ཁྱིམ་བདག་མང་བོས་བྱིས་པ་དྲ་རྒྱར་གཡེང་བའི་གནས་ཚུལ་ཤེས་རྗེས། ཐོག་མར་བྱིས་པའི་ལག་གི་སྒྲིག་ཆས་ལེན་པའམ་ཁ་པར་ཐང་ལ་རྒྱག་པ་སོགས་བྱེད། འོན་ཀྱང་དེས་ཕ་མ་དང་བུ་ཕྲུག་བར་གྱི་འགལ་ཟླ་ཇེ་ཆེར་གཏོང་སྲིད། དོན་དངོས་སུ་ཐབས་ཤེས་ཡང་དག་པ་སྤྱད་ན། བྱིས་པར་བདེ་ཐང་ངང་དྲ་རྒྱ་སྤྱོད་པའི་གོམས་གཤིས་བཟང་བོ་ཆགས་པར་རོགས་རམ་བྱེད་ཐུབ།
1.སྔ་མོ་ནས་སྒྲིག་ལམ་བཟོས་ཏེ་རང་འགུལ་གྱི་དབང་ཆ་བྱིས་པར་སྤྲོད་པ།
བྱིས་པ་ཚོ་བརྙན་ཐུང་ལ་དབྱིངས་ཞུགས་ཡགས་བྱས་རྗེས་རིངས་སྟབས་སུ་སྒྲིག་ལམ་བཟོ་མི་རུང་བར། བྱིས་པ་དང་མཉམ་དུ་ཉིན་རེར་གློག་རྡུལ་ཡོ་བྱད་སྤྱད་ཆོག་པའི་དུས་ཡུན་གྲོས་མོལ་བྱས་ཏེ། "སྔོན་ལ་ཉིན་དེའི་སློབ་སྦྱོང་གི་ལས་འགན་རྫོགས་རྗེས་ད་གཟོད་བརྙན་ཐུང་ལ་བལྟས་ཆོག"པའི་གྲོས་ཆད་བྱ་དགོས། གལ་སྲིད་སྒྲིག་ལམ་གཏན་ཁེལ་བྱས་ཚེ། ཁྱིམ་མི་ཚང་མས་མཉམ་དུ་ལག་ལེན་དུ་བསྟར་ནས། དུས་བཅད་ལ་སླེབས་ཚེ་སྒྲིག་ཆས་ཕྱིར་ལེན་པ་དང་གང་འདོད་ཀྱིས་སྒྲིག་ལམ་ལྷོད་མི་རུང་།
2.རང་འགུལ་གྱིས་རིག་པ་ཡུལ་གཞན་དུ་སྒྱུར་བ་དང་དངོས་ཡོད་ཀྱི་སྤྲོ་སྣང་གིས་རྟོག་བཟོས་ཟུག་སློང་གི་ཚབ་བྱེད་པ།
བྱིས་པར་ཕྱི་རོལ་གྱི་འགུལ་སྐྱོད་དང་ཡུལ་དངོས་ཀྱི་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱས་ནས། ཉིན་རེར་ཆུ་ཚོད་གཅིག་ཡན་གྱི་ཕྱི་རོལ་གྱི་བྱེད་སྒོ་ཁག་ཐེག་བྱེད་པ་སྟེ། བྱིས་པ་ཁྲིད་དེ་རིར་འགོ་བ་དང་སྤོ་ལོ་རྩེ་བ། གྲོགས་པོ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་ཀྱིས་བྱིས་པའི་རིག་པ་ལག་འཁྱེར་ཁ་པར་གྱི་འཆར་ཤེལ་ལས་ཕྱིར་འཐེན་ཏེ། རྔུལ་ཆུ་འདོན་པ་དང་མཉམ་འགུལ་བྱེད་པའི་གོ་རིམ་ཁྲོད་བརྙན་ཐུང་ལས་ལྷག་པའི་སྤྲོ་བ་དངོས་ཤིག་རྙེད་ཐུབ་པར་བྱ་དགོས།
3.ཕ་མས་མིག་དཔེ་བསྟན་ནས་ལག་འཁྱེར་ཁ་པར་བཞག་སྟེ་བྱིས་པར་འདུག་རོགས་བྱེད་པ།
ཁྱིམ་བདག་མང་བོ་ཞིག་ལས་ཚོགས་གྲོལ་ཏེ་ཁྱིམ་དུ་སླེབས་རྗེས་ལག་འཁྱེར་ཁ་པར་ལ་གཡེང་མོད། འོན་ཀྱང་བྱིས་པར་ལག་འཁྱེར་ཁ་པར་ལ་གཡེང་མི་ཆོག་པའི་རེ་བ་འདོན་པ་ཡིན། དེར་གོ་བསྐོན་བློ་འགུག་གི་ནུས་པ་མེད་པ་སྨོས་ཅི་དགོས། དེས་ན། ཁ་པར་རྩེ་མཚམས་བཞག་སྟེ་བྱིས་པ་དང་མཉམ་དུ་རིས་དེབ་ཀློག་པ། ལག་བཟོ་བྱེད་པ། ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཁྱིམ་མིའི་འགྲོགས་འདྲིས་ལ་བརྟེན་ནས་བརྙན་ཐུང་གིས་འཕྲོག་པའི་དུས་ཚོད་ཉུང་དུ་གཏང་དགོས།
བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱེད་པ་ནི། གློག་རྡུལ་ཐོན་རྫས་རྩ་བ་ནས་བཀག་འགོག་བྱེད་པ་ཙམ་མ་ཡིན་པར། ཁོ་ཚོར་རོགས་བྱས་ཏེ་དྲ་རྒྱ་དང་ཇི་ལྟར་མཉམ་གནས་བྱེད་སྟངས་ཤེས་སུ་འཇུག་པ་དེ་ཡིན། སྐར་ཆ་བཅུ་གྲངས་ལས་མེད་པའི་བརྙན་ཐུང་དེ་དག་ལ་བྱིས་པའི་སྤྲོ་སྐྱིད་ཀྱི་བྱིས་དུས་ཆུད་ཟོས་གཏོང་དུ་འཇུག་མི་རུང་ལ། འགུལ་སྐྱོད་དང་དཔེ་ཀློག ངོ་ཐུག་ནས་ལབ་གླེང་བྱེད་པའི་དུས་ཚོད་ཀྱང་འཕྲོག་ཏུ་མི་འཇུག་རོགས།