
མཚོ་སྔོན་ཞིང་ཆེན་ན་གོར་མོའི་ཚྭ་མཚོའི་ལྗོངས་ཁུལ་གྱིས་ལྟ་ན་སྡུག་པའི་ཚྭ་མཚོའི་ལྗོངས་རྣམ་དང་རིག་གནས་ཡུལ་སྐོར་བྱེད་སྒོ་ཕུན་སུམ་ཚོགས་པ། ཞབས་ཞུའི་འགན་སྲུང་ཞིབ་ཚགས་ལྡན་པ་བཅས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།
ཁྲར་ཧན་ཚྭ་མཚོའི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀུང་སིའི་འཁོར་སྐྱོད་པུའུ་པུའུ་ཀྲང་ལིའུ་ཆིང་གིས། མཛེས་ལྗོངས་ཁུལ་ལ་ཕུན་སུམ་ཚོགས་པའི་ཚྭ་མཚེའུའི་ཐོན་ཁུངས་ཡོད་ལ། དེ་ནི་བཟོ་ལས་ཐོན་སྐྱེད་དང་འབྱུང་ཁམས་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་ཚྭ་ཞིང་ཉམས་གསོ་དང་མཛེས་ལྗོངས་གཏོད་རྒྱུ་མཉམ་འདྲེས་བྱས་ཡོད། གསར་སྤེལ་བྱས་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྤྲོ་གསེང་ཁམས་ཡངས་ཀྱི་སྣང་བ་སྦྱིན་ནུས་ལ་སྐད་གྲགས་ཆོད་ཚད་རིམ་བཞིན་མཐོ་རུ་སོང་བ་དང་བསྟུན་ནས། མཛེས་ལྗོངས་ཁུལ་དུ་མིག་སྔའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་160ཟིན་ཡོད། མཐོ་རླབས་དུས་ཀྱི་ཡུལ་སྐོར་བའི་འབོར་ཚད་ན་ནིང་དང་བསྡུར་ན་བརྒྱ་ཆ་43འཕར་ཡོད་ཅེས་གསུངས་ཡོད།

ཡུལ་སྐོར་བ་རྣམས་ཀྱིས་ཚྭ་ཡི་ལམ་བུར་གོམ་ཁ་བསྒྱུར་ཞིང་། ཆུ་དང་གནམ་མཁའ་དབྱེར་མེད་འདྲེས་པའི་མཚེའུའི་བཀོད་པས་ཡིད་སེམས་གསོ་བར་བྱས་ཤིང་མཐའ་ཡས་པའི་མེ་ལོང་གི་ངོས་སུ་མི་ཡི་གཟུགས་བརྙན་དང་སྤྲིན་པའི་གཟུགས་རིས་དུས་གཅིག་ཏུ་འཆར་བ་ནི་ནམ་མཁའི་མེ་ལོང་ཞེས་པའི་ཁྱད་འཕགས་ཀྱི་མཛེས་པ་རེད་འདུག

ཕ་ཡུལ་ཤིས་ཧྲོང་པན་ནཱ་ནས་ཡིན་པའི་ཡུལ་སྐོར་བ་ཀྲོའུ་ཧྥེང་དབྱིན་གྱིས། ང་ནི་དེ་རེས་ཐེངས་དང་པོར་ན་གོར་མོའི་ཚྭ་མཚེའུ་མཛེས་ལྗོངས་ལ་ལྟ་རུ་ཡོང་བ་ཡིན།དེ་རིང་མཛེས་སྡུག་ལྡན་པའི་ཚྭ་མཚེའུ་འདི་འདྲ་མཐོང་བས་སེམས་པ་ཧ་ཅང་དགའ་པོ་བྱུང་། གོ་སྐབས་བྱུང་ཚེ་ཡང་བསྐྱར་ཡོང་གི་ཡིན། རྗེས་སུ་གྲོགས་པོ་དང་ཕྲུ་གུ་ཚོ་ཡང་མཚེའུ་འདིའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པར་མཉམ་དུ་འཁྲིད་འདོད་ཡོད་ཟེར།

མཛེས་ལྗོངས་ཁུལ་གྱི་ས་གནས་མང་པོར་དྲ་གྲགས་ཀྱི་འདུ་གནས་བསྐྲུན་ཏེ། རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་མཉམ་འདུས་བྱས་ཏེ། ཡུལ་སྐོར་བ་རྣམས་ལ་མཐོ་སྒང་གི་མཛེས་ལྗོངས་ཁྲོད་དུ་མི་ཆོས་རིག་གནས་ཀྱི་མཛེས་པ་ཚོར་དུ་བཅུག་པའི་ཉམས་སྣང་འདི་ལྟར་མངོན།
ཚྭ་ཡི་མཚོ་མོའི་ཁྲོད་ཀྱི།།
རླབས་དཀར་ཕྲེང་བ་གཡོ་བའི། །
སྤྲིན་དཀར་པད་མོའི་མཚོ་མོ། །
དབུས་ཀྱི་ཚྭ་མཚོ་དཀར་མོ། །
བསྐལ་བ་མ་སྟོངས་བར་དུ། །
ཚྭ་ལ་འཛད་མཐའ་མི་འདུག །
