《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1122པའི་གཏན་འཁེལ་ལྟར་ན། “ཤུལ་བཞག་རྒྱུ་ནོར་ནི་རང་བྱུང་མི་ཚེ་ལས་འདས་སྐབས་ཤུལ་དུ་བཞག་པའི་མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ཡིན། བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའམ་ཤུལ་ནོར་གང་དེའི་ངོ་བོར་གཞིགས་ནས་ཤུལ་འཛིན་བྱས་མི་ཆོག་པ་གཏན་ལ་ཕབ་པ་ཡིན་ན་ཤུལ་འཛིན་བྱས་མི་ཆོག”ཅེས་བཀོད་ཡོད། དོན་ཚན1153པའི་ནང་གཏན་འཁེལ་བྱས་དོན། བཟའ་ཟླ་ཐུན་མོང་ལ་དབང་བའི་རྒྱུ་ནོར་ལ་ཁ་ཆད་བཞག་ཡོད་པ་ཕུད། ཤུལ་བཞག་རྒྱུ་ནོར་བགོ་བཤའ་རྒྱག་སྐབས། སྔོན་ལ་ཐུན་མོང་ལ་དབང་བའི་རྒྱུ་ནོར་གྱི་ཕྱེད་ཀ་བཟའ་ཟླར་སྤྲད་དགོས་པ་དང་། དེའི་ལྷག་མ་རྣམས་ཤུལ་འཛིན་མཁན་གྱི་ཤུལ་བཞག་རྒྱུ་ནོར་ཡིན། ཁྱིམ་ཚང་ཐུན་མོང་གི་རྒྱུ་ནོར་ཡིན་ན། ཤུལ་བཞག་རྒྱུ་ནོར་བགོ་བཤའ་རྒྱག་སྐབས་ཐོག་མར་མི་གཞན་པའི་རྒྱུ་ནོར་ལོགས་སུ་བགོ་དགོས།མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ནི་སྤྱི་དམངས་རང་ཉིད་ཀྱི་ངལ་རྩོལ་དང་ཞལ་འདེབས་དང་ལེན། ཤུལ་འཛིན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཐོབ་པའི་རྒྱུ་ནོར་ལ་གོ་དགོས། དེར་བྱེ་བྲག་ཏུ་གཤམ་གྱི་རིགས་འདི་དག་འདུས་ཏེ།
གཅིག སྤྱི་དམངས་ཀྱི་ཁྲིམས་མཐུན་ཡོང་སྒོ་སྣ་ཚོགས།
གཉིས། ཁང་པ་དང་གསོག་དངུལ། འཚོ་བའི་མཁོ་ཆས།
གསུམ། ཤིང་དང་ནགས་ཚལ། ཕྱུགས་ཟོག་དང་ཁྱིམ་བྱ།
བཞི། མི་སྒེར་གྱིས་ཉར་ཚགས་བྱས་པའི་གནའ་རྫས་དང་དཔེ་ཆའི་སྐོར།
ལྔ། བཅའ་ཁྲིམས་སུ་སྤྱི་དམངས་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ།
དྲུག རྩོམ་དབང་དང་ཆེད་ཁེའི་བདག་དབང་ཁྲོད་ཀྱི་རྒྱུ་ནོར་ཁེ་དབང་།
བདུན། ཁྲིམས་མཐུན་རྒྱུ་ནོར་གཞན་དག མཉམ་འཇོག་དགོས་པ་ཞིག་ནི་བཟའ་ཟླ་གཉིས་ལས་གཅིག་ཚེ་ལས་འདས་ན། སྔོན་ལ་བཟའ་ཟླ་ཐུན་མོང་ལ་དབང་བའི་རྒྱུ་ནོར་བགོ་བཤའ་བརྒྱབ་རྗེས། ད་གཟོད་ཚེ་འདས་ལ་དབང་བའི་རྒྱུ་ནོར་དེ་ཤུལ་བཞག་རྒྱུ་ནོར་དུ་བརྩིས་ནས་ཤུལ་འཛིན་བྱས་ཆོག