ལྕགས་ལམ་གཞུང་ཕྱོགས་ནས་གིས་ལན་བཏབས་དོན། ད་ལྟ་ནི་དབྱར་གསེང་སྐབས་ཀྱི་འགྲུལ་བཞུད་མང་ཤོས་ཀྱི་དུས་ཚིགས་ཡིན་པས། ཕ་མ་མང་པོས་བྱིས་པ་ཁྲིད་ནས་འགྲུལ་བཞུད་ཀྱི་གདམ་ག་བྱེད་ཀྱི་ཡོད། ལྕགས་ལམ་དུ་བྱིས་པར་སྤ་སེ་གཟིགས་སྐྱོང་ལྡན་པ་དང་། བྱིས་པ་ཁེར་རྐྱང་དུ་མེ་འཁོར་ནང་བསྐྱོད་ཆོག་མིན། མེ་འཁོར་ནང་བྱིས་པ་ལྟ་སྐྱོང་བྱེད་པའི་ཞབས་ཞུ་ཡོད་མེད་སོགས་ཀྱི་ཕ་མའི་དྲི་བར་ལན་འདེབས་པར་དམིགས་ཏེ་ཆེད་ལས་རང་བཞིན་གྱི་ལན་འདི་དག་བཏབས་ཡོད།
ལོ14རུ་མ་སོན་པའི་བྱིས་པ་མེ་འཁོར་དུ་སྡོད་སྐབས་ཀྱི་སྤ་སེ་ཉོ་བའི་ཐད་ལྕགས་ལམ་སྡེ་ཁག་གིས་གཏན་འབེབས་ཇི་ལྟར་བྱས་ཡོད།
ལན། ད་ལྟའི་ལྕགས་ལམ་སྡེ་ཁག་གི་གཏན་འབེབས་ལྟར་ན། དར་མ་དང་མཉམ་དུ་བསྐྱོད་པའི་བྱིས་པ་ལོ6ལོན་པ་དང་ལོ14རུ་མ་སོན་པ་རྣམས་ལ་བྱིས་པའི་གཟིགས་སྐྱོང་སྤ་སེ་ཉོས་ཆོག་པ་དང་། ལོ14ལོན་པ་རྣམས་ཀྱིས་རིན་གོང་ཆ་ཚང་གི་སྤ་སེ་ཉོ་དགོས། སྤ་སེ་ཉོས་པའི་དར་མ་རེས་ལོ6ལ་མ་སོན་པ་དང་ཁེར་རྐྱང་དུ་བཞུགས་གནས་མི་དགོས་པའི་བྱིས་པ་གཅིག་རིན་མེད་དུ་ཁྲིད་ཆོག བྱིས་པ་གཅིག་ལས་བརྒལ་ཚེ་བརྒལ་བའི་མི་གྲངས་ལྟར་བྱིས་པའི་གཟིགས་སྐྱོང་ལྡན་པའི་སྤ་སེ་ཉོ་དགོས། རིན་མེད་དུ་བསྐྱོད་པའི་བྱིས་པས་ཁེར་རྐྱང་དུ་བཞུགས་གནས་སྤྱད་ནའང་བྱིས་པའི་གཟིགས་སྐྱོང་ལྡན་པའི་སྤ་སེ་ཉོ་དགོས།
བྱིས་པའི་གཟིགས་སྐྱོང་ལྡན་པའི་སྤ་སེའི་བསྐྱོད་ཚེས་དང་། མེ་འཁོར་ཨང་གྲངས། བཞུགས་གནས་བཅས་ནི་མཉམ་དུ་འགྲོ་བའི་དར་མའི་སྤ་སེ་དང་གཅིག་མཚུངས་ཡིན་དགོས་པ་མ་ཟད། འབབ་ཚུགས་ཀྱང་དར་མའི་སྤ་སེ་ལས་རྒྱང་རིང་བ་ཡིན་མི་ཆོག
ལོ14ལ་མ་སོན་པའི་བྱིས་པས་ཁེར་རྐྱང་དུ་མེ་འཁོར་ནང་བསྐྱོད་ཆོག་གམ།
ལན། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་བཞུད་གཏན་འབེབས་ནང་གསལ་པོར་བཀོད་པ་ལྟར་ན། རྒྱུན་དུ་མེ་འཁོར་ལ་བསྡད་དེ་སློབ་གྲྭར་འགྲོ་བའི་སློབ་མ་དང་། ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་ཆེད་མངགས་མོས་མཐུན་བྱས་ཤིང་བར་བཞུད་སྐབས་ལྟ་སྐྱོང་བྱེད་ཐུབ་པའི་བྱིས་པ་མ་གཏོགས། ལོ14རུ་མ་སོན་པའི་བྱིས་པ་རྣམས་གཞི་རྩའི་ཆ་ནས་དར་མ་དང་མཉམ་དུ་འགྲུལ་བཞུད་བྱེད་དགོས།
དེའི་ནང་ནས། ལོ6ལ་མ་སོན་པའི་བྱིས་པ་རྣམས་དར་མ་དང་མཉམ་དུ་སྤ་སེ་བཤེར་ནས་ནང་དུ་འགྲོ་དགོས། ལོ14ལ་མ་སོན་པའི་བྱིས་པའི་གཟིགས་སྐྱོང་ལྡན་པའི་སྤ་སེ་ཡོད་པའི་བྱིས་པས་རང་ཉིད་ཀྱིས་སྤ་སེ་བཤེར་ནས་ནང་དུ་བསྐྱོད་ཆོག་ནའང་། དར་མ་དང་མཉམ་དུ་འཛུལ་དགོས། གལ་ཏེ་འགྲུལ་པས་བྱིས་པ་དེ་ཁེར་རྐྱང་དུ་འགྲུལ་བཞུད་བྱེད་ཀྱི་ཡིན་ཞེས་བརྗོད་ཚེ། ལྕགས་ལམ་སྡེ་ཁག་ལ་དེ་ཁེར་རྐྱང་དུ་འགྲུལ་བཞུད་བྱེད་རིགས་བཀག་འགོག་བྱེད་པའི་ཐོབ་ཐང་ཡོད།