“རྒྱལ་སྒྲོལ་ཚོང་དོན་གྱི‘མཐའ་མའི་འགག་གནད”ཀྱི་ལས་དོན་ཡག་པོ་བསྒྲུབས་པར་གྲུབ་འབྲས་ཐོབ་སྣང་ཆེན་པོ་འདུག”

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་ལ་མུའུ་ཐུའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཧ་སག་སི་ཐན་གྱི་སྦྲག་སྲིད——ཡོན་ཐུང་མྱུར་སྐྱེལ་ཚད་ཡོད་འགན་འཁྲིའི་མཉམ་ལས་རོགས་ཟླའི་ཁེ་ལས་སུ་བསྐྱོད་པ་རེད།

    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ནས་ཡོང་བའི་སྨྱན་སྦྱོར་གསར་འགོད་པ་20ཙམ་གྱིས་ཁེ་ལས་དེའི་ཟོག་འགྲེམས་དབྱེ་གསེས་ལྟེ་གནས་དང་མྱུར་སྐྱེལ་ས་ཚིགས་ལ་བཅར་འདྲི་བྱས་ནས། དེས་ཨེ་ཤེ་ཡ་དབུས་མའི་རིག་ནུས་ཟོག་འགྲེམས་ལྟེ་གནས་དང་སྣ་མང་འབྲེལ་མཐུད་སྐྱེལ་འདྲེན་མ་ལག་བཏོད་པ་བརྒྱུད“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ”ཀྱི་རྒྱལ་སྒྲོལ་ཟོག་འགྲེམས་མ་ལམ་བསྐྲུན་ཏེ། གྲངས་འཛིན་ཅན་གྱི་མ་ལག་དང་རིག་ནུས་སྒྲིག་ཆས་ལ་བརྟེན་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་རྒྱལ་སྒྲོལ་ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཀྱི་ལག་ལེན་ཤེས་རྟོགས་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཧ་སག་སི་ཐན་གྱི་སྦྲག་སྲིད——ཡོན་ཐུང་མྱུར་སྐྱེལ་ཚད་ཡོད་འགན་འཁྲིའི་མཉམ་ལས་རོགས་ཟླའི་ཁེ་ལས་2024ལོའི་ཟླ་7པར་བཙུགས་པ་དང་། མིག་སྔར་ཉིན་རེའི་ཆ་སྙོམས་ལས་སྒོའི་གྲངས་འབོར་ཁྲི་3ཟིན་པ་དང་མྱུར་སྐྱེལ་དྲ་རྒྱ་ཧ་སག་སི་ཐན་གྱི་ས་ཚིགས་3000ལྷག་ཙམ་ལ་ཁྱབ་ཡོད་པ་རེད།

    “ངའི་ཉིན་གཅིག་གི་ལས་ཀ་ཚང་མ་ཀྲུང་གོའི་ཐུམ་སྒྲིལ་ལ་ལྟ་རྒྱུ་དེ་ཡིན། ཞོགས་པ་སྔ་པོ་ནས་ཤུར་ཨང་བཤར་འབེབས་བྱེད་པ་དང་། འཕྲིན་ཐུང་ནང་དངོས་ཟོག་ལེན་པའི་ཨང་གྲངས་བསྐུར་བ། ཟོག་སྒྲོམ་དབྱེ་འབྱེད་ལྟར་འཇོག་པ་བཅས་བྱེད་དགོས། ས་སྲོད་ལ་བྲེལ་འཚུབ་ཆེ་ཤོས་རེད། གང་ལགས་ཤེ་ན། གྲོང་མི་མང་ཆེ་བ་ལས་ཐག་བཅད་རྗེས་བང་བསྒྲིགས་ནས་ཅ་དངོས་ལེན་པར་ཡོང་གི་ཡོད་པས། ངས་ཁོང་ཚོར་ཁ་པར་ཐོག་ནས་ཟོག་འགྲེམས་ཞིབ་བཤེར་བྱེད་རོགས་བྱེད་དགོས་ཀྱི་ཡོད། རྒྱལ་སྒྲོལ་ཚོང་དོན་གྱི‘མཐའ་མའི་འགག་གནད’ཀྱི་ལས་དོན་ཡག་པོ་བསྒྲུབས་པར་དངོས་འབྲེལ་གྲུབ་འབྲས་ཐོབ་སྣང་ཆེན་པོ་འདུག ས་ཚིགས་དེ་སྡེ་ཁུལ་གྱི‘ཟོག་འགྲེམས་ལྟེ་གནས”སུ་གྱུར་ཡོད”ཅེས་མྱུར་སྐྱེལ་ས་ཚིགས་སུ་ལས་ཀ་བྱེད་བཞིན་པའི་ཚོང་ཞབས་མ་ཀུའུ་ལི་ནཱ་ཡིས་བརྗོད།

     ཧ་སག་སི་ཐན་རྒྱལ་སྤྱིའི་གསར་འགྱུར་ཁང་གི་གསར་འགོད་པ་མུའུ་ཧ་ཐར·ཁ་ལི་མོ་ལ་ཡིས། ཨེ་ཤེ་ཡ་དབུས་མའི་དམངས་ཚོགས་ཀྱིས་རྒྱུན་གཏན་འཚོ་བའི་ཁྲོད་ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་དབར་གྱི་ཟོག་འགྲེམས་མཉམ་ལས་ལས་བྱུང་བའི་སྟབས་བདེ་དངོས་སུ་ཚོར་ཐུབ་པ་དང་། མཉམ་འབྲེལ་བཅར་འདྲི་བྱས་པའི་གནས་ཚུལ་སྤེལ་བ་ལས“རྒྱལ་སྒྲོལ་ཐུམ་སྒྲིལ”རྒྱབ་ཀྱི་གཏམ་རྒྱུད་ལ་རྒྱུས་ལོན་དེ་བས་གཏིང་ཟབ་བྱེད་ཐུབ་ཅེས་བརྗོད་པ་རེད།

    ཏུར་མེན་སི་ཐན《ཏུར་མེན་སི་ཐན་ཚགས་པར》གྱི་གསར་འགོད་པ་ཨའེ་ཀུའུ་ལི·ལ་ཞི་མོ་ཝ་ཡིས། མཉམ་འབྲེལ་བཅར་འདྲི་བྱས་པ་དེས་རྒྱལ་ཁབ་མང་པོའི་སྨྱན་སྦྱོར་དབར་ཕན་ཚུན་སྤེལ་རེས་བྱེད་པའི་ལས་སྟེགས་བསྐྲུན་ནས་ཚང་མས་ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ལ་ཤེས་རྟོགས་སྔར་བས་ཟབ་པ་བྱུང་ཡོད་ཅེས་བརྗོད།

    ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲི་ནི་མི་དམངས་ཉིན་རེའི་ཚགས་པར་གྱིས་རྒྱལ་ཁོངས་ཕྱིར་རྒྱལ་ཁབ་མང་པོའི་སྨྱན་སྦྱོར་སྒྲིག་འཛུགས་བྱས་པའི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ཐོག་མ་དེ་རེད། འབྱུང་འགྱུར་ཉིན་འགའི་ནང་མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་དྲ་བ་དང་ཧ་སག་སི་ཐན་རྒྱལ་སྤྱིའི་གསར་འགྱུར་ཁང་དང་། ཧ་སག་སི་ཐན་གྱི་BAQགསར་འགྱུར་ཁང་། ཐ་ཇིག་སི་ཐན་གྱི་ཨ་ཝུའེ་སི་ཐ་གསར་འགྱུར་ཁང་། ཐ་ཇིག་སི་ཐན་གྱི་ASALགསར་འགྱུར་དྲ་བ། ཏུར་མེན་སི་ཐན་གྱི《ཏུར་མེན་སི་ཐན་ཚགས་པར》 ཨུ་ཟ་བྷེ་ཁི་སི་ཐན་གྱི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་24སོགས་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་མང་པོའི་གསར་འགོད་པས་ད་དུང་ཧ་སག་སི་ཐན་གྱི་ས་ཆ་མང་པོར་བསྐྱོད་དེ་ནུས་རྒྱུ་དང་། འགྲིམ་འགྲུལ། ཞིང་ལས། སློབ་གསོ་སོགས་གཙོ་གནད་མཉམ་ལས་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་ཏེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཉིས་ཁེའི་གཏམ་རྒྱུད་ཐུན་མོང་ཐོག་བརྗོད་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་སྔར་བས་དམ་ཟབ་འཛུགས་པར་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།