དབང་གནོད་བྱ་སྤྱོད་ཅེས་པ་ནི་མི་གཞན་གྱི་མི་ལུས་དང་རྒྱུ་ནོར། ཤེས་བྱའི་བདག་དབང་ལ་གནོད་པ་བཟོས་པའི་རྐྱེན་གྱིས་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཟེར། དེ་ཡང་གནོད་འཚེ་གཏོང་མཁན་དང་གནོད་འཚེ་ཕོག་མཁན་བར་ལ་དམངས་དོན་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ངེས་ཅན་ཞིག་བྱུང་བ་སྟེ།གནོད་འཚེ་ཕོག་མཁན་གྱིས་གནོད་འཚེ་གཏོང་མཁན་ལ་སྤྲོད་པའི་རེ་འདོན་དབང་ཆ་ཡོད་པས། དབང་གནོད་འགན་འཁྲི་ནི་དམངས་དོན་བྱེད་པོས་དབང་གནོད་བྱ་སྤྱོད་སྤེལ་བའི་དབང་གིས་འཁུར་དགོས་པའི་དམངས་དོན་ཁྲིམས་ལུགས་ཀྱི་མཇུག་འབྲས་ཤིག་ཡིན། མདོར་ན། རང་ཉིད་ཀྱི་ནོར་འཁྲུལ་བྱ་སྤྱོད་ཀྱིས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཟོས་ནས་དབང་གནོད་བྱ་སྤྱོད་དུ་གྲུབ་ཐུབ་པས། གནོད་འཚེ་ཕོག་མཁན་ཕྱོགས་ལ་འགན་འཁྲི་འཁུར་དགོས་པ་ལ་ཟེར་རོ།།