ཁ་པར་གྱི་ཕྱི་སྐོགས་འདི་དག་ལ་གཟོབས།

ཡོང་ཁུངས། མི་དམངས་དྲ་བ།

ལག་ཐོགས་ཁ་པར་གྱི་ཕྱི་སྐོགས་གོང་ཁེ་པོ་དག་ལ་བདེ་ཐང་གི་མངོན་མེད་རྐྱེན་ངན་ཆེན་པོ་གསུམ་ཡོད། 

ལག་ཐོགས་ཁ་པར་གྱི་ཕྱི་སྐོགས་“བདེ་ཐང་གི་ལྐོག་གྱུར་གཤེད་མར་”གྱུར་བའི་རྒྱུ་མཚན་ཅི་ཡིན་ནམ། ལས་རིགས་དེའི་ཆོག་འཐུས་ཚད་གཞི་ཧ་ཅང་དམའ་པོ་ཡིན་པས། ལུགས་ཆས་ཤིག་ཉོས་ན་ཐོན་སྐྱེད་འབོར་ཆེན་བྱེད་ཐུབ་ཀྱི་ཡོད། བཟོ་ཁང་ཆུང་གྲས་མང་པོ་ཞིག་གིས་མ་གནས་ཆུང་དུ་གཏོང་ཆེད། ཕྱིར་བསྡུས་སྤོས་འགྱིག་དང་བཟོ་ལས་རིམ་པའི་ཚོས་རྫས་སྤྱད་པ་མ་ཟད། ཐ་ན་སྒྲིག་འགལ་ངང་གོང་ཁེ་བའི་སྦྱོར་རྫས་བསྣན་ཡོད། ལས་གཉེར་པ་ཞིག་གིས་“མ་བཅོས་རྒྱུ་ཆ་ཚད་ལྡན་ཏུན་རེར་སྒོར་ཁྲི་ཡན་ཟིན་པ་དང་། བེད་མེད་སྤོས་འགྱིག་བསྲེས་ན་མ་གནས་སུམ་ཆའི་གཉིས་གཅོག་ཐུབ་་”ཅེས་བཤད་པ་རེད།

■ “གད་སྙིགས་”སྤོས་འགྱིག་ཕྱིར་བསྡུས་པ། 

ཚོང་པ་ཁག་གཅིག་གིས་སྨན་བཅོས་བེད་མེད་རྒྱུ་ཆ་དང་། གློག་རྡུལ་གད་སྙིགས་ཕྱིར་བསྡུས་ཏེ་སྟབས་བདེའི་ངང་སྒྲིག་བཟོ་བྱེད་ཀྱི་ཡོད། ལག་ཐོགས་ཁ་པར་གྱི་ཕྱི་སྐོགས་དེ་རིགས་ལ་རྟག་ཏུ་འགྱིག་འགྱུར་རྫས་དང་། གདུབ་མང་བསུང་ཐིན། ལྕི་བའི་ལྕགས་རིགས་སོགས་དུག་ལྡན་དངོས་པོ་འདུས་ཡོད། 

འགྱིག་འགྱུར་རྫས་ནི་རྒྱུན་པར་མཚེས་པུན་ཀ་སྐྱུར་གཉིས་ཞག་ལ་ཟེར། དེ་ནི་སྐྱི་པགས་ལ་ཐུག་པ་དང་དབུགས་ལམ་བརྒྱུད་ནས་མིའི་ལུས་ཕུང་དུ་འཇུག་ཐུབ། ཡུན་རིང་པོར་ཐུག་ན་གཤམ་གསལ་གནོད་པ་འབྱུང་སྲིད། 

  • བྱིས་པའི་འཚར་སྐྱེ་རྒྱུན་ལྡན་མིན་པར་གྱུར་ཏེ། སྐྱེ་འཕེལ་མ་ལག་གི་འཚར་སྐྱེ་ལ་གནོད་སྐྱོན་ཐེབས་པ་དང་། བློ་རྩེ་སྒྲིམ་ཤུགས་ཉམས་ནས་འགུལ་མང་བར་གེགས་འགྱུར་བ།

  • ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བ་སྟེ། དཔེར་ན། དབུགས་འཚང་བ་དང་ཚོར་ཐལ་ནད། ལྕི་བའི་ལྕགས་རིགས་དལ་གཤིས་ཀྱི་དུག་ཕོག་པ།  

  • སྐྱེས་པ་དར་མའི་ཁམས་དཀར་གྱི་སྤུས་ཚད་ཇེ་ཞན་དུ་གྱུར་བ་དང་བུད་མེད་ཀྱི་གསང་ཟགས་འཁྲུག་པ།  

གདུབ་མང་བསུང་ཐིན་ཁྲོད་ཀྱི་གྲུབ་ཆ་ཁ་ཤས་ལ་འབྲས་སྐྲན་སློང་བའི་རང་བཞིན་དྲག་པོ་ལྡན་ཏེ། གདུབ་མང་བསུང་ཐིན་ནི་སྐྱི་པགས་ལ་ཐུག་པ་དང་དབུགས་ལམ་བརྒྱུད་དེ་མིའི་ལུས་ཕུང་དུ་འཇུག་སླ་བར་མ་ཟད་ལུས་ལ་གསོག་ངེས་ཡིན། དུས་ཡུན་རིང་པོར་ཐུག་ན་མིའི་ལུས་ཕུང་ནང་དུ་རྙིང་ཚབ་གསར་བྱེད་ཀྱི་འགྱུར་ལྡོག་བརྒྱུད་ནས། རྒྱུད་རྒྱུ་གློ་བུར་དུ་འགྱུར་ཞིང་། འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

■ ཚོས་རྫས་གོང་ཁེ་པོ་སྤྱད་པ། 

འདི་ལྟར་ཐོན་སྐྱེད་བྱས་པའི་ཁ་པར་ཕྱི་སྐོགས་ཀྱི་ལྕི་བའི་ལྕགས་རིགས་ཀྱི་འདུས་ཚད་ཚད་ལས་བརྒལ་སླ། གལ་ཏེ་ཞ་ཉེའི་འདུས་ཚད་ཚད་ལས་བརྒལ་ན་མིའི་ལུས་ཕུང་གི་ཕྲ་ཕུང་ལ་གནོད་པ་ཡོད་པ་མ་ཟད། ད་དུང་རུས་པ་ལ་གནོད་རྐྱེན་བཟོས་ནས་མཁལ་མ་ཉམས་ཟད་དུ་འགྱུར་སྲིད། 

ཉེ་ཆར་ཀྲེ་ཅང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལག་ཐོགས་ཁ་པར་གྱི་ཕྱི་སྐོགས་ཐོན་རྫས་ཀྱི་སྤུས་ཚད་ཐད་ཆེད་དོན་ཉེན་ཁའི་ལྟ་ཞིབ་ཚད་ལེན་བྱས་ཏེ། ཕྱིར་ཚོང་ཐབས་ལམ་སྣ་ཚོགས་ནས་རིན་གོང་སྒོར་བཅུ་ལྷག་ཙམ་ནས་སྒོར་བརྒྱ་ཙམ་བར་གྱི་ལག་ཐོགས་ཁ་པར་གྱི་ཕྱི་སྐོགས་20ཉོས་ནས་གནོད་ཡོད་དངོས་པོའི་འདུས་ཚད་སོགས་ཀྱི་དམིགས་ཚད་ཐད་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དཔྱད་དཔོག་བྱས་པ་རེད།

དཔྱད་དཔོག་བྱས་འབྲས་ལས་མངོན་གསལ། ལག་ཐོགས་ཁ་པར་གྱི་ཕྱི་སྐོགས་གོང་ཁེ་པོ་ཁག་གཅིག་གི་ནང་ཞ་ཉེ་འདུས་ཚད་རྒྱལ་ཁབ་ཀྱི་ཚད་གཞིའི་གོང་མཚམས་ལས་ལྡབ་30བརྒལ་ཡོད་པ་རེད།

■ བཟོ་ལས་སྤྱིན་ཆུ་སྤྱད་པ། 

ཁ་པར་གྱི་ཕྱི་སྐོགས་ཀ་ཆོན་དང་པུན་རྒྱུད་དངོས་པོ་ཚད་ལས་བརྒལ་སྲིད་པ་མ་ཟད། སྣ་ལ་གཟན་པའི་དྲི་མ་འབྱུང་སྲིད་པས། ཡུན་རིང་པོར་ཐུག་ན་དལ་གཤིས་ཀྱི་དུག་ཕོག་པའི་ཉེན་ཁ་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།