མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
2026ལོའི་ཟླ་3ཚེས་12ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་།
དཀར་ཆག
གླེང་གཞི།
ལེའུ་དང་པོ། སྤྱིའི་དོན་ཚན།
ལེའུ་གཉིས་པ། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་ཕྱོགས་སྐོར།
ལེའུ་གསུམ་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར།
ལེའུ་བཞི་པ། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཕྱོགས་སྐོར།
ལེའུ་ལྔ་པ། འགན་སྲུང་དང་ལྟ་སྐུལ་བྱེད་ཕྱོགས་སྐོར།
ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲི།
ལེའུ་བདུན་པ། ཞར་བྱུང་དོན་ཚན།
གླེང་གཞི།
ཀྲུང་གོ་ནི་འཛམ་གླིང་ཐོག་ལོ་རྒྱུས་རིང་ཤོས་ལྡན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་མཆིས་པའི་མི་རིགས་རླབས་པོ་ཆེ་ཞིག་ཡིན། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ཁྲོད། མེས་རྒྱལ་གྱི་མཐའ་ཡས་པའི་མངའ་ཁོངས་མཉམ་དུ་གསར་འབྱེད་དང་། གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་མཉམ་དུ་གསར་འཛུགས། འོད་སྟོང་འབར་བའི་ཀྲུང་གོའི་ལོ་རྒྱུས་མཉམ་དུ་གསར་རྩོམ། མཚར་སྡུག་ལྡན་པའི་ཀྲུང་ཧྭའི་རིག་གནས་མཉམ་དུ་གསར་སྐྲུན། མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་མཉམ་དུ་གསོ་སྐྱོང་བཅས་བྱས་ཏེ། ཁྲག་རྒྱུན་གཅིག་འདྲེས་དང་། དད་སེམས་གཅིག་མཚུངས། རིག་གནས་གཅིག་འབྲེལ། དཔལ་འབྱོར་གཅིག་བརྟེན། བརྩེ་སེམས་གཅིག་མཐུན་བཅས་ཀྱི་ལས་དབང་གཅིག་མཐུན་ཚོགས་པར་གོང་བུ་གཅིག་ཏུ་འགྲིལ་ཡོད།
1840ལོའི་རྗེས་སུ་བཀས་བཀོད་རྒྱུད་འཛིན་གྱི་ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་རྒྱལ་ཁབ་ཏུ་གྱུར། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཁོངས་ཕྲལ་མི་རུང་བ་དང་། རྒྱལ་ཁབ་འཁྲུག་མི་རུང་བ། མི་རིགས་འཐོར་མི་རུང་བ། ཤེས་དཔལ་ཆད་མི་རུང་བ་བཅས་ཀྱི་གཅིག་གྱུར་ཆེན་པོའི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། འཇིག་སྐྱོབ་གནས་ཐབས་དང་ཕྱི་དགྲ་མཉམ་འགོག་གི་དཔའ་ངར་ཆེ་བའི་འཐབ་རྩོད་ཁྲོད། ཀྲུང་ཧྭ་མི་རིགས་བག་ཡངས་ནས་རང་རྟོགས་སུ་གྱུར་ཏེ་འཕོ་འགྱུར་རླབས་པོ་ཆེ་བྱུང་།
ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན་པས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་དོན་གཉེར་བྱ་རྒྱུ་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཤིང་། མི་རིགས་ཁག་གི་མི་དམངས་ལ་ངེས་པ་དོན་གྱི་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་འཐོབ་པ་དང་མཉམ་དུ་རང་ཁྱིམ་རང་ཉིད་ཀྱིས་བདག་པོ་བྱེད་པར་འགན་ལེན་ཏན་ཏིག་བྱས་ཡོད། མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་བྱས་ཤིང་། གསར་སྐྲུན་རང་བཞིན་གྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཅིག་བཏོད་དེ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་ན། ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཏུ་བརྩིས་ཏེ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ཀྲུང་གོའི་གུང་ཁྲན་ཏང་གི་དགོངས་པ་གལ་ཆེན་ཆགས་ཤིང་། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་བཏོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།
ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་གོང་བུ་གཅིག་ཏུ་འགྲིལ་བའི་སྣ་མང་གཞི་གཅིག་གི་ཁྱིམ་ཚང་ཆེན་པོ་ཡིན། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་དོན་དུ་གཉེར་བྱ་ཡིན་པ་དང་། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་རྒྱུ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།
རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་ཡོད་ཚད། སྲིད་ཏང་ཁག་དང་སྤྱི་ཚོགས་ཚོགས་པ་ཁག ཁེ་ལས་དང་བྱ་ལས་རྩ་འཛུགས་ཁག་བཅས་ཚང་མས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་གཞིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐུན་མོང་གི་ལས་འགན་དུ་བརྩི་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་ལ་དམིགས་ཤིང་། ཐུན་མོང་རང་བཞིན་ཇེ་ཆེར་གཏོང་རྒྱུ་ཁ་ཕྱོགས་སུ་བཟུང་སྟེ། འདྲ་མཉམ་མཐུན་སྒྲིལ་རོགས་རེས་ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་། སྲ་བརྟན། འཕེལ་རྒྱས་བཅས་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ལེའུ་དང་པོ། སྤྱིའི་དོན་ཚན།
དོན་ཚན་དང་པོ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཀྲུང་གོའི་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་བཅས་བྱས་ཐོག མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པའི་ཐོག་བསྐྱོད་དེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
དོན་ཚན་གསུམ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་མི་རིགས་ཁག་གི་མི་དམངས་ལ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་བཞི་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཕྱོགས་ཡོངས་ནས་མི་རིགས་ཁག་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་ཏན་ཏིག་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ། མི་རིགས་ཁག་ཕྱོགས་མཐའ་ཡོངས་ནས་མཉམ་སྡེབ་དང་རྒྱ་ཁྱབ་ཏུ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ནི་ངོས་འཛིན་གཅིག་མཐུན་བྱེད་ཚད་སྔར་ལས་མཐོ་བ་དང་གོང་བུར་འགྲིལ་ཤུགས་སྔར་ལས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པར་འགྱུར་བར་སྐུལ་འདེད་གཏོང་དགོས།
དོན་ཚན་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་བཅའ་ཁྲིམས་ཀྱི་མདུན་དུ་མཐའ་གཅིག་ཏུ་འདྲ་མཉམ་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་མཐའ་གཅིག་ཏུ་འདྲ་མཉམ་ཡིན། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་བྱ་རྒྱུ།
དོན་ཚན་དྲུག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། རྒྱལ་ཁབ་ཀྱིས་ཐུན་མོང་རང་བཞིན་ཆེ་རུ་སྐྱེད་པ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་ཁོང་ཡངས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གིས་ལྟ་སྐྱོང་རོགས་རེས་དང་ཞི་མཐུན་མཉམ་གནས་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་སྲུང་སྐྱོང་བྱ་རྒྱུ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བ་དང་མི་རིགས་ཁ་ཕྲལ་གྱི་བྱ་སྤྱོད་གཏན་འགོག་བྱ་རྒྱུ།
དོན་ཚན་བདུན་པ། རྒྱལ་ཁབ་ཀྱིས་མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ།
དོན་ཚན་དགུ་པ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་སློབ་གསོར་ཤུགས་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཆེ་རུ་སྐྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་སྲུང་སྐྱོང་བྱས་ཏེ། ཁྲིམས་སྐྱོང་གི་ལམ་གའི་ཐོག་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་བཅུ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་མི་ཐེབས། མི་རིགས་དང་། ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཁ་གཡར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དམའ་འབེབས་ངན་དཀྲི་དང་། བཀག་སྡོམ་བཙན་གནོན། སིམ་འཛུལ་གཏོར་བརླག་སོགས་བྱ་སྤྱོད་ལག་བསྟར་བྱེད་པ་ཡོད་ཚད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ།
ལེའུ་གཉིས་པ། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་ཕྱོགས་སྐོར།
དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ནས། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་བརྟན་དུ་གཏོང་རྒྱུ།
དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྒྲིག་འཛུགས་སྒོས་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་བརྟན་པོ་འཛུགས་པར་བྱ་རྒྱུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱལ་དར་དང་། རྒྱལ་གླུ། རྒྱལ་རྟགས་སོགས་རྒྱལ་ཁབ་ཀྱི་རྟགས་མཚན་དང་མཚོན་རྟགས་ཀྱི་ལ་རྒྱ་སྲུང་སྐྱོང་བཅས་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བ་དང་། གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྲུང་ཧྭའི་རིག་གནས་ལ་མོས་སེམས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུ།
མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལ་བརྟེན་ནས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།
མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་བྱུང་བ་མཚོན་པའི་རིག་དངོས་གནའ་ཤུལ་དང་། སྲོལ་རྒྱུན་བཟོ་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྲོང་ཚོ་གྲགས་ཅན། ལོ་རྒྱུས་ཁྲོམ་ཁུལ། སྲོལ་རྒྱུན་གྲོང་ཚོ་བཅས་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་སོགས་རིག་གནས་ཐོན་ཁུངས་སྣ་ཚོགས་སྔོག་འདོན་དང་། སྲུང་སྐྱོབ། ལུགས་མཐུན་བེད་སྤྱོད་བཅས་བྱེད་པར་ཤུགས་རྒྱག་དགོས།
དོན་ཚན་བཅུ་བཞི་པ། རྒྱལ་ཁབ་ཀྱིས་མི་རིགས་ཁག་ཐུན་མོང་ལ་དབང་བ་དང་ཐུན་མོང་གིས་སྤྱོད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་བཞེངས་སྐྲུན་དང་འབུར་དུ་ཐོན་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དང་རང་བྱུང་ཤུལ་བཞག་སོགས་ཐོན་ཁུངས་ལ་བརྟེན་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུ།
མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྤྱི་པའི་སྒྲིག་བཀོད་དང་། འཆར་འགོད་དང་བཟོ་སྐྲུན་ཇུས་འགོད། ལྗོངས་ཁུལ་འགྲེམས་སྟོན། ས་མིང་འདོགས་པ། སྤྱི་དམངས་ཀྱི་བྱེད་སྒོ་སོགས་ཀྱི་ཐད་ནས། ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་མཚོན་པ་དང་འགྲེམས་སྟོན་བྱ་རྒྱུར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་སྲུང་སྐྱོང་དང་། ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ལ་བརྩི་འཇོག་བྱེད་དགོས་པ་ལས་བརྙས་བཅོས་དང་། དམའ་འབེབས། ཁྱད་གསོད་བཅས་བྱས་མི་ཆོག
དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་རྒྱུ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་འགོག་རྐྱེན་བཟོས་མི་ཆོག
སློབ་གྲྭ་དང་དེ་བཞིན་སློབ་གསོའི་སྒྲིག་གཞི་གཞན་དག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་སློབ་གསོ་དང་སློབ་ཁྲིད་དུ་སྤྱོད་པའི་གཞི་རྩའི་སྐད་དང་ཡི་གེར་འཛིན་རྒྱུ། རྒྱལ་ཁབ་ཀྱིས་སློབ་ལོ་མ་སོན་པའི་བྱིས་པས་སྤྱི་སྐད་ཤེས་པ་དང་། འོས་འགན་སློབ་གསོ་ལེགས་འགྲུབ་བྱུང་བའི་གཞོན་ནུ་དང་ལོ་ཆུང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་རྒྱུ།
རྒྱལ་ཁབ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་གཞུང་དོན་དུ་སྤྱོད་པའི་སྐད་དང་ཡི་གེར་འཛིན་རྒྱུ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱད་ནས་ཡིག་ཆ་ཡོངས་བསྒྲགས་བྱེད་དགོས་རིགས་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་པར་གཞི་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་པར་གཞི་དུས་མཉམ་དུ་འདོན་སྤྲོད་བྱེད་དགོས།
རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་སྤྱི་པའི་ཚོགས་རར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མཉམ་དུ་བཀོལ་སྤྱོད་བྱེད་དགོས་རིགས། གནས་ས་དང་གོ་རིམ་སོགས་ཀྱི་ཐད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འབུར་དུ་ཐོན་པར་བྱེད་དགོས།
རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་བརྩི་འཇོག་དང་འགན་སྲུང་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་། དག་སྒྲིག ཞིབ་འཇུག བེད་སྤྱོད་བཅས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།
དོན་ཚན་བཅུ་དྲུག་པ། སློབ་གྲྭ་རིགས་དང་རིམ་པ་ཁག་དང་དེ་བཞིན་སློབ་གསོའི་སྒྲིག་གཞི་གཞན་དག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སློབ་ཁང་གི་སློབ་ཚན་དང་། སྤྱི་ཚོགས་ཀྱི་ལག་ལེན། བརྗོད་དོན་གཙོ་བོའི་སློབ་གསོ། དྲ་ལམ་སློབ་གསོ་བཅས་ཟུང་དུ་འབྲེལ་བའི་སློབ་གསོའི་མ་ལག་ཏུ་འདྲེས་པར་བྱེད་དགོས།
སློབ་གྲྭ་རིགས་དང་རིམ་པ་ཁག་དང་དེ་བཞིན་སློབ་གསོའི་སྒྲིག་གཞི་གཞན་དག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ཁབ་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་བེད་སྤྱོད་བྱེད་དགོས། སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སློབ་དེབ་རྩོམ་སྒྲིག་དང་ཞིབ་བཤེར་གཏན་འབེབས་བྱེད་རིམ་ནང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་དོན་འཁྱོལ་བྱེད་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་སློབ་གསོ་སྲིད་འཛིན་དང་མི་རིགས་ལས་དོན་སོགས་སྡེ་ཁག་གིས་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མུ་འབྲེལ་སློབ་དེབ་བམ་ཡང་ན་ཀློག་དེབ་རྩོམ་སྒྲིག་བྱ་རྒྱུ།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་ཀྲུང་གོའི་རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་། གཏམ་བཤད་བརྗོད་མ་ལག རིགས་པའི་གཞུང་ལུགས་མ་ལག་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་སྒྲིག་གཞི་སོགས་སྡེ་ཚན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་སྣ་མང་གཞི་གཅིག་གི་བཀོད་པའི་ལོ་རྒྱུས་དང་ནང་དོན་འགྲེལ་བཤད་བྱ་རྒྱུ། ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་གནས་ལུགས་དང་། རིགས་ལམ། གཏན་ཚིགས་བཅས་གསལ་སྟོན་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་མཁན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། རིག་ཚན་ཆེད་ལས་བཀོད་སྒྲིག་དང་བཀོད་པ་ལེགས་སུ་གཏོང་བ། རིག་ཚན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་རྒྱག་པ་བཅས་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་གཞུང་སྤེལ་རེས་ལས་སྟེགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་ཕྱིའི་རིག་གཞུང་ལས་རིགས་དང་། དམངས་ཁྲོད་ཚོགས་པ། རིག་མཛོད་བཅས་ཀྱིས་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་དང་། ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་སློབ་གསོའི་མ་ལག་བཅས་སུ་འཇུག་རྒྱུ།
མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་དང་། གསར་བརྗེའི་ཐོན་ཁུངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གྲུབ་འབྲས་མཚོན་པའི་ཐོན་ཁུངས་སྣ་ཚོགས་བཅས་བེད་སྤྱོད་གང་ལེགས་བྱས་ཤིང་། ཡུལ་བབ་དང་བསྟུན་ནས་བྱེད་སྟངས་སྣ་མང་སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས།
དོན་ཚན་བཅུ་དགུ་པ། ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན་སོགས་གསར་འགྱུར་སྨྱན་སྦྱོར་དང་། དཔེ་སྐྲུན་སྡེ་ཚན་དང་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས་འབྲེལ་ཡོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དྲིལ་བསྒྲགས་འཕྲིན་སྤེལ་དང་གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་ལས་དོན་སྤེལ་དགོས།
རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སུ་སྤྱི་ཚོགས་རིག་གནས་སྣ་ཚོགས་སྤེལ་རེས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་འགྲེལ་བཤད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་ལག་ལེན་དང་གྲུབ་འབྲས་དྲིལ་བསྒྲགས་བྱས་ཏེ། འཛམ་གླིང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་དང་ངོས་འཛིན་སྔར་ལས་ལེགས་པོ་བྱེད་པར་སྐུལ་སྤེལ་གཏོང་བ་དང་། མིའི་རིགས་ཀྱི་ཤེས་རིག་སྤེལ་རེས་སྦྱོང་རེས་བྱེད་པར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་ཉི་ཤུ་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་དེ་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ཀྱི་འཛུགས་སྐྲུན་ནང་འདྲེས་པར་སྐུལ་འདེད་གཏོང་དགོས།
ལོ་ན་མ་སོན་པའི་སྐྱེ་བོའི་ཕ་མའམ་ལྟ་སྐྱོང་པ་གཞན་དག་གིས་ཁྲིམས་ལྟར་ཁྱིམ་ཚང་སློབ་གསོའི་འགན་འཁྲི་སྒྲུབ་པ་དང་། ལོ་ན་མ་སོན་པའི་སྐྱེ་བོ་ཀྲུང་གོའི་གུང་ཁྲན་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་སྐྱེད་དགོས་པ་ལས། ལོ་ན་མ་སོན་པའི་སྐྱེ་བོའི་སེམས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་གནོད་པའི་འདུ་ཤེས་འཇོག་མི་ཆོག
དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་། ཀྲུང་ཧྭའི་རིག་གནས། རྒྱལ་ཁབ་གནས་ཚུལ་བཅས་ཀྱི་སློབ་གསོ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་རང་རྟོགས་ངང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་པར་སྐུལ་སྤེལ་གཏོང་བ་དང་། ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་སྟེ། སྤུན་ཟླ་ཐའེ་ཝན་པས་ཀྲུང་ཧྭ་མི་རིགས་ལ་གཏོགས་སེམས་དང་། མོས་སེམས། གཟི་བརྗིད་ཀྱི་བསམ་པ་བཅས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ངོགས་གཉིས་ཀྱི་སྤུན་ཟླས་ཀྲུང་ཧྭའི་རིག་གནས་མཉམ་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་ཀྲུང་གོ་བ་ཡིན་པ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
རྒྱལ་ཁབ་ཀྱིས་ཕྱིར་སྡོད་སྤུན་ཟླ་དང་འབྲེལ་གཏུག་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་སྡོད་སྤུན་ཟླས་ཀྲུང་ཧྭའི་རིག་གནས་དར་སྤེལ་དང་ཀྲུང་ཕྱིའི་རིག་གནས་སྤེལ་རེས་མཉམ་ལས་ལ་སྐུལ་སྤེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།
ལེའུ་གསུམ་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར།
དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་དང་སྤྱི་པའི་ཐོན་ཁུངས་བགོ་སྒྲིག་གཅིག་གྱུར་འཆར་འགོད་བྱས་ཏེ། ཕན་ཚུན་བསྒར་འཇུག་རྣམ་པའི་སྡེ་ཁུལ་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་འཐུས་ཚང་དུ་གཏོང་དགོས།
དོན་ཚན་ཉེར་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་། ཞབས་ཞུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་སྟེ། ཡུལ་བབ་དང་བསྟུན་ནས་མཛའ་མཐུན་ཅན་དང་། ཁོང་ཡངས་རང་བཞིན། མཉམ་འདྲེས་རྣམ་པ་བཅས་ཀྱི་གྲོང་ཁྱེར་གྱི་མི་རིགས་ལས་དོན་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས།
ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ས་གནས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། མི་འབོར་དོ་དམ། སྡོད་ཁང་སྲིད་ཇུས། ལས་ཞུགས་ལས་གཏོད། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་བྱེད་ཐབས་ཞིབ་ཕྲ་སྤྱད་ནས་མི་རིགས་ཁག་མཐུན་སྒྲིལ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་གཏོང་དགོས།
ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་སྡེ་ཁུལ་འཛུགས་སྐྲུན་དང་། སྡེ་ཁུལ་བཅོས་སྐྱོང་། སྡེ་ཁུལ་བྱེད་སྒོ་བཅས་སུ་ཞུགས་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་དང་རྩ་འཛུགས་ཀྱིས་སྤྱི་ཚོགས་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཞི་མཐུན་མཉམ་སྡོད་བྱེད་པར་སྐུལ་སྤེལ་གཏོང་དགོས།
དོན་ཚན་ཉེར་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མི་རིགས་ས་ཁུལ་བར་དང་། མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་བར་གྱི་མི་འབོར་འཁོར་རྒྱུག་ཞབས་ཞུའི་ལས་སྟེགས་མཉམ་སྐྲུན་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པར་ཤུགས་རྒྱག་པ་དང་། མཉམ་སྒྲུབ་ནུས་པ་ཇེ་ཆེར་བཏང་སྟེ། ས་ཁོངས་ལས་བརྒལ་བའི་སྲིད་དོན་ཞབས་ཞུ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་མི་རིགས་ས་ཁུལ་བར་དང་། མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་བར་ས་ཁོངས་ལས་བརྒལ་བའི་ལས་ཞུགས་དང་ལས་གཏོད་བྱེད་པའི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག ལས་རིགས་རྩལ་ནུས་སོགས་ཐད་ཀྱི་གསོ་སྦྱོང་སྤེལ་བ་དང་ལས་རིགས་མཛུབ་སྟོན་དང་ལས་རིགས་ངོ་སྤྲོད་སོགས་ཀྱི་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཉེར་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་གི་མཐོ་རིམ་སློབ་གྲྭས་ཕྱོགས་གཉིས་ནས་ས་ཁོངས་ལས་བརྒལ་བའི་སློབ་མ་བསྡུ་བར་རྒྱབ་སྐྱོར་བྱེད་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་གི་དགེ་རྒན་གྱིས་སྤེལ་རེས་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།
རིགས་དང་རིམ་པ་ཁག་གི་སློབ་གྲྭ་དང་དེ་བཞིན་སློབ་གསོའི་སྒྲིག་གཞི་གཞན་དག་གིས་སློབ་གྲྭ་དང་སློབ་མའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། མི་རིགས་ཁག་གི་སློབ་མས་མཉམ་དུ་སློབ་སྦྱོང་བྱེད་པ་དང་། མཉམ་དུ་འཚོ་བ་རོལ་བ། མཉམ་དུ་འཚར་ལོངས་དང་ཡར་ཐོན་ཡོང་བ་བཅས་ལ་སྐུལ་སྤེལ་གཏོང་དགོས།
དོན་ཚན་ཉེར་བདུན་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སློབ་གྲྭ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་རིག་གནས་ཐོན་ཁུངས་བེད་སྤྱོད་བྱས་ཏེ། གཞོན་ནུ་ལོ་ཆུང་ས་ཁོངས་ལས་བརྒལ་ནས་སྤྱི་ཚོགས་ལག་ལེན་དང་། ཞིབ་འཇུག་སློབ་སྦྱོང་དང་ཡུལ་སྐོར་སློབ་སྦྱོང་། ལྟ་སྐོར་རྟོག་ཞིབ་སོགས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་ནས་མི་རིགས་ཀྱི་སྤོབས་སེམས་དང་གདེང་ཚོད་ཆེ་རུ་སྐྱེད་དགོས།
དོན་ཚན་ཉེར་བརྒྱད་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱིས་དང་བླངས་ཞབས་ཞུའི་བྱེད་སྒོ་རིགས་སྣ་ཚོགས་སྤེལ་རིང་མི་རིགས་ཁག་གི་མང་ཚོགས་བར་སྤེལ་རེས་མཉམ་ལས་དང་མཛའ་བརྩེ་རོགས་རེས་ལ་སྐུལ་སྤེལ་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཉེར་དགུ་པ། རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་རིག་གནས་སྦྱོང་རེས་དང་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕན་ཚུན་རོལ་མྱོང་དང་སྐད་ཡིག་ཕན་ཚུན་སློབ་སྦྱོང་བྱེད་པར་བསྔགས་སྐུལ་བྱ་རྒྱུ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་རིག་གནས་ལས་དོན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཞིང་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པ་མཚོན་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་དང་འགྲེམས་སྟོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། རིག་གནས་ཁང་(ས་ཚིགས)། དྲན་གསོ་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། བཟོ་པའི་རིག་གནས་ཕོ་བྲང་། གཞོན་ནུ་ལོ་ཆུང་ཕོ་བྲང་སོགས་སྤྱི་པའི་རིག་གནས་ཞབས་ཞུའི་སྡེ་ཚན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བ་སོགས་ཀྱི་ནང་དོན་མཚོན་པའི་འགྲེམས་སྟོན་དང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།
མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་དང་ལུས་རྩལ་སོགས་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ལྟ་འདོད་ཉན་སྤྲོ་དང་མཉམ་དུ་ཞུགས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་། དམངས་སྲོལ་རིག་གནས། ལུས་རྩལ་འགྲན་སྡུར་སོགས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་སུམ་ཅུ་པ། རྒྱལ་ཁབ་ཀྱིས་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ་གཏོང་བའི་ཐད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་ཕན་པའི་ཡུལ་སྐོར་ལམ་ཐིག་དང་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱ་རྒྱུ།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་རིག་གནས་དང་། ཡུལ་སྐོར། རིག་དངོས་སོགས་སྡེ་ཁག་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་དང་ལོ་རྒྱུས་དཔྱད་གཞིར་བརྟེན་ནས། བཤམས་སྟོན་འགྲེམས་སྟོན་དང་འགྲེལ་བཤད་སོགས་ཀྱི་ནང་དོན་ཚད་ལྡན་དུ་གཏོང་དགོས།
དོན་ཚན་སོ་གཅིག་པ། རྒྱལ་ཁབ་ཀྱིས་མཉམ་སྦྲེལ་དྲ་རྒྱ་དང་། གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས་སོགས་དེང་རབས་ཀྱི་ལག་རྩལ་བྱེད་ཐབས་བེད་སྤྱད་དེ་སྤེལ་རེས་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་དང་། དྲ་རྒྱའི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པའི་བརྩམས་ཆོས་དང་ཆ་འཕྲིན་སྒྲིག་བཟོ་དང་སྒྲོག་སྤེལ་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་ཕན་པའི་ཞི་མཐུན་དྲ་རྒྱའི་ཁོར་ཡུག་བསྐྲུན་རྒྱུ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་ཡི་གེ་དང་། པར་རིས། སྒྲ་དང་བརྙན་ལམ་སོགས་ཀྱི་རྣམ་པས་མི་རིགས་འཁོན་འགྲས་དང་མི་རིགས་མཐོང་ཆུང་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བའི་ནང་དོན་དང་ལྡན་པའི་ཆ་འཕྲིན་སྒྲིག་བཟོ་དང་སྒྲོག་སྤེལ་བྱས་མི་ཆོག
དྲ་རྒྱ་གཉེར་སྐྱོང་བྱེད་མཁན་གྱིས་དེའི་སྤྱོད་མཁན་གྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གོང་གསལ་ནང་གསེས་དོན་ཚན་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བའི་ནང་དོན་ལྡན་པའི་ཆ་འཕྲིན་ཡོད་པ་ཤེས་རྟོགས་བྱུང་ན། ཁྲིམས་ལྟར་འཕྲལ་མར་ཆ་འཕྲིན་དེ་བརྒྱུད་འདྲེན་བྱེད་མཚམས་འཇོག་པ་དང་མེད་པར་བཟོ་བ་སོགས་ཐག་གཅོད་བྱེད་ཐབས་སྤྱད་དེ། ཆ་འཕྲིན་རྒྱ་ཁྱབ་ཏུ་མཆེད་པ་བཀག་འགོག་བྱེད་པ་དང་། འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས།
ལེའུ་བཞི་པ། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཕྱོགས་སྐོར།
དོན་ཚན་སོ་གཉིས་པ། རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ཏེ། མི་རིགས་ས་ཁུལ་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ནང་མཉམ་འདྲེས། རང་ངོས་གོང་སྤེལ་གྱི་ནུས་པ་ཆེར་གཏོང་བཅས་ལ་རྒྱབ་སྐྱོར་དང་། མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ། མི་རིགས་ཁག་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ།
དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཁྱབ་ཁོངས་ཀྱི་འཆར་འགོད་འཆར་གཞི་དང་། སྲིད་ཇུས་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱེད་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་སྐུལ་འདེད་ལ་ཕན་པ་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ངོ་རྒོལ་ལ་ཕན་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་ཕན་པ་བཅས་ཡིན་དགོས།
དོན་ཚན་སོ་བཞི་པ། རྒྱལ་ཁབ་ཀྱིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ་དང་། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལམ་སྲོལ་དང་ཁྱད་པར་ཡོད་པའི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་དང་། ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་སོགས་ཀྱི་རོགས་སྐྱོར་མཉམ་ལས་ལམ་སྲོལ་ཆ་ཚང་དུ་གཏོང་རྒྱུ།
མི་རིགས་ས་ཁུལ་གྱིས་ས་ཁོངས་གཙོ་ནུས་ཐོན་ཁུལ་གྱི་གནས་ངེས་ལ་ཟུང་འབྲེལ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་དང་། ཐོན་ཁུངས་ནུས་ཁུངས་བདེ་འཇགས། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་སོགས་སྲུང་སྐྱོང་བྱེད་པའི་ཐད་འོས་འགན་འགན་འཁྲི་འཁུར་བ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།
མི་རིགས་ས་ཁུལ་གྱིས་རང་ངོས་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་རྒྱལ་ནང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཞབས་འདེགས་ཞུ་བ་དང་། སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།
དོན་ཚན་སོ་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། ཆ་འཕྲིན། ཟོག་འདྲེན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་བརྒྱབ་སྟེ། མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་བར་ཕན་ཚུན་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས།
དོན་ཚན་སོ་དྲུག་པ། རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་བར་གྱི་ཐོན་ལས་མཉམ་ལས་དང་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་སྐྲུན་ལ་རིམ་ལྡན་ངང་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་གྱིས་ས་ཁོངས་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་བཀོད་པ་ལེགས་སྒྱུར་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གང་ལེགས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་བསྐོས་ཐང་ལ་གཞི་ཚུགས་པ་མ་ཟད་དེང་རབས་ཀྱི་ཚན་རིག་ལག་རྩལ་བེད་སྤྱད་དེ། ཞིང་ནགས་ཕྱུགས་ཉ་ལས་རིགས་དང་། ཞིང་ཞོར་ཟས་རིགས་ལས་སྣོན་ལས་རིགས། འཁེལ་འཐག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས་བཅས་དང་། དེ་བཞིན་སྲོལ་རྒྱུན་བཟོ་རྩལ་དང་། སྲོལ་རྒྱུན་གསོ་རིག་སྨན་རྫས་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་འཕེལ་རྒྱས་རྒྱ་སྐྱེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་སོ་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བགོ་སྒྲིག་ལུགས་མཐུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་བཏང་སྟེ། མི་རིགས་ས་ཁུལ་གྱི་རིགས་དང་རིམ་པ་ཁག་གི་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་མཐོ་རུ་གཏོང་དགོས།
དོན་ཚན་སོ་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཞིང་ལས་དང་། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་སོགས་བར་སྟོང་གི་བཀོད་པ་སྣ་ཚོགས་གཅིག་འདོམས་ཀྱིས་ལེགས་སྒྱུར་བྱས་ཏེ། མི་རིགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་རྒྱུན་མཐུད་ཐུབ་པའི་བེད་སྤྱོད་བྱེད་པར་ཤུགས་རྒྱག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཡུན་གཏན་འཕེལ་རྒྱས་འགྲོ་བའི་སྐྱེ་ཁམས་བར་སྟོང་མཉམ་དུ་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་དགོས།
དོན་ཚན་སོ་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མཐའ་དར་དམངས་ཕྱུག་དང་མཐའ་འཇགས་མཐའ་བརྟན་ཡོང་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པར་བསྔགས་སྐུལ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད། མཐའ་མཚམས་གྲོང་སྡེའི་གཞིས་སྡོད་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཅས་བྱེད་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མཐའ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་ཆ་ཚང་དུ་གཏོང་བ། གསར་སྤེལ་སྒོ་འབྱེད་ཀྱི་ལས་སྟེགས་དང་ཐོན་ལས་ལས་སྟེགས་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཐོན་ལས་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། མཐའ་མཚམས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ། མཐའ་མཚམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། རྒྱལ་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ལ་བསྔགས་སྐུལ་བཅས་བྱེད་དགོས།
དོན་ཚན་བཞི་བཅུ་པ། རྒྱལ་ཁབ་ཀྱིས་དུས་རབས་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད། མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་ཚན་རིག་ལག་རྩལ་ཁྱབ་གདལ། གོམས་སྲོལ་བརྗེ་སྒྱུར་ལ་སྐུལ་འདེད། ཡ་རབས་ཡར་ཐོན་གྱི་དར་སྲོལ་གསར་པ་དར་སྤེལ་བཅས་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་འཚོ་བའི་འགྲོ་འོང་དང་། གཉེན་སྒྲིག་བསུ་སྐྱེལ་དང་གཤིན་པོ་འདས་སྐྱེལ་སོགས་ཀྱི་བྱེད་སྒོའི་ཁྲོད་རང་རྟོགས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་དང་། སྤྱི་སྒྲིག་སྲོལ་བཟང་བརྩི་སྲུང་བྱེད་པར་ཁྲིད་སྟོན་བཅས་བྱ་རྒྱུ།
རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་གཉེན་སྒྲིག་རང་དབང་སྲུང་སྐྱོབ་བྱ་རྒྱུ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་མི་རིགས་ཀྱི་ཐོབ་ཐང་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་ཁ་གཡར་ནས་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་མི་ཆོག
ལེའུ་ལྔ་པ། འགན་སྲུང་དང་ལྟ་སྐུལ་བྱེད་ཕྱོགས་སྐོར།
དོན་ཚན་ཞེ་གཅིག་པ། ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཁག་གིས་རང་འགན་བརྩོན་སྒྲུབ། སྡེ་ཁག་ཁག་གིས་ཤུགས་སྒྲིལ་མཉམ་ལས། སྤྱི་ཚོགས་ཡོངས་མཉམ་དུ་ཐེ་ཞུགས་བཅས་བྱེད་པའི་མི་རིགས་ལས་དོན་གྱི་བཀོད་པ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། མི་རིགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ཆ་ཚང་དུ་གཏོང་རྒྱུ།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་མི་རིགས་ལས་དོན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་ལས་དོན་གཅིག་འདོམས་མཐུན་སྦྱོར་དང་དོན་འཁྱོལ་སྐུལ་སྒྲུབ་བྱེད་པའི་འགན་འཁུར་དགོས། ས་གནས་ཀྱི་རིམ་པ་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྡེ་ཁག་དང་མི་རིགས་ལས་དོན་སྡེ་ཁག་གིས་ས་ཁུལ་དེ་གའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་ལས་དོན་མཐུན་སྦྱོར་སྐུལ་འདེད་དང་། ལག་བསྟར་སྒྲིག་འཛུགས། དོན་འཁྱོལ་སྐུལ་སྒྲུབ་བཅས་བྱེད་པའི་འགན་འཁུར་དགོས།
དོན་ཚན་ཞེ་གཉིས་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་། ས་གནས་ཀྱི་ལས་ཁུངས་ཁག་དང་སྡེ་ཁག་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་ལས་དོན་སྤེལ་དགོས། ལས་ཁུངས་ཁག་གིས་སྡེ་ཚན་དེ་གའི་ནང་བྱུང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་བྱེད་དགོས།
གཞུང་དོན་མི་སྣས་འགན་འཁྲི་སྒྲུབ་པ་དང་རྒྱུན་ལྡན་འཚོ་བའི་ཁྲོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
དོན་ཚན་ཞེ་གསུམ་པ། རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཀོད་འགན་དབང་ལྟར། ལས་དོན་སྣ་ཚོགས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་སྐུལ་འདེད་ཀྱི་བླང་བྱ་དོན་འཁྱོལ་བྱ་རྒྱུ།
དོན་ཚན་ཞེ་བཞི་པ། བཟོ་ཚོགས་དང་། གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྩོམ་པ་པོའི་མཐུན་ཚོགས། ཚན་རིག་ལག་རྩལ་མཐུན་ཚོགས། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། སྤུན་ཟླ་ཐའེ་ཝན་པའི་མཛའ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། མང་ཚོགས་ཚོགས་པའི་རྩ་འཛུགས་གཞན་དག་བཅས་ཀྱིས་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ། འབྲེལ་གཏུག་བྱེད་སའི་ཁྱབ་ཁོངས་ལ་ཕྱོགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ལས་ཀ་སྤེལ་བ་དང་། འབྲེལ་གཏུག་བྱེད་སའི་ཚོགས་སྤྱིར་མཐུན་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།
དོན་ཚན་ཞེ་ལྔ་པ། ཁེ་ལས་དང་བྱ་ལས་རྩ་འཛུགས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་བརྩི་སྲུང་དང་། སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་དེ་ལས་སྒོའི་གསོ་སྦྱོང་དང་རིག་གནས་འཛུགས་སྐྲུན་སོགས་ཀྱི་བྱེད་སྒོའི་ནང་བཅུག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་དགོས།
ལས་རིགས་མཐུན་ཚོགས་དང་། ཚོང་ཚོགས། སློབ་ཚོགས། ཐེབས་རྩ་ཚོགས་པ་སོགས་སྤྱི་ཚོགས་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་དེ་ལས་རིགས་ཀྱི་རང་གཅུན་ཚད་གཞི་དང་། ལས་རིགས་ཀུན་སྤྱོད་ཀྱི་ཚད་གཞིའམ་ཡང་ན་རྩ་འཛུགས་ཀྱི་སྒྲིག་ཡིག་བཅས་ཀྱི་ནང་མཚོན་པར་བྱས་ཏེ། ལས་སྒོའི་ལས་དོན་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་དགོས།
དོན་ཚན་ཞེ་དྲུག་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ས་བཅས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། ཆོས་ལུགས་ཆོས་དོན་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བར་ཁྲིད་སྟོན་བཅས་བྱས་ནས་མི་རིགས་འཆམ་མཐུན་དང་། ཆོས་ལུགས་མཐུན་འགྲིག སྤྱི་ཚོགས་ཞི་མཐུན་བཅས་ཡོང་བར་སྐུལ་སྤེལ་གཏོང་དགོས།
དོན་ཚན་ཞེ་བདུན་པ། སྡོད་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ལས་དོན་སྤེལ་བར་གཞི་རིམ་མི་དམངས་སྲིད་གཞུང་གིས་མཛུབ་སྟོན་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་དགོས།
སྡོད་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་སྡོད་དམངས་སྤྱི་ཆིངས་དང་གྲོང་སྲོལ་དམངས་ཆིངས་ནང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་མཚོན་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་དམ་ཟབ་དང་། ཕན་ཚུན་ལ་བརྩི་འཇོག ཕན་ཚུན་ལ་རོགས་རམ་བཅས་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ། མཉམ་དུ་ཡར་ཐོན་ཡོང་བར་སྐུལ་སྤེལ་གཏོང་དགོས།
དོན་ཚན་ཞེ་བརྒྱད་པ། དམག་དཔུང་གིས་བཅའ་ཁྲིམས་འདི་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རྒྱལ་སྲུང་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། རང་ངོས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་འགན་སྲུང་བྱེད་པ་དང་། དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་བ། རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདེ་འཇགས་སྲུང་སྐྱོང་བཅས་བྱེད་དགོས།
དོན་ཚན་ཞེ་དགུ་པ། རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་དེ་ལས་བྱེད་པ་གསོ་སྐྱོང་དང་། འདེམ་སྒྲུག བཀོལ་སྤྱོད། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། མི་རིགས་ས་ཁུལ་གྱི་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པར་མཐོང་ཆེན་བྱ་རྒྱུ།
རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དང་ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མི་རིགས་ས་ཁུལ་བར་དང་། མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་བར་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣ་མི་རིགས་ས་ཁུལ་གྱི་གཞི་རིམ་དུ་སྐྱོད་པར་ཁྲིད་སྟོན་བྱ་རྒྱུ།
དོན་ཚན་ལྔ་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་དང་དེ་བཞིན་ལོ་འཁོར་འཆར་གཞིའི་ནང་འཇུག་པ་དང་། འབྲེལ་ཡོད་ལས་ཀའི་འགྲོ་གྲོན་སྔོན་རྩིས་ནང་འཇུག་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་སྡེ་ཁག་གིས་ཁྲིམས་ལྟར་མ་དངུལ་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས།
དོན་ཚན་ང་གཅིག་པ། རྒྱལ་ཁབ་ཀྱིས་མི་རིགས་ལས་དོན་དེ་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་ནང་དུ་བཅུག་སྟེ། སྒྲིག་འཛུགས་མཐུན་སྦྱོར་དང་གཞི་རིམ་བཅོས་སྐྱོང་བྱེད་པར་ཤུགས་རྒྱག་པ་དང་། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ།
དོན་ཚན་ང་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་འབྲེལ་ཡོད་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། མི་རིགས་ཁྱབ་ཁོངས་ཀྱི་དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་རྩད་ཞིབ་དང་། ངོས་འཛིན། དཔྱད་དཔོག ཉེན་ཟོན། ཐག་གཅོད་བཅས་བྱེད་པར་ཤུགས་རྒྱག་པ། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་དགོས།
དོན་ཚན་ང་གསུམ་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་ཐབས་བྱེད་པའི་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། རྩོད་གཞི་ཐག་གཅོད་ལམ་སྲོལ་སྣ་མང་ཅན་གྱི་ནུས་པ་འདོན་སྤེལ་བྱེད་པ། རྩོད་གཞིའི་ངོ་བོ་ངོས་འཛིན་ཡང་དག་བྱེད་པ། ཁྲིམས་ལྟར་རྩོད་གཞི་ཐག་གཅོད་དང་སེལ་ཐབས་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་མི་རིགས་ཀྱི་ཐོབ་ཐང་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་ཁ་གཡར་ནས། བསམ་བཞིན་འགལ་བ་སློང་བའམ་ཡང་ན་འགལ་བ་ཛ་དྲག་ཏུ་བཏང་སྟེ་སྤྱི་པའི་སྒྲིག་ལམ་དཀྲུག་མི་ཆོག
དོན་ཚན་ང་བཞི་པ། སྤྱི་དམངས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱེད་དབང་ཡོད་པ་དང་། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་ཁྲིམས་བཀོད་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་ཡང་དག་པར་མ་བསྒྲུབས་པའི་བྱ་སྤྱོད་ཉེས་འདོན་བྱེད་དབང་ཡོད།
བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ནམ་ཡང་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་རིགས། མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་བྱས་ཆོག
དོན་ཚན་ང་ལྔ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་ལས་དོན་སྤེལ་བར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བླང་བྱ་འབུར་དུ་ཐོན་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་བཞག་པའི་ཐུན་མོང་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
དོན་ཚན་ང་དྲུག་པ། ལོ་རེའི་ཟླ་9པའི་གཟའ་འཁོར་བཞི་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་གཟའ་འཁོར་ཡིན་ཞིང་། རྒྱལ་ཁབ་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཅིག་བསྡུས་ཀྱིས་སྤེལ་རྒྱུ།
ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲི།
དོན་ཚན་ང་བདུན་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་བཅའ་ཁྲིམས་འདིའི་ནང་འཁོད་གཏན་འབེབས་ཀྱི་འགན་འཁྲི་མི་བསྒྲུབས་པའམ་ཡང་ན་ཡང་དག་པར་མ་བསྒྲུབས་པའི་རིགས་དང་། ཡང་ན་བཅའ་ཁྲིམས་འདིའི་དོན་ཚན་ང་བརྒྱད་པ་དང་། དོན་ཚན་ང་དགུ་པ། དོན་ཚན་དྲུག་ཅུ་པ། དོན་ཚན་རེ་གཅིག་པ་བཅས་སུ་གཏན་འབེབས་བྱས་པའི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་མ་བྱས་པ་མ་ཟད་ཁྲིམས་ལྟར་ཐག་གཅོད་མ་བྱས་པའི་རིགས་ལ། དེའི་གཙོ་སྐྱོང་སྡེ་ཁག་གམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། མཇུག་འབྲས་ངན་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས། འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཁག་འགན་ཐད་ཀར་འཁུར་བའི་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
དོན་ཚན་ང་བརྒྱད་པ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་བཏང་རིགས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལྟར་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་མ་ཟད། ཁྲིམས་ལྟར་ཆད་པ་གཅོད་རྒྱུ། བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་གྲུབ་རིགས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་སྐྱོང་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
དོན་ཚན་ང་དགུ་པ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་མི་རིགས་ཀྱི་ཐོབ་ཐང་ལ་ཁ་གཡར་ནས་ལས་ཞུགས་ལ་མཐོང་ཆུང་བྱེད་པ་དང་། ཚོང་ཟོག་གམ་ཡང་ན་ཞབས་ཞུ་འདོན་སྤྲོད་མི་བྱེད་པ། ཡང་ན་བཅའ་ཁྲིམས་ཁྲིམས་སྲོལ་དུ་གཏན་འགོག་བྱས་པའི་མཐོང་ཆུང་བྱ་སྤྱོད་གཞན་དག་སྤེལ་རིགས། རྫོང་རིམ་པ་ཡན་གྱི་མི་རིགས་ལས་དོན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཚོང་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལྟར་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། མཇུག་འབྲས་ངན་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས། ཐ་ཚིག་སྒྲོག་པའམ་ཡང་ན་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ། བཅའ་ཁྲིམས་ཁྲིམས་སྲོལ་ནང་ཆད་པ་གཅོད་པའི་གཏན་འབེབས་ལོགས་སུ་བྱས་ཡོད་རིགས་གཏན་འབེབས་དེ་ལྟར་བྱ་རྒྱུ།
དོན་ཚན་དྲུག་ཅུ་པ། སྤྱི་ཚོགས་ཚོགས་པ་དང་། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་སྡེ་ཚན་དེ་གའི་ནང་བྱུང་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་དུས་ཐོག་ཏུ་བཀག་འགོག་བྱེད་དགོས། དུས་ཐོག་ཏུ་བཀག་འགོག་མ་བྱས་པར་མཇུག་འབྲས་ངན་པའམ་ཤུགས་རྐྱེན་ངན་པ་བཟོས་རིགས། གོང་རིམ་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཐ་ཚིག་སྒྲོག་པའམ་ཡང་ན་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་མ་ཟད། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་བའི་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་རེ་གཅིག་པ། དྲ་རྒྱ་གཉེར་སྐྱོང་བྱེད་མཁན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། དོ་དམ་གྱི་འགན་འཁྲི་མ་བསྒྲུབས་པའི་རིགས། དྲ་འཕྲིན་དང་། གློག་འཕྲིན། སྤྱི་བདེ། རྒྱལ་ཁབ་བདེ་འཇགས། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན་སོགས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲི་ལྟར་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཡོ་བསྲང་མི་བྱེད་པའམ་ཡང་ན་ཉེས་ཚབས་ཆེ་རིགས། ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་རེ་གཉིས་པ། དྲག་ཤུགས་འཇིགས་སྐུལ་གྱི་བྱེད་སྒོ་དང་། མི་རིགས་ཁ་ཕྲལ་གྱི་བྱེད་སྒོའམ་ཡང་ན་ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྒོ་བཅས་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར་བཅས་བྱས་ཏེ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
གོང་གསལ་ནང་གསེས་དོན་ཚན་ནང་འཁོད་བྱ་སྤྱོད་སྤེལ་བར་ངན་སྐུལ་བྱས་པའམ་ཡང་ན་རོགས་དངུལ་སྤྲད་དེ་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
དོན་ཚན་རེ་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ཕྱི་རོལ་གྱི་རྩ་འཛུགས་དང་མི་སྒེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཏོར་བརླག་གཏོང་བ་དང་མི་རིགས་ཁ་ཕྲལ་གྱི་བྱ་སྤྱོད་སྤེལ་རིགས། ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ།
ལེའུ་བདུན་པ། ཞར་བྱུང་དོན་ཚན།
དོན་ཚན་རེ་བཞི་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་དང་ཆུས་བཙུགས་པའི་གྲོང་ཁྱེར། རང་སྐྱོང་ཁུལ་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ཆོག
དོན་ཚན་རེ་ལྔ་པ། བཅའ་ཁྲིམས་འདི་2026ལོའི་ཟླ་7ཚེས་1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།