ཁྲག་ཤེད་དམའ་རུ་གཏོང་ཐུབ་པའི་ཟས་རིགས་བརྒྱད་ཁྱེད་ཀྱིས་ཤེས་སམ།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།
     ཁྲག་ཤེད་མཐོ་བ་ཤེས་རྗེས། ཉིན་ལྟར་སྨན་འཐུང་དགོས་པ་མ་ཟད། བཟའ་བཏུང་ཐད་ལའང་གཟབ་དགོས་པས་ཟས་རིགས་མང་པོ་ཞིག་ཟ་འདོད་ཀྱང་ཟ་མི་ཕོད་པར་འགྱུར། དོན་དངོས་སུ་རྒྱུན་ལྡན་གྱི་ཟས་རིགས་ཁ་ཤས་ནི་བཟའ་བཏུང་དོ་མཉམ་བྱེད་པའི་རྨང་གཞིའི་ཐོག ཁྲག་ཤེད་དོ་དམ་ལ་རམ་འདེགས་ཀྱི་ནུས་པ་ལྡན་པས། ཁྲག་ཤེད་དམའ་རུ་གཏོང་ཐུབ་པ་རེད།

གཅིག ངང་ལག་གམ་ཀུ་ཤུ།

ཉིས་སྟོང་ཉེར་དྲུག་ལོར། འཚོ་བཅུད་རིག་པའི་ཞིབ་འཇུག་གནས་ཚུལ་གསར་པ་ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ངང་ལག་གམ་ཀུ་ཤུ་མང་ཙམ་ཟས་ན་ཁྲག་ཤེད་མཐོ་བའི་ནད་པ་རྒྱུ་རྐྱེན་སྣ་ཚོགས་ལས་འཆི་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཤིང་ཏོག་རིགས་འདི་གཉིས་མཉམ་དུ་ཟས་ན་ཕན་དེ་བས་ཆེན་པོ་ཐོགས་པ་རེད།

གཉིས། ཇ་ལྗང་། 

ཉིས་སྟོང་ཉེར་གསུམ་ལོར། Bmc སྤྱི་པའི་འཕྲོད་བསྟེན་ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཇ་འཐུང་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབཔ་དང་། དེ་ཡང་ཇ་ལྗང་འཐུང་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་བརྒྱ་ཆའི་དྲུག་ཇེ་ཆུང་དུ་གཏོང་ཐུབ། ཉིན་ལྟར་མི་འཐུང་བ་དང་འཐུང་ཐེངས་རེར་མང་པོ་འཐུང་མེད་ནའང་། དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ན་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

གསུམ། བྱ་སྒོང་། 

ཉིས་སྟོང་ཉེར་གསུམ་ལོར། བཅུད་རྩི་ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། གཟའ་འཁོར་རེར་བྱ་སྒོང་ལྔའམ་ཡང་ན་དེ་ལས་མང་བ་ཟ་མཁན་ལ་གཅིན་པ་མངར་འགྱུར་གྱི་ནད་ན་བའི་ཉེན་ཁ་བརྒྱ་ཆའི་ཉེར་བརྒྱད་དམའ་རུ་གཏོང་ཐུབ་ལ། ཁྲག་ཤེད་མཐོ་བའི་ནད་ན་བའི་ཉེན་ཁ་བརྒྱ་ཆའི་སོ་གཉིས་དམའ་རུ་གཏོང་ཐུབ།

བཞི། སུར་པན། 

ཀྲུང་གོའི་ཁྲག་ཤེད་མཐོ་བའི་ནད་འགོག་བཅོས་ཀྱི་ཕྱོགས་སྟོན་གྱི་ཉིས་སྟོང་ཉེར་བཞི་ལོའི་བཟོ་བཅོས་པར་གཞིའི་ནང་། ཁ་ཚའི་བཟའ་བཅའ་དེ་རྒྱུན་ལྡན་གྱི་བཟའ་བཏུང་རྣམ་པ་ཞིག་ཏུ་བརྩིས་ཡོད། དེའི་རྒྱུ་མཚན་ནི་གཞི་གྲངས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱུན་དུ་ཁ་ཚའི་ཟས་རིགས་ཟ་མཁན་གྱིས་ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་བྱེད་ཐུབ་པ་རེད། 

ལྔ། སྟར་ཀ

ཉིས་སྟོང་བཅུ་དགུ་ལོར། ཁྲག་ཤེད་མཐོ་བ་ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས། སྟར་ཀ་ནི་མུ་མཐུད་དེ་ནང་ཤུན་གྱི་བྱེད་ནུས་ལེགས་བཅོས་གཏོང་ཐུབ་པའི་མཁྲེགས་འབྲས་ཡིན་པས། དུས་ཡུན་རིང་པོར་སྟར་ཀ་བཟས་ན་རྒན་རྒོན་ནད་པའི་སྨན་བཅོས་ཁྲོད་ཀྱི་ཁྲག་ཤེད་དང་ཉིན་ཞག་གཅིག་གི་འགུལ་རྣམ་གྱི་ཁྲག་ཤེད་དམའ་རུ་གཏོང་ཐུབ་ཅེས་བཏོན་ཡོད་པ་རེད།

དྲུག སྲན་མའི་རིགས། 

ཉིས་སྟོང་ཉེར་བཞི་ལོར། བཅུད་རྩི་ཞེས་པའི་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྲན་མའི་རིགས་ཀྱི་ཟས་རིགས་མང་ཙམ་ཟོས་ན་ཁྲག་ཚིལ་དང་ཁྲག་ཤེད། དེ་བཞིན་ཁྲག་མངར་སོགས་བདེ་ཐང་གི་དམིགས་ཚད་མང་པོ་ཞིག་ལེགས་བཅོས་མངོན་གསལ་གཏོང་ཐུབ་པ་མ་ཟད། སྙིང་རྩའི་ནད་སྔོན་འགོག་དང་། དེ་མིན་འབྲས་སྐྲན་དང་རྒྱུ་རྐྱེན་སྣ་ཚོགས་གྱིས་འཆི་བའི་ཉེན་ཁ་ཡང་ཆུང་དུ་གཏོང་ཐུབ་རྒྱུར་ཕན་ཐོགས་ཡོད།

བདུན། འོ་མའི་རིགས།

ཉིས་སྟོང་ཉི་ཤུ་ལོར། དབྱིན་ཇིའི་གསོ་རིག་དུས་དེབ་ཀྱི་ཡན་ལག་དུས་དེབ་ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་རེར་འོ་མའི་ཐོན་རྫས་ཟས་ན་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད། དེ་བཞིན་བརྗེ་ཚབ་རྟགས་འདུས་ཀྱི་ནད་ན་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་རེད།

བརྒྱད། འབྲུ་རིགས།

ཉིས་སྟོང་ཉི་ཤུ་ལོར། བཅུད་རྩི་ཞེས་པའི་དུས་དེབ་ཐོག་བཀོད་པའི་དབྱེ་ཞིབ་ཅིག་ལས་མངོན་པ་ལྟར་ན། རྩིང་འབྲུ་སོགས་འབྲུ་རིགས་མང་ཙམ་ཟས་ན་ཁྲག་ཤེད་མཐོ་མཁན་གྱི་ཁྲག་ཤེད་ཇེ་དམའ་རུ་གཏོང་བར་ཕན་པ་དང་། ཁྲག་ཤེད་མི་མཐོ་བའི་མི་རྣམས་ཀྱིས་ཁྲག་ཤེད་མཐོ་རུ་འགྲོ་རྒྱུར་སྔོན་འགོག་བྱེད་ཐུབ་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།