༄༅། །ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།
(2021ལོའི་ཟླ་7ཚེས་1ཉིན།)
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
དེ་རིང་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སུ་ཤིན་ཏུ་གལ་ཆེ་ལ་བརྗིད་ཉམས་ལྡན་པའི་ཉིན་མོ་ཞིག་རེད། ང་ཚོ་འདི་གར་གཟབ་རྒྱས་ངང་འདུ་འཛོམས་བྱས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷན་གཅིག་ཏུ་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞིང་། ཀྲུང་གོའི་གུང་ཁྲན་ཏང་གི་གཟི་དཔལ་ལྡན་པའི་ལོ་བརྒྱའི་འབད་འཐབ་བྱས་རིམ་ལ་ཕྱི་མིག་བལྟ་རྒྱུ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་ཟེར་སྟོང་ལྡན་གྱི་མདུན་ལྗོངས་ལ་རྒྱང་མིག་བལྟ་རྒྱུ་ཡིན།
ཐོག་མར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཀྲུང་གོའི་གུང་ཁྲན་ཏང་ཡོན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་ཡིན།
འདིར་ངས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་གཟབ་བརླིང་ངང་ཁྱབ་བསྒྲགས་བྱ་རྒྱུར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པར་བརྟེན། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཐོག །བློ་སྟོབས་ཆེར་བསྐྱེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ་ཡིན།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་གི་མི་རིགས་རླབས་ཆེན་ཞིག་ཡིན་པ་དང་། ལོ་ངོ་5000ལྷག་གི་ཤེས་དཔལ་དར་བའི་ལོ་རྒྱུས་རིང་མོ་ལྡན་ཞིང་། མིའི་རིགས་ཀྱི་ཤེས་དཔལ་དར་འཕེལ་ཡོང་བར་ཉམས་པ་མེད་པའི་བྱས་རྗེས་བཞག་ཡོད། 1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོ་ནི་རིམ་གྱིས་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་ནས་རྒྱལ་ཁབ་ལ་བརྙས་བཅོས་ཐེབས་པ་དང་། མི་དམངས་ལ་གོད་ཆག་བྱུང་ལ། ཤེས་དཔལ་ལ་ཉམས་ཆག་ཐེབས་པས་ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མ་མྱོང་བའི་ཆག་སྒོ་ཆེན་པོ་བྱུང་བ་རེད། དུས་དེ་ནས་བཟུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་ཆེ་ཤོས་སུ་གྱུར།
མི་རིགས་འཇིག་ཉེན་ལས་སྐྱོབ་པའི་ཆེད་དུ་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་རྒོལ་བ་བརྩམས་ཤིང་། སྐྱེས་ཆེན་བུ་རྒོད་མང་པོ་རེ་འབོད་ཀྱི་ལས་ལ་བྲེལ་བ་དང་། ཞི་བདེ་གནམ་རྒྱལ་གྱི་ལས་འགུལ་དང་། ས་ཁྱི་ལོའི་ལུགས་སྒྱུར། དབྱི་ཧོ་ཐོན་གྱི་ལས་འགུལ། ལྕགས་ཕག་ལོའི་གསར་བརྗེ་བཅས་གཅིག་རྗེས་གཅིག་མཐུད་དུ་བྱུང་ལ། རྒྱལ་ཁབ་སྐྱོབ་པའི་ཇུས་གཞི་རེས་མོས་སུ་བཤམས་མོད་ཀྱང་ཚང་མ་ཕམ་ཉེས་སུ་སོང་བ་རེད། དེར་བརྟེན་ཀྲུང་གོ་ལ་འཇིག་སྐྱོབ་ལས་འགུལ་གྱི་སྣ་ནས་འཁྲིད་མཁན་གྱི་བསམ་བློ་གསར་པ་དགོས་གཏུག་ཆེ་བར་གྱུར་ལ། གསར་བརྗེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་མཁན་གྱི་རྩ་འཛུགས་གསར་པ་དགོས་གཏུག་ཆེ་བར་གྱུར།
ཟླ་བཅུ་པའི་གསར་བརྗེའི་སྒྱོགས་སྒྲ་དེས་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་བ་རེད། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་རྟོགས་སད་ཆེན་པོ་བྱུང་རིང་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་ནི་ཀྲུང་གོའི་བཟོ་པའི་ལས་འགུལ་དང་ཟུང་འབྲེལ་དམ་པོ་བྱུང་ནས་ཀྲུང་གོའི་གུང་ཁྲན་ཏང་སྐབས་བསྟུན་གྱིས་དབུ་བརྙེས་པ་རེད། ཀྲུང་གོར་གུང་ཁྲན་ཏང་བྱུང་བ་ནི་གནམ་ས་གོ་ཕྱེས་པ་ལྟ་བུའི་དུས་འགྱུར་ཆེན་པོ་ཞིག་ཡིན་པ་དང་། དེས་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་འབྱུང་བའི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་ཟབ་མོ་བཏང་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་ཟབ་མོ་བཏང་ཞིང་། འཛམ་གླིང་འཕེལ་རྒྱས་འགྲོ་ཕྱོགས་དང་གནས་སྟངས་ལ་འགྱུར་ལྡོག་ཟབ་མོ་བཏང་བ་རེད།
ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་མ་ཐག་པ་ནས་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱའི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤེལ་བའི་འབད་འཐབ་ཡོད་ཚད་དང་། བློས་བཏང་ཡོད་ཚད། གསར་སྐྲུན་ཡོད་ཚད་བཅས་མདོར་བསྡུས་ན་བརྗོད་གཞི་གཅིག་ཏུ་དྲིལ་བ་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཡིན།
—— ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ང་ཚོས་བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག །ལྗར་འགོག་དམག་འཁྲུག །བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་པ་དང་། དྲག་པོའི་གསར་བརྗེ་ལ་བརྟེན་ནས་དྲག་པོའི་གསར་བརྗེར་ངོ་རྒོལ་མཁན་ལ་ངོ་རྒོལ་བྱས་ཏེ། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩའི་རིང་ལུགས་བཅས་པའི་རི་བོ་ཆེན་པོ་གསུམ་རྩ་སློག་བཏང་བ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱས་པ་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རྒྱལ་ཁ་ལ་བརྟེན་ནས་ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ལོ་རྒྱུས་རྩ་བ་ནས་མཇུག་བསྒྲིལ་བ་དང་། ཀྲུང་གོ་རྙིང་པའི་སྲན་ཕུང་གཏོར་འདྲའི་ཁ་ཐོར་དགུ་ཐོར་གྱི་རྣམ་པ་རྩ་བ་ནས་མཇུག་བསྒྲིལ་བ། བཙན་དབང་རྒྱལ་ཁབ་ཁག་གིས་ཀྲུང་གོར་བཙན་གྱིས་དཀྲིས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་བཙན་རྒྱལ་རིང་ལུགས་པའི་ཀྲུང་གོར་སྤྱད་བྱའི་དམིགས་བསལ་དབང་ཆ་མཐའ་དག་རྩ་བ་ནས་རྩིས་མེད་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་རྩ་བའི་སྤྱི་ཚོགས་མཐུན་རྐྱེན་བསྐྲུན་ཡོད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་ཀྱི་ཐོག་ནས་འཛམ་གླིང་ལ་གཟབ་བརླིང་ངང་ཁྱབ་བསྒྲགས་བྱས་དོན། ཀྲུང་གོའི་མི་དམངས་ཡར་ལངས་ཐོབ་ཟིན་པ་དང་ཀྲུང་ཧྭ་མི་རིགས་ལ་གཞན་གྱིས་རང་སྣང་གང་ཤར་དུ་མནར་གཅོད་གཏོང་བ་དང་བརྙས་བཅོས་བྱེད་པའི་དུས་རབས་ནི་ཕྱིར་ལྡོག་མེད་པར་འདས་ཟིན་པ་རེད།
—— ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རང་སྟོབས་རང་སྤེལ་གྱིས་དར་རྒྱས་གོང་འཕེལ་གཏོང་བའི་ལས་ལ་གཞོལ་མཐར། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱས་ཏེ། ཀྲུང་གོར་ལོ་ངོ་སྟོང་ཕྲག་འགའ་ཤས་རིང་རྒྱུན་མ་ཆད་པའི་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་དང་གཉའ་གནོན་གྱི་ལམ་ལུགས་རྩ་མེད་དུ་བཏང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། བཙན་རྒྱལ་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་རྩ་སློག་གཏོར་བརླག་དང་དྲག་པོའི་སྙད་བརྐོ་ལས་རྣམ་པར་རྒྱལ་བ་བཅས་ལ་བརྟེན། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་བྱུང་ཚུན་གྱི་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་འཕོ་འགྱུར་མངོན་འགྱུར་བྱུང་བ་དང་། དབུལ་ཞིང་ཕོངས་ལ་མི་གྲངས་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་གོམ་སྟབས་ཆེན་པོས་མཆོང་སྐྱོད་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་བྱུང་བས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་གཞི་རྩར་གྱུར་པའི་ཆབ་སྲིད་ཀྱི་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་བ་རེད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་ཀྱི་ཐོག་ནས་འཛམ་གླིང་ལ་གཟབ་རླིང་ངང་ཁྱབ་བསྒྲགས་བྱས་དོན། ཀྲུང་གོའི་མི་དམངས་ནི་འཇིག་རྟེན་རྙིང་པ་གཏོར་བརླག་བྱེད་མཁས་པ་ཞིག་ཡིན་པར་མ་ཟད། འཇིག་རྟེན་གསར་པ་འཛུགས་སྐྲུན་བྱེད་མཁས་པ་ཞིག་ཀྱང་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་ཀྲུང་གོ་འཕེལ་རྒྱས་གཏོང་ཐུབ་པ་རེད།
—— ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསམ་བློ་བཅིངས་འགྲོལ་བྱས་ཤིང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་མཐར། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་སུ་དོན་སྙིང་ཟབ་མོ་ལྡན་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་རླབས་པོ་ཆེ་མངོན་པར་བསྒྲུབས་པ་དང་། ཏང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་ལ་ཕབ་པ། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་སྒོ་འབྱེད་སྐུལ་སྤེལ་བྱས་པ། ཕྱོགས་གང་ཐད་ནས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲོལ་འབྱེད་དང་། རྒྱུན་འཁྱོངས། སྲུང་སྐྱོང་། གོང་སྤེལ་བཅས་བྱས་པར་བརྟེན། ཚད་མཐོའི་གཅིག་སྡུད་ཅན་གྱི་འཆར་གཞིའི་དཔལ་འབྱོར་སྒྲིག་སྲོལ་ནས་སྐྱེ་སྟོབས་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་། བཀག་སྡོམ་ཅན་དང་བཀག་སྡོམ་ཕྱེད་ཙམ་ཅན་ནས་ཕྱོགས་ཡོངས་ནས་སྒོ་འབྱེད་ཅན་དུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུ་མངོན་འགྱུར་བྱས་པ་དང་། ཐོན་སྐྱེད་ནུས་ཤུགས་ལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པའི་རྣམ་པ་ནས་དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་བསྙེགས་པའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་མངོན་འགྱུར་བྱས་ཤིང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱི་ཡོངས་འབྱོར་འབྲིང་དང་དེ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱས་ཐོག །ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་སྐྱེ་སྟོབས་གསར་པ་རྒྱས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་འཕེལ་རྒྱས་མགྱོགས་པོ་ཡོང་བའི་དངོས་པོའི་མཐུན་རྐྱེན་བསྐྲུན་པ་རེད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་ཀྱི་ཐོག་ནས་འཛམ་གླིང་ལ་གཟབ་བརླིང་ངང་ཁྱབ་བསྒྲགས་བྱས་དོན། བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་ཐབས་དམ་པ་ཡིན་པ་དང་། ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཡོད་པ་རེད།
—— ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བློ་གདེང་དང་རང་སྟོབས་ཆེར་སྐྱེད་དང་། བདེན་སྲུང་གསར་གཏོད་བྱས་ནས་འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་གཅིག་འདོམས་བྱས་མཐར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་ཡོད། ང་ཚོས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་[1]གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་[2]མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་བཏང་བ། སྒྲིག་ཁྲིམས་ལྟར་ཏང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཤིང་ཅུང་ཟད་འཐུས་སྒོ་ཚང་བའི་ཏང་ནང་གི་ཁྲིམས་སྲོལ་མ་ལག་ཆགས་པར་བྱས་པ། ཉེན་ཁ་དང་འགྲན་སློང་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གཏན་འབེབས་བྱས་པ་བཅས་ལ་བརྟེན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཐོག །ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་སྔར་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་བས་བརྟན་པའི་དངོས་པོའི་མཐུན་རྐྱེན། སྔར་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ནས་འཛམ་གླིང་ལ་གཟབ་བརླིང་ངང་ཁྱབ་བསྒྲགས་བྱས་དོན། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་ཐོབ་པ་ནས་ཕྱུག་པོར་གྱུར་པ་དང་དེ་ནས་སྟོབས་འབྱོར་མངའ་ཐང་རྒྱས་པའི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཚར་ཡོད།
ལོ་ངོ་བརྒྱའི་རིང་དུ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་“རང་སྲོག་དོར་བའི་བློ་སྟོབས་རབ་ཏུ་སྐྱེད། །འཇིག་རྟེན་གསར་པ་ཞིག་ལ་སྒྱུར་བར་ཕོད། །”[3]ཅེས་པའི་དཔའ་ཉམས་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་སུ་རྔམ་བརྗིད་ཆེ་ཤོས་ཀྱི་ལོ་རྒྱུས་སྙན་ངག་བརྩམས་པ་རེད། ལོ་ངོ་བརྒྱའི་རིང་ལ་བཏོད་པའི་འགྲོ་ལམ་རླབས་པོ་ཆེ་དང་། བསྐྲུན་པའི་བྱ་གཞག་རླབས་པོ་ཆེ། བླངས་པའི་གྲུབ་འབྲས་རླབས་པོ་ཆེ་བཅས་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་ཤེས་དཔལ་བྱུང་འཕེལ་གྱི་ལོ་རྒྱུས་དེབ་ཐེར་དུ་འགོད་ངེས་རེད།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་ངོ་བརྒྱའི་གོང་དུ། ཀྲུང་གོའི་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕུགས་བསམ་བརྟན་པོར་འཆང་བ། ཐོག་མའི་བསམ་འདུན་ཉམས་སུ་ལེན་པ། འགན་འཁྲི་འཁུར་དུ་ལེན་པ། བློས་གཏོང་རྒྱུར་མི་འཛེམ་པ། དཔའ་ངར་གྱིས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་བྱུང་ཡོད་པ་དེ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན།
ལོ་ངོ་བརྒྱའི་རིང་དུ། ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་དུས་ཡུན་རིང་པོའི་འབད་འཐབ་བྱེད་རིང་ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྩ་ལག་བཏོད་ཡོད་ཅིང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ཞུན་བརྡར་ཐུབ་པ་བྱས་ཡོད། ལོ་རྒྱུས་ཀྱི་འཕེལ་རྒྱུན་ལ་ཆད་པ་མེད་ཅིང་སྙིང་སྟོབས་ཀྱི་སྤེལ་རྒྱུན་ལ་ཆད་པ་མེད། ང་ཚོས་མུ་མཐུད་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུད་འཛིན་བྱས་ཏེ། དུས་གཏན་དུ་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་ངོ་བརྒྱའི་རིང་དུ། ང་ཚོར་ཐོབ་པའི་གྲུབ་འབྲས་ཡོད་ཚད་ནི་ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་འབྲས་ཡིན། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིན། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱིས་འཐུས་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མི་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དོན་དུ་ལོ་རྒྱུས་དེབ་ཐེར་ལ་འགོད་འོས་པའི་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད། ང་ཚོས་ཁོང་རྣམ་པར་གུས་འདུད་བླ་ན་མེད་པ་ཞུ་རྒྱུ་ཡིན།
སྐབས་ཐོག་འདིར། ང་ཚོས་ཀྲུང་གོའི་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་གྱི་དོན་དུ་དང་། ཀྲུང་གོའི་གུང་ཁྲན་ཏང་གསར་འཛུགས་སྲ་བརྟན་གོང་སྤེལ་གསུམ་གྱི་དོན་དུ་མཛད་རྗེས་ཆེན་པོ་བཞག་གནང་བའི་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིན། ཁྲེན་ཡུན་སོགས་གསར་བརྗེའི་རྒན་རབས་པ་རྣམ་པར་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་དང་། ཀྲུང་གོ་གསར་པ་འཛུགས་པ་སྲུང་སྐྱོབ་འཛུགས་སྐྲུན་གསུམ་གྱི་དོན་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམ་པར་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམ་པར་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ། ཉེ་རབས་ནས་བཟུང་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་གྱི་དོན་དུ་དཀའ་སྤྱད་འབད་འཐབ་མཛད་པའི་མི་དྲག་སྐྱེས་ཆེན་རྣམ་པར་སེམས་གཏིང་ནས་དྲན་གསོ་ཞུ་རྒྱུ་ཡིན། ཁོང་རྣམ་པས་མེས་རྒྱལ་དང་མི་རིགས་ལ་བཞག་གནང་བའི་གཡུར་ཟའི་མཛད་རྗེས་ནི་ལོ་རྒྱུས་དེབ་ཐེར་དུ་ཡལ་བ་མེད་པར་འགོད་ངེས་རེད། ཁོང་རྣམ་པའི་བླ་ན་མེད་པའི་སྙིང་སྟོབས་ནི་དུས་གཏན་དུ་མི་དམངས་ཀྱི་སེམས་ལ་བརྗེད་མེད་དུ་འཛིན་ངེས་རེད།
མི་དམངས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་རེད་ལ་དོན་དམ་པའི་དཔའ་བོ་རེད། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་དང་། དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་། མི་དམངས་ཚོགས་པ་ཁག །སྡེ་ཚན་ཁག་གི་རྒྱལ་གཅེས་མི་སྣ་བཅས་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། ཉེན་རྟོག་དྲག་དཔུང་གི་དཔོན་དམག །སྤྱི་བདེ་ཉེན་རྟོག་ལས་བྱེད་པ་དང་ཉེན་རྟོག་པ། མེ་གསོད་སྐྱོབ་རོགས་རུ་དཔུང་གི་བཀོད་འཐབ་པ་བཅས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས། འཐབ་ཕྱོགས་གཅིག་གྱུར་ཁོངས་ཀྱི་རྒྱ་ཆེའི་ཁོངས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་ཚོ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་ཚོ། ཐའེ་ཝན་གྱི་སྤུན་ཟླ་ཚོ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་ཚོ་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོའི་མི་དམངས་དང་མཛའ་མཐུན་མཉམ་གནས་བྱེད་མཁན་དང་། ཀྲུང་གོའི་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་གྱི་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཡོད་ཚད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཐོག་མའི་བསམ་འདུན་སྐྱེད་སླ་ཡང་གཏན་དུ་སྲུང་རྒྱུ་དཀའ་ངལ་ཆེ། ལོ་རྒྱུས་མེ་ལོང་དུ་བཟུང་ན་འཇིག་རྟེན་དར་རྒུད་རྟོགས་ཐུབ། ང་ཚོས་ལོ་རྒྱུས་ལ་བརྟེན་ནས་མངོན་སུམ་ལ་ལྟ་ཞིང་འབྱུང་འགྱུར་ལ་ལྟ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལས་སྔོན་ཆད་ང་ཚོར་རྒྱལ་ཁ་ཐོབ་དོན་ཅི་ཡིན་གསལ་པོར་ཤེས་དགོས་པ་དང་། འབྱུང་འགྱུར་ལ་ང་ཚོས་གང་འདྲ་བྱས་ན་ད་གཟོད་མུ་མཐུད་དུ་ལེགས་འགྲུབ་འབྱུང་ཐུབ་པ་གསལ་པོར་རྟོགས་དགོས་པ་དང་། དེ་ནས་འཐབ་ལམ་གསར་པའི་ཐོག་ཏུ་སྔར་བས་བློ་རྩ་བརྟན་པོ་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་དགའ་སྐྱིད་ལྡན་པའི་མ་འོངས་པ་གསར་དུ་གཏོད་དགོས་པ་རེད།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་རེད། ཀྲུང་གོའི་བྱ་བ་ཡག་པོར་སྒྲུབ་དགོས་ན་འགག་རྩ་ནི་ཏང་ལ་ཐུག་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་ལོ་ངོ་180ལྷག་གི་ལོ་རྒྱུས་དང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ཚུན་གྱི་ལོ་100ཡི་ལོ་རྒྱུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ལོ་ངོ་70ལྷག་གི་ལོ་རྒྱུས་བཅས་ལས་དངོས་ར་གསལ་འཕྲོད་བྱུང་ཡོད་པ་ནི། ཀྲུང་གོའི་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་ཡོད་མི་སྲིད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོད་མི་སྲིད་པ་དེ་རེད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་བདམས་པ་རེད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ཉིད་ཀྱི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་ཆེ་ཤོས་དང་། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་ཚུགས་ས་དང་སྲོག་རྩ་གནས་ས་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་འཁྲི་ས་དང་ལས་དབང་བཅོལ་ས་ཡིན་པ་རེད།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ཆད་མེད་པར་“འདུ་ཤེས་བཞི་”[4]ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”[5]བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”[6]བྱེད་ཐུབ་པ། “རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་བརྟན་པོར་ངེས་པ། ཏང་གིས་ཚན་རིག་དང་མཐུན་པར་སྲིད་སྐྱོང་བ་དང་། དམངས་གཙོས་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། ཏང་གིས་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དགའ་སྐྱིད་ལྡན་པའི་འཚོ་བའི་དོན་དུ་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས། རྒྱལ་སྲིད་ནི་མི་དམངས་ཡིན་ལ་མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་འཐོབ་པར་བྱེད་པ་དང་རྒྱལ་སྲིད་སྐྱོང་བར་བྱེད་པའི་བསྐྱང་བྱ་ནི་དམངས་སེམས་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་རྩ་བ་ཚུགས་ས་མི་དམངས་ཡིན་པ་དང་། ཁྲག་རྒྱུན་འཁོར་ས་མི་དམངས་ཡིན་ཞིང་། སྟོབས་ཤུགས་འབྱུང་ས་མི་དམངས་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་གྱི་ཡོད་པ་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་དང་འཆི་གསོན་མཉམ་འགྲོགས་བྱེད་པ་ལས། རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་པ་དང་། ཁེ་ཕན་ཚོགས་པ་གང་རུང་དང་། དབང་འཛིན་ཚོགས་པ་གང་རུང་། ཁྱད་དབང་རིམ་གྲས་གང་རུང་གི་ཁེ་ཕན་ནི་ཐོག་མ་ཉིད་ནས་མཚོན་གྱི་མེད། ཀྲུང་གོའི་གུང་ཁྲན་ཏང་དེ་ཀྲུང་གོའི་མི་དམངས་དང་ཁ་ཕྲལ་གཏོང་བ་དང་ཕན་ཚུན་ཁ་གཏད་དུ་ལངས་རྒྱུའི་རེ་ངན་འཆང་བ་ཚང་མ་གཏན་ནས་འགྲུབ་མི་སྲིད། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མི་ཁྲི་9500ལྷག་གིས་ཁས་ལེན་མི་སྲིད་ལ། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་གིས་ཀྱང་ཁས་ལེན་མི་སྲིད།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གསར་སྐྲུན་བྱེད་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་དགོས་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་དགོས་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་དགོས་པ། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་དགོས་པ། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་དགོས་པ། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས་པ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་པ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དུ་སྔར་བས་མིག་མཐོང་ལག་ཟིན་གྱི་འཕེལ་སྐྱེད་ལོན་པ་བྱེད་དགོས།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། མར་ཁེ་སིའི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་ཀྱི་གཞི་རྩའི་སློབ་སྟོན་བསམ་བློ་ཡིན་ལ། ང་ཚོའི་ཏང་གི་བླ་སྲོག་དང་དར་ཆ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་དངོས་ཡོད་གནས་ཚུལ་གཞིར་འཛིན་པ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་པོར་རྟོགས་པ། ལོ་རྒྱུས་ཀྱི་རང་དབང་སྟངས་འཛིན། དཀའ་བ་སྤྱད་དེ་འཚོལ་རྟོག་བྱེད་པ་བཅས་ཀྱི་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་མི་དམངས་ལ་སློབ་སྟོན་བྱས་ནས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད། ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གང་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་ཞེ་ན། མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་པའི་རྐྱེན་གྱིས་རེད།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་མཐར་ཕྱིན་བྱེད་དགོས་ཤིང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། མར་ཁེ་སིའི་རིང་ལུགས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ཏེ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སིའི་རིང་ལུགས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། རང་ཉིད་ཀྱི་འགྲོ་ལམ་དུ་སྐྱོད་དགོས་པ་དེ་ནི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོད་ཚད་ཀྱི་གཞི་ཚུགས་ས་ཡིན་པ་དང་། དེ་བས་ཀྱང་ཏང་གི་ལོ་བརྒྱའི་འབད་འཐབ་ལས་བྱུང་བའི་ལོ་རྒྱུས་ཀྱི་སྡོམ་ཚིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་བ་ཆེན་པོ་སྤྱད་ཅིང་རིན་དོད་ཆེན་པོ་བཏང་ནས་ཐོབ་པའི་གཞི་རྩའི་གྲུབ་འབྲས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཡང་དག་པ་དེ་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཀྱི་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བར་བརྟེན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གསར་པ་བཏོད་ཡོད་པ་དང་། མིའི་རིགས་ཀྱི་ཤེས་རིག་གི་དཔེ་རྣམ་གསར་པ་བཏོད་ཡོད།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་ཁག་ཐེག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་གཏོང་རིང་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། མི་དམངས་འབྱོར་ཕྱུག་ལྡན་ཞིང་རྒྱལ་ཁབ་མངའ་ཐང་རྒྱས་ལ་ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།
ཀྲུང་ཧྭ་མི་རིགས་ལ་ལོ་ངོ་5000ལྷག་གི་ལོ་རྒྱུས་འཕེལ་རིམ་ལས་བྱུང་བའི་གཟི་དཔལ་ལྡན་པའི་ཤེས་རིག་མངའ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་ལ་ལོ་ངོ་བརྒྱ་ཐམ་པའི་འབད་འཐབ་ཀྱི་ལག་ལེན་དང་ལོ་ངོ་70ལྷག་གི་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་ལྡན། ང་ཚོས་མིའི་རིགས་ཀྱི་ཤེས་རིག་གི་དགེ་མཚན་ཅན་གྱི་གྲུབ་འབྲས་ཡོད་ཚད་ལ་ཧུར་ཐག་གིས་སློབ་སྦྱོང་དང་དཔེ་ལྟ་བྱ་རྒྱུ་ཡིན་པ་དང་། ཕན་ཐོགས་ཡོད་པའི་གྲོས་གཞི་དང་སེམས་བཟང་གི་སྐྱོན་བརྗོད་བྱུང་ཚད་ལ་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་“སློབ་དཔོན་”གྱི་ཟོལ་གྱིས་བཀའ་བཀོད་དང་ལུང་ཁྲིད་རྫིག་རྫིག་བྱེད་པ་གཏན་ནས་ཁས་ལེན་གྱི་མིན། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ནི་རང་ཉིད་ཀྱིས་བདམས་པའི་འགྲོ་ལམ་དུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཡར་རྒྱས་གོང་འཕེལ་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་ཡིན།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་རྒྱུ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་སྟོབས་ལྡན་ཡོང་བར་དམག་དཔུང་སྟོབས་ལྡན་ཡིན་དགོས། དམག་དཔུང་སྟོབས་དང་ལྡན་ན་གཞི་ནས་རྒྱལ་ཁམས་བདེ་ལ་འགོད་ཐུབ། ཏང་གིས་མེ་མདའ་ལ་བཀོད་འདོམས་བྱེད་པ་དང་རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པ་ནི་ཏང་ལ་འཐབ་རྩོད་དྲག་པོ་ལས་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཞིག་ཡིན། མི་དམངས་དམག་དཔུང་གིས་ཏང་དང་མི་དམངས་ལ་ཉམས་པ་མེད་པའི་བྱས་རྗེས་བཞག་ཡོད་པ་དང་། དེ་ནི་དམར་པོའི་རྒྱལ་སྲིད་སྲུང་སྐྱོབ་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པའི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཡིན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡང་ཡིན།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཤེས་ལྡན་མི་སྣ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག །མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྲུན་བྱས་ཏེ། སྔར་ལས་ཆེ་བའི་འཇོན་ཐང་དང་སྔར་ལས་བློས་འཁེལ་བའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཞི་བདེ་འཆམ་མཐུན་ཞི་མཐུན་གསུམ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་5000ལྷག་རིང་དུ་དོན་གཉེར་དང་རྒྱུན་འཛིན་བྱས་པའི་འདུ་ཤེས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུད་ན་གཞན་ལ་བཙན་འཛུལ་བྱེད་པ་དང་བཙན་ཤེད་སྤྱོད་པའི་གཞི་རྒྱུ་མེད། ཀྲུང་གོའི་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་གི་ཡར་ཐོན་གྱི་སྟོབས་ཤུགས་ཡོད་ཚད་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ནི་དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་ཡིན།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་བ་དང་། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་རྒྱུན་འཁྱོངས། རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་ཅན་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་སྐྲུན་པ་བཅས་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་མུ་མཐུད་དུ་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་དང་མི་དམངས་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏང་རྒྱུ་ཡིན་པ་དང་། མཉམ་ལས་རྒྱུན་འཁྱོངས་བྱེད་པ་ལས་འགྲན་རྒོལ་སྤེལ་རྒྱུ་མིན། སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་ལས་བཀག་སྡོམ་སྤེལ་རྒྱུ་མིན། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་ལས་བསྡོམས་སྟོང་འཐབ་འགྲན་སྤེལ་རྒྱུ་མིན། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ནས་ལོ་རྒྱུས་ཀྱི་འཁོར་ལོ་ཆེན་པོ་དེ་འོད་གསལ་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་གི་ཡིན།
ཀྲུང་གོའི་མི་དམངས་ནི་བདེན་དོན་ལ་མོས་ཤིང་བཙན་ཤེད་ལ་མི་སྐྲག་པའི་མི་དམངས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཀྱི་སྤོབས་སེམས་དང་གདེང་ཚོད་བརྟན་པོ་ཡོད་པའི་མི་རིགས་ཤིག་ཡིན། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཞན་དག་གི་མི་དམངས་ལ་བརྙས་བཅོས་དང་གཉའ་གནོན་དང་བྲན་བཀོལ་ཁྱོན་ནས་བྱས་མྱོང་མེད། སྔོན་ཆད་བྱས་མེད་ཅིང་ད་ལྟ་བྱེད་ཀྱིན་མེད་ལ་མ་འོངས་པར་ཡང་བྱ་མི་སྲིད། དུས་མཚུངས་སུ་ཀྲུང་གོའི་མི་དམངས་ཀྱིས་ཀྱང་ཕྱིའི་སྟོབས་ཤུགས་གང་རུང་གིས་ང་ཚོར་བརྙས་བཅོས་དང་གཉའ་གནོན་དང་བྲན་བཀོལ་བཅས་རྩ་བ་ནས་བྱེད་དུ་འཇུག་མི་སྲིད། སུ་ཞིག་གིས་དེ་ལྟར་བྱེད་བསམ་ན་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་གི་ཤ་དང་ཁྲག་གིས་བརྩིགས་པའི་ངར་ལྕགས་ལྟ་བུའི་ལྕགས་རིའི་མདུན་དུ་ཁ་ཆག་སྣ་རལ་དུ་འགྲོ་ཤ་སྟག་ཡིན།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་སྤེལ་དགོས། འཐབ་རྩོད་བྱེད་ཕོད་པ་དང་གཡུལ་ལས་རྒྱལ་ཕོད་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་དེ་ཡིན། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན་སྙིང་རུས་ཆེན་པོས་འབད་བརྩོན་དང་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཉེ་ཞིང་དེ་འགྲུབ་པའི་གདེང་ཚོད་དང་ནུས་ཤུགས་ཀྱང་སྔར་ལས་ཆེ་བ་ལྡན་ཡོད་མོད། དེ་དང་མཉམ་དུ་སྔར་ལས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་ངེས་པར་དུ་ཡོད་དགོས།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་བསྐྱེད་པ་དང་ཐོག་མཐའ་བར་གསུམ་དུ་བདེ་དུས་ཉེན་བསམ་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འཕོ་འགྱུར་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་ཟབ་མོ་དང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་ཟབ་མོ་བྱེད་དགོས་པ། འཐབ་རྩོད་བྱེད་ཕོད་ཅིང་འཐབ་རྩོད་བྱེད་མཁས་པ། རི་ལ་ལམ་བཏོད་ཅིང་ཆུ་ལ་ཟམ་འཛུགས་པ་བཅས་ཀྱི་སྙིང་སྟོབས་ཐོག་ནས་ཉེན་ཁ་དང་འགྲན་སློང་ཡོད་ཚད་ལས་རྣམ་པར་རྒྱལ་བ་བྱེད་དགོས།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་རྒྱག་དགོས། ལོ་བརྒྱའི་འབད་འཐབ་བྱེད་རིམ་ནང་དུ་ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དེ་གོ་གནས་གལ་ཆེ་སར་བཞག་ནས་རྒྱུན་ཆད་མེད་པར་ཆེས་རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ཞིང་། མཐུན་སྒྲིལ་བྱེད་རུང་བའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱེད་རུང་བའི་མཐུན་རྐྱེན་ཡོད་ཚད་སྐུལ་སློང་བྱས་ཏེ། མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཚད་གང་ཆེའི་སྒོ་ནས་གོང་བུར་བསྒྲིལ་ཡོད། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ལ་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ངེས་པར་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་རྒྱག་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་སྒྲིལ་བ། ཕྱོགས་ཀྱི་འཇོན་མི་གཅིག་ཏུ་སྡུད་པ། ཧུར་ཐག་གིས་སྤྱིའི་བགོ་གྲངས་ཆེ་ཤོས་དང་ལྟེ་བ་གཅིག་པའི་སྒོར་ཐིག་ཆེ་ཤོས་འབྲི་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་བློ་ཁ་གཅིག་ཏུ་ཕྱོགས་པ་དང་ནུས་པ་གཅིག་ཏུ་འདོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱེད་དགོས་པ་དང་། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
—— ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་འབྱེད་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེ་བྱེད་སྤོབས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་དེ་སྲིད་ཏང་གཞན་དག་དང་ཁྱད་པར་འབྱེད་བྱེད་ཀྱི་མཚོན་རྟགས་གསལ་པོ་ཞིག་ཡིན། ང་ཚོའི་ཏང་འདི་ཞུན་བརྡར་ཡང་ཡང་བྱས་པ་བརྒྱུད་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྒྱུ་མཚན་གལ་ཆེན་པོ་ཞིག་ནི། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་བདག་པོ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ལ་ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་འཕྲད་པའི་ཉེན་ཁ་དང་ཉམས་སད་ལ་རྒྱུན་ཆད་མེད་པར་ཁ་གཏད་ཡག་པོ་བཅག་པ་དང་། ང་ཚོའི་ཏང་ཉིད་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་ཟབ་མོ་འབྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་འགན་ལེན་ཏན་ཏིག་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱི་སེམས་ཀྱི་གཏད་ས་ཆགས་ཡོད་པ་བཅས་ཡིན།
འཐབ་ལམ་གསར་པའི་ཐོག་ཏུ་ང་ཚོས་ལྕགས་རྡུང་ན་ངེས་པར་དུ་རང་ལུས་བཀན་མོ་ཡིན་དགོས་པའི་གནས་ལུགས་སེམས་ལ་བརྟན་པོར་ངེས་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་དུས་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་བརྟན་པོར་བསྐྱེད་ཅིང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གཅིག་འདོམས་སུ་བཟུང་ནས་མུ་མཐུད་དུ་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བ་དང་། ཏང་གི་རྩ་འཛུགས་མ་ལག་རྒྱུན་ཆད་མེད་པར་དམ་ཚགས་བཟོ་བ། སྤྱོད་ཡོན་གཉིས་ལྡན་དང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་ཡོད་ཚད་མཐའ་གཅིག་ཏུ་གཙང་སེལ་བྱེད་པ། ཏང་གི་བདེ་ཐང་གི་ལུས་ཕུང་ལ་ལྷད་སྐྱོན་བཟོ་བའི་ནད་གཞི་ཡོད་ཚད་གཙང་སེལ་བྱེད་པ་བཅས་བྱས་ཐོག་ཏང་ཉིད་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། ཏང་ཉིད་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ཐོག་མཐའ་བར་གསུམ་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ཆགས་པར་འགན་ལེན་ཏན་ཏིག་བྱེད་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་གནད་ལ་འཁེལ་བར་ལག་བསྟར་མཐར་ཕྱིན་བྱེད་དགོས་པ་དང་། ཀྲུང་དབྱང་གིས་ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་སྤྱོད་པའི་ཕྱོགས་ཡོངས་ཀྱི་བདག་སྐྱོང་དབང་ཆ་དོན་འཁྱོལ་བྱེད་དགོས་པ། དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་སྒྲིག་སྲོལ་དོན་འཁྱོལ་བྱེད་དགོས་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པ། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་བརླིང་ཡོང་རྒྱུ་སྲུང་སྐྱོང་བྱེད་དགོས་པ། ཞང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ཡིན།
ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འདོར་དུ་མེད་པའི་ལོ་རྒྱུས་ལས་འགན་ཡིན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ངོས་འཛིན་གཅིག་མཐུན་”[7]རྒྱུན་འཁྱོངས་བྱས་ནས་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་ཞིང་མཐུན་སྒྲིལ་མདུན་སྐྱོད་བྱས་ཏེ་“ཐའེ་ཝན་རང་བཙན་”གྱི་མ་རུང་ཁོག་བཅུག་གི་རེ་ངན་གང་རུང་མཐའ་དག་རྡུལ་དུ་བརླག་དགོས་པ་དང་། མི་རིགས་བསྐྱར་དར་གྱི་ཡིད་དུ་འོང་བའི་མ་འོངས་པ་མཉམ་དུ་གསར་འབྱེད་བྱེད་དགོས། མི་སུ་དང་གང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་མ་བྱེད་ཅིག །
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
མ་འོངས་པ་ནི་གཞོན་ནུ་ཚོའི་ཡིན་པ་དང་རེ་བ་བཅོལ་ས་གཞོན་ནུ་ཚོ་ཡིན། ལོ་བརྒྱའི་གོང་དུ་གཞོན་ནུ་གསར་པ་སྐོར་ཚོ་ཞིག་གིས་མར་ཁེ་སིའི་རིང་ལུགས་ཀྱི་དགོངས་པའི་དཔལ་འབར་མཐོན་པོར་བསྒྲེངས་ནས་ཆར་རླུང་དང་མུན་པ་འཁྲིགས་པའི་ཀྲུང་གོར་མི་རིགས་བསྐྱར་དར་གྱི་མདུན་ལམ་འཚོལ་སྙེག་བྱས་པ་རེད། ལོ་བརྒྱའི་རིང་ལ་ཀྲུང་གོའི་གུང་ཁྲན་ཏང་གི་དར་ཆའི་འོག་ཏུ་མི་རབས་རེ་རེའི་ཀྲུང་གོའི་གཞོན་ནུ་ཚོས་ལང་ཚོའི་འབད་བརྩོན་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བསྡེབས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་གྱུར་ཡོད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་བསྐྱེད་དེ། དུས་རབས་ཀྱི་རེ་འབོད་དང་། ལང་ཚོའི་རེ་སྐུལ། ཏང་དང་མི་དམངས་ཀྱི་རེ་བ་ཆེན་མོ་བཅས་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ལོ་བརྒྱའི་གོང་དུ། ཀྲུང་གོའི་གུང་ཁྲན་ཏང་འཛུགས་དུས་སུ་ཏང་ཡོན་50ལྷག་ཙམ་ལས་མེད། ད་ལྟ་ཏང་ཡོན་ཁྲི་9500ལྷག་ཡོད་པ་དང་། མི་འབོར་དུང་ཕྱུར་14ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་ཅིང་། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་བུ་གླིང་གི་སྲིད་སྐྱོང་ཏང་ཆེན་པོ་ཨང་དང་པོར་གྱུར་ཡོད།
ལོ་བརྒྱའི་གོང་དུ། འཛམ་གླིང་གི་མཐོང་སྣང་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་ཉམས་ཆག་འཁོས་ཆུང་གི་རྣམ་པ་ཡིན། ད་ལྟ། འཛམ་གླིང་གི་མཐོང་སྣང་དུ་མངོན་པའི་ཀྲུང་ཧྭ་མི་རིགས་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་ནས་ལྡོག་ཏུ་མེད་པའི་གོམ་སྟབས་ཀྱིས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་བཞིན་ཡོད།
འདས་པའི་ལོ་ངོ་བརྒྱའི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་གཡུར་དུ་ཟ་བའི་རྒྱུགས་འབྲས་ཕུལ་ཡོད། ད་ལྟ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ཀྱི་ལམ་ལ་ཞུགས་ཡོད།
ཀྲུང་གོའི་གུང་ཁྲན་ཏང་ཡོན་ཡོངས་རྫོགས་ཀྱེ། ཏང་ཀྲུང་དབྱང་གིས་ཁྱེད་རང་ཚོར་འབོད་སྐུལ་གཏོང་རྒྱུར། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་ཟུངས་ཤིག །ཕུགས་བསམ་དང་དད་སེམས་བརྟན་པོར་ཆོངས་ཤིག །ཏང་གི་དམིགས་ཡུལ་ཉམས་སུ་ལོངས་ཤིག །མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་གཏན་དུ་འཛིན་སྐྱོང་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་བསམ་བློ་མཉམ་གཏོང་དང་ལས་དོན་མཉམ་སྒྲུབ་གྱིས་ཤིག །དཀའ་བ་མཉམ་འཁུར་དང་བདེ་སྡུག་མཉམ་མྱོང་གྱིས་ཤིག །མུ་མཐུད་དུ་མི་དམངས་ཀྱིས་རེ་སྨོན་བྱེད་པའི་དགའ་སྐྱིད་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་གྱིས་ཤིག །ཏང་དང་མི་དམངས་ལ་སྔར་ལས་ཆེ་བའི་གཟི་བརྗིད་འཐོབ་པར་བརྩོན་ཅིག །
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་མཛད་འཕྲིན་སྒྲུབ་ལ་གཞོལ་བར། ལོ་ངོ་བརྒྱ་ཐམ་པ་ནི་ལང་ཚོའི་ཁོ་ལག་རྫོགས་སྒང་ཡིན། འདས་དོན་ལ་ཕྱི་མིག་དང་མ་འོངས་པར་རྒྱང་མིག་བལྟས་ཚེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ལྡན་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་དམ་པོ་ཡོད་ཙ་ན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ནི་འགྲུབ་ཤ་སྟག་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་ནི་མངོན་འགྱུར་འབྱུང་ཤ་སྟག་ཡིན།
རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པའི་ཀྲུང་གོའི་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག །
རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་དཔའ་བོ་ཡིན་པའི་ཀྲུང་གོའི་མི་དམངས་ཁྲི་ལོར་བརྟན་པར་ཤོག །
མཆན་འགྲེལ།
[1] “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ཞེས་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་པ་ལ་ཟེར་ཞིང་། དེའི་ཁོངས་སུ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཚུད་ཡོད།
[2] “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་ཞེས་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཐབ་ཇུས་ཀྱི་བཀོད་པ་ལ་ཟེར་ཞིང་། དེའི་ཁོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་ཚུད་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་རྗེས། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པའི་ནང་དོན་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བཅས་སུ་རིམ་འགྱུར་བྱུང་ཡོད།
[3] མའོ་ཙེ་ཏུང་གི་《ཆི་ལུའི་•ཧྲའོ་ཧྲན་ལ་སླེབས་པ་》(《མའོ་ཀྲུའུ་ཞིའི་སྙན་ཚིག》 མི་རིགས་དཔེ་སྐྲུན་ཁང་གི་1968ལོའི་བོད་ཡིག་པར་གཞི། ཤོག་ངོས་74པ།)ཞེས་པར་གསལ།
[4] “འདུ་ཤེས་བཞི་”ཞེས་པ་ནི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཟེར།
[5] “གདེང་ཚོད་བཞི་”ཞེས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ལ་ཟེར།
[6] “སྲུང་སྐྱོང་གཉིས་”ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་སྲུང་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པར་ཟེར།
[7] “གོ་གཉིས་ངོས་འཛིན་གཅིག་མཐུན་”ཞེས་པ་ནི་1992ལོའི་ཟླ་11པར་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བའི་མཐུན་ཚོགས་དང་ཐའེ་ཝན་མཚོ་འགག་སྤེལ་རེས་ཐེབས་རྩ་ཚོགས་པ་གཉིས་ཀྱིས་ངོགས་གཉིས་ཀྱི་ལས་དོན་རང་བཞིན་གྱི་གྲོས་མོལ་ནང་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ཇི་ལྟར་མཚོན་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་དུ། ཕྱོགས་གཉིས་ཀས་ངག་ཐོག་ནས་“མཚོ་འགག་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། རྒྱལ་ཁབ་གཅིག་གྱུར་ཡོང་བར་མཉམ་དུ་འབད་བརྩོན་བྱེད་པའི་”སྐོར་ལ་བཞག་པའི་ངོས་འཛིན་གཅིག་མཐུན་ལ་ཟེར།