཞིག་སྒྲུབ་དགོས་ཤིང་། སྒེར་དོར་སྤྱིར་གཞོལ་དང་བསྲི་ཚགས་བློ་སྦྱོང་བྱས་ཏེ། སྲོལ་དྲང་སྤྱོད་གཙང་གི་ཆབ་སྲིད་རང་མདངས་ཇི་སྲིད་བར་དུ་འཛིན་དགོས། རང་ངོས་གསར་བརྗེ་བྱེད་དགོས་ན་འགག་རྩ་ནི་གནད་དོན་ལ་ལྟ་སྟངས་ཡང་དག་པ་འཛིན་པའི་རང་རྟོགས་དང་གྲི་ཁ་ནང་ལ་ཕྱོགས་པའི་བློ་སྟོབས་ཡོད་དགོས་པ་ཡིན། ད་ལྟ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་བྱུང་ཡོད་མོད། འོན་ཀྱང་ཏང་ཡོངས་ཀྱི་བློ་མཐུན་ཚོས་རང་ངོས་གསར་བརྗེའི་སྙིང་སྟོབས་ཇི་སྲིད་བར་དུ་འཛིན་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུ་ནམ་ཡང་ལམ་དུ་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པ་ལས། ཚ་ནན་གྱི་ཚད་ལ་སླེབས་ཚར་ཞེས་པའི་སུན་སྣང་གི་བསམ་པ་གཏན་ནས་སྐྱེ་མི་རུང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནམ་ཡང་སྤེལ་བཞིན་པའི་སྒང་ཡིན་པས་སྐད་ཅིག་ཙམ་ལའང་ལྷོད་གཡེང་བྱེད་མི་རུང་ལ། བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་བློ་བརྟན་འགྱུར་མེད་དང་སྙིང་རུས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མུ་མཐུད་དུ་ཡག་པོ་རྒྱག་དགོས། མི་སུ་རུང་བར་ཏང་སྒྲིག་རྒྱལ་ཁྲིམས་ཐད་དུ་སྐྱོན་བྱུང་ཡང་ཏང་སྒྲིག་རྒྱལ་ཁྲིམས་ཀྱིས་གུ་ཡངས་གཏན་ནས་གཏོང་གི་མ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་དུ་ཏང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་མཐོང་ཆེན་བྱས་པར་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཏེ། ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ལས་ང་ཚོ་སྔོན་ཆད་ཅིའི་ཕྱིར་ལེགས་འགྲུབ་བྱུང་བ་དང་འབྱུང་འགྱུར་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་ལེགས་འགྲུབ་འབྱུང་ཐུབ་པ་གསལ་པོར་ཤེས་དགོས་ལུགས་དང་། སྔར་བས་བློ་རྩ་བརྟན་པོ་དང་སྔར་བས་རང་རྟོགས་སྒོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཉམས་སུ་ལེན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་ལས་ལྷག་པར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་བཅས་ནན་གྱིས་བསྟན་ཡོད། དེ་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ང་ཚོས་མུ་མཐུད་དུ་དོན་འཁྱོལ་ཡག་པོར་འཛིན་དགོས། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་དེས་ང་ཚོར་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་ལ་ངོས་ཟིན་གསར་པ་བྱུང་བ་མཚོན་ཡོད་པས། འདིའི་ཐད་དུ་དེ་བས་ཀྱང་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་ཤེས་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྔར་ལས་ལྷག་པར་ངོས་འཛིན་དང་ངེས་ཤེས་བྱ་རྒྱུར་ཕན་ཐོགས་པར་བྱེད་དགོས། ཐེངས་འདིའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལེགས་འགྲུབ་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། རྒྱུན་ལྡན་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཏང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སྔར་ལས་ལྷག་པར་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་ཐུབ་དགོས་ཤིང་། ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློ་ཤེས་རྟོགས། དངོས་དོན་ལྷུར་སྒྲུབ། བཀོད་པ་གསར་པ་གཤོམ་པ་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལས་འགན་ཁག་དོན་འཁྱོལ་སྔར་ལས་ལྷག་པར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་དང་ལོ་རྒྱུས་ཉམས་མྱོང་། ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་བཅས་ལ་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་དགོས། ཏང་ཨུ་(ཏང་ཙུའུ་)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ལམ་ལུགས་བེད་སྤྱོད་ཡག་པོ་བྱས་ནས་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། རྟག་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པར་སློབ་གསོ་དང་སྦྱོང་བརྡར་བྱེད་པའི་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས་ཏང་གི་ལོ་རྒྱུས་དེ་ཉིད་ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)དང་། ལས་བྱེད་པའི་སློབ་གླིང་གིས་ངེས་སྦྱོང་སློབ་ཚན་དང་རྒྱུན་སྦྱོང་སློབ་ཚན་མུ་མཐུད་དུ་བྱེད་དགོས། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་གི་ལོ་རྒྱུས་སྔར་ལས་ལྷག་པར་སློབ་དེབ་ཏུ་འགོད་པ་དང་། སློབ་ཚན་དུ་འཁྲིད་པ། བསམ་བློར་འཇགས་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་ལོ་རྒྱུས་ཐོག་གི་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་དགོས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་རྒྱག་པ་དང་། སྤྱི་ཚོགས་ཡོངས་ལ་སྔར་བས་ལོ་རྒྱུས་ཤེས་རྟོགས་བྱས་ནས་ཏང་ལ་དགའ་ཞེན་དང་། ལོ་རྒྱུས་ཤེས་རྟོགས་བྱས་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱེད་དགོས། “ངས་མང་ཚོགས་ལ་དངོས་དོན་སྒྲུབ་པ་”ཞེས་པའི་ལག་ལེན་བྱེད་སྒོ་ལས་གྲུབ་པའི་ལམ་སྲོལ་བཟང་པོ་བེད་སྤྱོད་ཡག་པོ་བྱས་ཏེ། ཏང་རྩ་འཛུགས་རིམ་པ་ཁག་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་མང་ཚོགས་ལ་དངོས་དོན་སྒྲུབ་པ་དང་དཀའ་ངལ་སེལ་བ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་སྐྱོད་པར་སྐུལ་འདེད་གཏོང་དགོས།