གྱོད་དཔེ།
འཛོམས་སྐྱིད་བཟའ་ཟླ་གཉིས་ལ་ཤིན་ཏུ་སྙིང་རྗེ་བའི་བུ་ཆུང་གླག་ཕྲུག་འདྲ་ཞིག་ཡོད་པ་དང་། བཟའ་ཟླ་གཉིས་ཀྱི་འཚོ་བར་སྡེ་བ་མར་ཁུ་འཁྱིལ་འདྲའི་ནང་དུ་ཀུན་གྱིས་ཡིད་སྨོན་བྱེད་ས་ཞིག་དང་དཔེ་འཇོག་ས་ལྟ་བུ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་ཉེ་ལམ་མོའི་ཁྱོ་གས་དགའ་རོགས་ཤིག་བཙལ་ཏེ་ཁྱིམ་དུ་མི་ལོག་པའི་ཁར། རྫོང་ཐོག་ཏུ་དེ་དང་མཉམ་འགྲོ་མཉམ་འདུག་གི་འཚོ་བ་རོལ་བཞིན་ཡོད་པ་ཐོས་པར་མ་ཟད། ཁྱོ་གས་དགའ་རོགས་དེར་སྐད་འཕྲིན་དུ་སྔ་གཞུག་བྱས་ནས་སྒོར་ཁྲི་འགའ་བསྐུར་བའང་ཤེས་པས། འཛོམས་སྐྱིད་ཀྱིས་ཁྱོ་གའི་དགའ་རོགས་དེ་ཞུ་གཏུག་བྱས་ནས་སྒོར་དེ་དག་ཕྱིར་ལེན་འདོད་སྐྱེས།
བཅའ་ཁྲིམས་དབྱེ་ཞིབ།
འཛོམས་སྐྱིད་ཀྱི་ཁྱོ་གས་དགའ་རོགས་ལ་སྒོར་བསྐུར་བ་ནི། གལ་ཏེ་ཕྱོགས་གཉིས་ཀས་སྒོར་བསྐྱིས་པའི་འབྲེལ་བ་ཡིན་པ་ཁས་བླངས་ན། སྒོར་ལེན་མཁན་ལ་བསྐྱིས་སྒོར་དེ་འཇལ་བའི་འོས་འགན་ཡོད། གལ་ཏེ་ཕྱོགས་གཉིས་ཀས་སྒོར་བསྐྱིས་པའི་འབྲེལ་བ་ཡིན་པར་ཁས་མི་ལེན་ཚེ། བཅའ་ཁྲིམས་ཀྱི་ངོས་ནས་དེ་ནི་འབུལ་སྦྱིན་བྱས་པ་རུ་གཏོགས།
གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་རིང་ལ། བཟའ་ཟླ་གང་ཞིག་གིས་དགའ་རོགས་བཙལ་བའི་བྱ་སྤྱོད་ནི་ཁྱོ་ཤུག་བར་གྱི་བརྩེ་དུང་ལ་ཆག་གྲུམ་ཆེན་པོ་བཟོ་བྱེད་ཀྱི་རྐྱེན་གཙོ་བོ་ཡིན། གལ་ཏེ་ཕྱོགས་གཅིག་གིས་རང་དགར་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་མི་གཞན་ལ་ཕུལ་ན། བཟའ་ཟླ་ཕྱོགས་གཅིག་གི་ཐུན་མོང་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་ཐེབས་ཤིང་། སྤྱི་སྒྲིག་སྲོལ་བཟང་དང་ཡང་འགལ་ཡོད་པས། དེ་ནི་ཁྲིམས་ལྟར་ནུས་མེད་ཀྱི་ཁོངས་སུ་གཏོགས།
《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི<དམངས་དོན་ཁྲིམས་གཞུང>གི་གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་འགྲེལ་བཤད(གཉིས་པ)》ལྟར་ན། “ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་བརྩེགས་སྒྲིག་བྱེད་པ་དང་། མི་གཞན་དང་འགབ་མཐུན་མཉམ་སྡོད་བྱེད་པ། དེ་མིན་ཁྱོ་ཤུག་གི་བརྩེ་དུང་རྣམ་དག་གི་འོས་འགན་དང་འགལ་བ་སོགས་ཀྱི་དམིགས་ཡུལ་ཆེད་དུ། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་མི་གཞན་ལ་འབུལ་བའམ་མངོན་གསལ་གྱིས་ལུགས་མཐུན་མིན་པའི་རིན་གོང་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱེད་ཅིང་། ཕྱོགས་གཞན་ཞིག་གིས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དེ་སྤྱི་སྒྲིག་སྲོལ་བཟང་དང་འགལ་ནས་ནུས་མེད་ཀྱི་འདོད་ཚུལ་བཏོན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས་པར་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན157པའི་གཏན་འཁེལ་ལྟར་ཐག་གཅོད་བྱ་དགོས་ཏེ། དེ་ནི“དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དེར་ནུས་པ་མེད་པ་དང་། ཕྱིར་འཐེན་བྱས་པའམ་ནུས་པ་མི་ཐོན་པ་གཏན་འཁེལ་བྱས་རྗེས། བྱ་སྤྱོད་སྤེལ་མཁན་གྱིས་བྱ་སྤྱོད་དེ་རྐྱེན་བྱས་ནས་ཐོབ་པའི་རྒྱུ་ནོར་ཕྱིར་སྟེར་འོས”ཞེས་བཀོད་ཡོད།