ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྔར་ལས་དར་ཞིང་རྒྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཡུལ་སྐོར་པ་རྣམས་ཀྱིས་པར་ལེན་བཞིན་པའི་ཚུལ་རེད།

གུང་གསེང་གཉིས་ཀྱི་དུས་ཡུན་རིང་། ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་གྱིས་ལྟ་ན་སྡུག་པའི་ཚྭ་མཚོའི་ལྗོངས་རྣམ་དང་རིག་གནས་ཡུལ་སྐོར་བྱེད་སྒོ་་ཕུན་སུམ་ཚོགས་པ། ཞབས་ཞུ་འགན་སྲུང་ཞིབ་ཚགས་ལྡན་པ་བཅས་ཀྱིས་ཡུལ་སྐོར་སྣེ་ལེན་གྱི་མཐོ་རླབས་བསུས། གཞི་གྲངས་ལས་མངོན་པ་ལྟར་ན། ཟླ9པའི་ཚེས25ནས་ཟླ10པའི་ཚེས3ཉིན་བར། ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི14ལྷག་སྣེ་ལེན་བྱས། 

ད་ལོའི་གུང་གསེང་གཉིས་ཀྱི་རིང་། ཁྱིམ་ཚང་ཕྱི་རོལ་ལ་སྤྲོ་གསེང་དུ་བསྐྱོད་པ་དང་། མཚོ་སྔོན་དང་ཀན་སུའུ་ཡི་གཞུང་ལམ་དུ་སྒེར་འཁོར་གཏོང་ཞིང་པར་ལེན་བརྙན་ཕབ་བྱེད་པ། ཕ་མ་དང་བུ་ཕྲུག་གིས་མཉམ་དུ་སློབ་ཞིབ་བྱེད་པ་བཅས་ནི་ཡུལ་སྐོར་བའི་གདམ་ག་གཙོ་བོར་གྱུར་ཡོད། ཡུལ་སྐོར་གྱི་མྱོང་རོལ་ལ་ཕྱོགས་ཡོངས་ནས་འགན་ལེན་བྱ་ཆེད། ལྗོངས་ཁུལ་གྱིས་སྔོན་ལ་བཀོད་སྒྲིག་དང་དོ་དམ་ཞིབ་ཚགས་བྱས་ཏེ། རིག་ནུས་ཡུལ་སྐོར་མ་ལག་ལ་བརྟེན་ནས། དུས་ཚོད་དབྱེ་ནས་སྔོན་མངགས་བྱས་ཏེ་ནང་དུ་འཛུལ་བ་དང་། དུས་ཐོག་གི་འགྲུལ་པའི་འགྲོ་རྒྱུན་ལྟ་ཞིབ། ས་ཁུལ་དབྱེ་ནས་ཁ་འགྲེམ་བྱེད་པ་སོགས་ཀྱི་རིག་ནུས་ཅན་གྱི་དོ་དམ་བྱེད་སྟངས་ལག་བསྟར་བྱས། དུས་ཆེན་གྱི་རིང་ལ། ལྗོངས་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་གཏིང་ཟབ་པའི་སྐུལ་འདེད་བཏང་སྟེ། ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གུང་གསེང་གི་ཁྲོམ་ར་འཐུས་ཚང་བར་བྱས། ཉིན་མོར། མཐོ་སྒང་མི་རིགས་ཀྱི་ཁྱད་ཆོས་ཆེས་ཆེར་ལྡན་པའི་འཁྲབ་སྟོན་རེས་མོས་སུ་གཟབ་རྒྱས་ངང་འཁྲབ་སྟོན་བྱས་ཤིང་། ཚྭ་བརྐོས་ཁུལ་གྱི་གནའ་བོའི་ཆས་གོས་གྱོན་པའིNPCའཁྲབ་པ་དང་། རིག་གནས་ཐོན་རྫས་འགྲེམ་སྤེལ། ཚྭའི་རིག་གནས་ཀྱི་སྤྲོ་སྣང་ལྡན་པའི་སློབ་སྦྱོང་དང་དྲི་བ་དྲིས་ལན་གྱི་འགག་སྒོ་སྒྲོལ་བ། དུང་བརྗོད་རླུང་འཕྲིན་མཉམ་འགུལ་སོགས་ཀྱི་བྱེད་སྒོར་སྤྲོ་སྣང་ཤིན་ཏུ་ཆེ། མཚན་མོར། སྒྲ་སྙན་རྟ་མགོ་མ་དང་ཧུའུ་མེའམ་སོག་པོའི་མགྲིན་གླུ་སོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཁྲབ་སྟོན་ཕུལ་དུ་བྱུང་བ་འཁྲབ་སྟོན་བྱས་ཤིང་། མི་ཡོངས་ཀྱིས་མཉམ་དུ་སྐོར་བྲོ་འཁྲབ་པས་ཚྭ་མཚོའི་མཚན་མོ་སྤྲོ་བའི་དབྱིངས་ལ་བཏེགས། རྒྱལ་སྟོན་དུས་ཆེན་གྱི་ཉིན་མོར། ལྗོངས་ཁུལ་གྱིས་རིན་མེད་དུ་གདོང་ལ་ཚོན་རིས་འབྲི་བའི་བྱེད་སྒོ་སྤེལ་ཏེ། རྒྱལ་ཁབ་ལ་དགའ་བ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་རི་མོས་དུས་ཆེན་གྱི་སྤྲོ་དགའ་ཤིན་ཏུ་མངོན་པར་གསལ་བར་བྱས།

དེ་མིན། ལྗོངས་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། ཆ་བསྒྲིགས་ཀྱི་ཞབས་ཞུའི་སྤུས་ཚད་རིམ་སྤར་མཐོར་འདེགས་བྱས། དུས་ཆེན་སྔོན་ལ་ལྗོངས་ཁོངས་གཙོ་བོ་དག་གི་འགྲོ་ལམ་ཉམས་གསོ་བྱེད་པ་ལེགས་འགྲུབ་བྱས་པ་དང་སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་པ་ཁ་གསབ་བྱས། གུང་གསེང་རིང་ལྗོངས་ཁུལ་དུ་ལས་རེས་བྱེད་པའི་སྟོབས་ཤུགས་འཛོམས་པོ་བསྐྲུན་ཏེ། རྒྱུན་རྣམ་ཅན་གྱིས་འགྲུལ་བར་ལམ་སྟོན་དང་འདྲི་རྩད་འདྲེན་ཁྲིད། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱས། ལྗོངས་ཁུལ་གྱི་ས་གནས་མང་པོར་དུས་ཆེན་གྱི་བརྗོད་དོན་དང་འབྲེལ་བའི་མཛེས་ཆས་དང་དཔྱངས་རྒྱན་སོགས་བཀལ་ཡོད་ལ། གནས་མང་པོར་དྲ་གྲགས་ཀྱི་འདུ་གནས་བསྐྲུན་ཏེ། རང་བྱུང་ལྗོངས་བཀོད་དང་དུས་ཆེན་གྱི་སྤྲོ་སྣང་། མི་ཆོས་རིག་གནས་ཀྱི་རྨང་རྣམས་མཉམ་འདུས་བྱས་ཏེ། ཡུལ་སྐོར་པ་རྣམས་མཐོ་སྒང་གི་མཛེས་ལྗོངས་ཁྲོད་དུ་མི་ཆོས་རིག་གནས་ཀྱི་མཛེས་པ་ཚོར་དུ་བཅུག་ཅིང་རྒྱལ་ཁབ་ཀྱི་གཅེས་སེམས་ཚོར་དུ་བཅུག །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།