ཟླ11ཚེས1ཉིན་ནས་སང་ལོའི་ཟླ2ཚེས28ཉིན་བར་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་ལ་པ་སེ་ཉོ་མི་དགོས་པར་བསྐྱོད་ཆོག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2026ལོའི་ཟླ11ཚེས1ཉིན་ནས2027ལོའི་ཟླ2ཚེས28ཉིན་བར་དུ།  ལྗོངས་ཁུལ་གྱིས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་ཁ་ཕྱོགས་ནས་རིན་མེད་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པས།  ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་རྣམས་དགུན་དུས་སུ་ཚྭ་མཚོར་ཡུལ་སྐོར་དང་། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཚྭ་མཚོའི་མཛེས་ལྗོངས་ལ་མྱོང་རོལ་དུ་ཡོང་བར་བསུ་མ་ཞུས།

“ནམ་མཁའི་མེ་ལོང”ཞེས་སུ་གྲགས་པའི་ཚྭ་ཁའི་ཚྭ་མཚོའི་ལྗོངས་ནི་མཚོ་སྔོན་ཡུལ་སྐོར་གྱི་མཚོན་བྱེད་རང་བཞིན་ལྡན་པའི་ཡུལ་སྐོར་བྱེད་ས་ཞིག་ཡིན། དགུན་དུས་ཚྭ་མཚོར་མཚོ་དར་མི་ཆགས་ཤིང་།  ཚྭ་ཆུ་འཁེང་ནས་དྭངས་ཕྲུང་ཕྲུང་གི་ཚྭ་རྡོག་ཏུ་གྱུར་ནས་གངས་རི་དང་དཀར་བང་བང་གི་ཚྭ་འགྲམ་གཅིག་ཏུ་འདྲེས་པའི་ཡུལ་ལྗོངས་ངོ་མཚར་བ་མངོན་ཡོང་།

ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། “ནམ་མཁའི་མེ་ལོང”ལྟ་བུའི་ཚྭ་མཚོའི་ལྗོངས་ཁུལ་གྱི་དགུན་དུས་ཡུལ་སྐོར་གཉེར་སྐྱོང་དོ་དམ་ལས་ཀ་ལེགས་པོར་བསྒྲུབ་ཆེད། ལྗོངས་ཁུལ་གྱིས་དགུན་དུས་ཡུལ་སྐོར་གྱི་གཉེར་སྐྱོང་སྤྱི་བསྒྲགས་སྤེལ་ཡོད་དེ། 2026ལོའི་ཟླ11ཚེས1ཉིན་ནས2027ལོའི་ཟླ2ཚེས28ཉིན་བར་ལ་པ་སེ་ཉོ་མི་དགོས་པར་རིན་མེད་ཀྱིས་ཡུལ་སྐོར་བྱ་ཆོག་པ་དང་།  མིང་དངོས་ཐོག་ནས་སྔ་མོ་ནས་ལྗོངས་ཁུལ་ལ་འབྲེལ་བ་བྱས་ནས་ཡོང་ཆོག  ཡུལ་སྐོར་བས་མི་སྒེར་གྱི་ཐོབ་ཐང་ལག་འཁྱེར་ལ་བརྟེན་ནས་ལྗོངས་ཁུལ་གྱི་གཞུང་ཕྱོགས་དྲ་ལམ་མམ་ཡང་ན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་བརྒྱུད་དེ་དུས་ཆད་བྱས་རྗེས་ཐོབ་ཐང་ལག་འཁྱེར་བཤེར་ཏེ་རིན་མེད་ངང་ལྗོངས་ཁུལ་དུ་ཡོང་ཆོག  ཐེངས་འདིའི་རིན་མེད་ཡུལ་སྐོར་གྱི་ཁྱབ་ཁོངས་དེ་པ་སེ་ཁོ་ན་མ་གཏོགས་ལྗོངས་གཟིགས་མེ་འཁོར་དང་།  ལྗོངས་གཟིགས་གློག་འཁོར། ལྷམ་ཐུམ་གླ་བ། རླངས་འཁོར་འཇོག་ས་སོགས་ཀྱི་རིན་པ་རང་ངོས་ནས་སྟེར་དགོས།

གཞན་དགུན་དུས་ཡུལ་སྐོར་གཉེར་སྐྱོང་གི་དུས་ཚོད་ནི་ཉིན་རེའི་སྔ་དྲོའི་ཆུ་ཚོད8:15སྟེང་ནས17:30བར་ཡིན་པ་དང་།  གྲུར་སྡོད་པ་དང་། ཆུ་ཐོག་ལྕགས་རྟ།  ཚྭའི་རིག་གནས་འགྲེམ་སྟོན་ཁང་སོགས་ཀྱི་གནས་སྐབས་གཉེར་མཚམས་བཞག་ཡོད་ལ། ཞབས་ཕྱི་རྣམ་གྲངས་གཞན་དག་ཁྲོད་ལྗོངས་གཟིགས་མེ་འཁོར་གྱི་པ་སེ་རིན་གོང་མི་རེར་སྒོར50ཡིན་པ་དང་། ཆུ་ཚོད་སྐར་མ20རེ་ནས་ཐེངས་གཅིག་ལ་གཏོང་བ་ཡིན།  ལྗོངས་གཟིགས་གློག་འཁོར་གྱི་པ་སེ་རིན་གོང་མི་རེར་སྒོར5རེ་ཡིན་ནོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།