གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་9པའི་ཚེས་10ཉིན་ནས་བཟུང་། ལྕགས་ལམ་སྡེ་ཚན་གྱིས་ད་ལྟ་ལག་ལེན་བསྟར་བའི་“ལྕགས་ལམ་ཤར་བགྲོད” ཀྱི་རྒྱུན་ལྡན་འགྲུལ་པའི་ཚོགས་མིར་ཞབས་འདེགས་ཞུ་བའི་རྨང་གཞིའི་ཐོག རྒྱུན་ལྡན་འགྲུལ་པའི་ཚོགས་མིའི་ཁྲོད་ཀྱི་དགེ་རྒན་རྣམས་ལ་བསགས་སྐར་གྱི་གཟིགས་སྐྱོང་ལག་བསྟར་བྱས་པ་དང་། ལྕགས་ལམ་12306ལག་ཐོགས་ཁ་པར་གྱི་མགྲོན་སྣེར་“དགེ་རྒན་གྱི་ཐོབ་ཐང་ཆ་འཕྲིན་ཞིབ་བཤེར”ཆེད་སྤྱོད་ཁུལ་གསར་དུ་བསྣན་ནས། རྒྱུན་ལྡན་འགྲུལ་པའི་ཚོགས་མིའི་ཁྲོད་ཀྱི་དགེ་རྒན་རྣམས་ཀྱིས་ལྕགས་ལམ་12306ལག་ཐོགས་ཁ་པར་གྱི་འཛད་སྤྱོད་མགྲོན་སྣེའི་ཆེད་སྤྱོད་ཁུལ་དུ་ཐོ་འགོད་བྱས་ཆོག་པ་དང་། སློབ་གསོ་པུའི་རྒྱལ་ཡོངས་དགེ་རྒན་དོ་དམ་ཆ་འཕྲིན་མ་ལག་ཁྲོད་ཀྱི་ཆ་འཕྲིན་དང་དགེ་རྒན་གྱི་ཐོབ་ཐང་ཞིབ་བསྡུར་ར་སྤྲོད་བྱས་རྗེས། 2026ལོའི་ཟླ་9པའི་ཚེས་10ཉིན་ནས་ཟླ་12པའི་ཚེས་30ཉིན་བར་གྱི་མེ་འཁོར་བསྡད་དེ་འབབ་ཚུགས་སུ་སླེབས་རྗེས་སྤ་སེའི་དངུལ་གྲངས་ཀྱི་བསགས་སྐར་ལྡབ་10ཐོབ་རྒྱུ་དང་། དེ་ནི་སྤྱིར་བཏང་འགྲུལ་པའི་ཚོགས་མིའི་ལྡབ་གཉིས་ཡིན་པ་དང་། ཚོགས་མིའི་བསགས་སྐར་དེ་མེ་འཁོར་སྤ་སེ་བརྗེ་བའམ་ཡང་ན་སྡོད་གནས་འཕར་བའི་འགྲོ་ལུགས་གཉེར་རྒྱུར་སྤྱད་ཆོག་གི་ཡོད་པ་རེད། འབྲེལ་ཡོད་མེ་འཁོར་སྤ་སེ་ཟླ་8པའི་ཚེས་27ཉིན་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་བྲིན་ཚོང་བྱེད་ཀྱི་ཡོད་པ་རེད།


ད་ཐེངས་ཀྱི་“ལྕགས་ལམ་ཤར་བགྲོད”ཀྱི་རྒྱུན་ལྡན་འགྲུལ་པའི་ཚོགས་མིའི་ཞབས་ཞུའི་ནང་གསར་དུ་བསྣན་པའི་དགེ་རྒན་གྱི་བསགས་སྐར་གཟིགས་སྐྱོང་ནི་ལྕགས་ལམ་སྡེ་ཚན་གྱིས་སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱི་《དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་བདེ་བསྐྲུན་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་འགའ་ཞིག》ལག་བསྟར་དོན་འཁྱོལ་བྱེད་པའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་པ་དང་། ཟླ་8པའི་ཚེས་27ཉིན་ནས་བཟུང་། “ལྕགས་ལམ་ཤར་བགྲོད”ཀྱི་རྒྱུན་ལྡན་འགྲུལ་པའི་ཚོགས་མིའི་ཁྲོད་ཀྱི་དགེ་རྒན་གྱིས་ལྕགས་ལམ་12306ལག་ཐོགས་ཁ་པར་གྱི་མགྲོན་སྣེའི་“དགེ་རྒན་གྱི་ཐོབ་ཐང་ཆ་འཕྲིན་ཞིབ་བཤེར”ཆེད་དོན་ཁུལ་དུ་ཐོ་འགོད་བྱས་ནས། སློབ་གསོ་པུའི་རྒྱལ་ཡོངས་དགེ་རྒན་དོ་དམ་ཆ་འཕྲིན་མ་ལག་ཁྲོད་ཀྱི་ཆ་འཕྲིན་དང་ཞིབ་བསྡུར་བྱས་ཏེ་དགེ་རྒན་གྱི་ཐོབ་ཐང་ར་སྤྲོད་བྱས་རྗེས། ཟླ་9པའི་ཚེས་10ནས་ཟླ་12པའི་ཚེས་30ཉིན་བར་གྱི་འགྲུལ་སྐྱེལ་མེ་འཁོར་དུ་བསྡད་དེ་འབབ་ཚུགས་སུ་འབྱོར་རྗེས་སྤ་སེ་དངུལ་གྲངས་ཀྱི་ལྡབ་10ཡི་བསགས་སྐར་ཐོབ་རྒྱུ་དང་དེ་ནི་སྤྱིར་བཏང་འགྲུལ་པའི་ཚོགས་མིའི་ལྡབ་གཉིས་ཡིན། དཔེར་ན། སྤྱིར་བཏང་འགྲུལ་པའི་ཚོགས་མིས་སྒོར་1000བཏང་ནས་སྤ་སེ་ཉོས་ཏེ་འབབ་ཚུགས་སུ་འབྱོར་རྗེས་བསགས་སྐར་5000ཐོབ་རྒྱུ་དང་སྒོར་50ལྟར་བེད་སྤྱོད་བཏང་ཆོག་པ་དང་། རྒྱུན་ལྡན་འགྲུལ་པའི་ཚོགས་མིའི་ཁྲོད་ཀྱི་ཐོབ་ཐང་ཞིབ་བཤེར་བྱས་པའི་དགེ་རྒན་གྱིས་སྒོར་1000བཏང་ནས་སྤ་སེ་ཉོས་ཏེ་མེ་འཁོར་ལ་བསྡད་ནས་འབབ་ཚུགས་སུ་འབྱོར་རྗེས་བསགས་སྐར་10000ཐོབ་རྒྱུ་དང་སྒོར་100ལྟར་བེད་སྤྱོད་བཏང་ཆོག་གི་ཡོད་པ་རེད།


