ངག་ཐོག་ནས་རྒན་གསོ་བྱེད་པར་ཁས་བླངས་པ་ཁྲིམས་མཐུན་ཡིན་ནམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
བློ་མཐུན་རྩོམ་སྒྲིག་པ་ལགས།

2020ལོར་གྲོགས་པོ་ཞིག་གིས་ང་ལ་བགྲེས་པོ་མགོན་སྐྱོང་ངོ་སྤྲོད་བྱས་ནས། ངེད་གཉིས་ཀྱིས་ངག་ཐོག་གི་ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན་བཞག་ནས་ངས་ཁོའི་ཚེ་མཇུག་གི་འཚོ་བར་བདག་སྐྱོང་གང་ལེགས་དང་། ཁོ་ཚེ་ལས་འདས་རྗེས་ཤུལ་ནོར་ཡོད་ཚད་ང་ལ་དབང་བར་ཁ་ཆད་བཞག 2021ལོའི་ཉིན་ཞིག་ངེད་ཁྱིམ་མི་གང་བོ་མགོན་སྐྱོང་ཚང་དུ་གནས་སྤར་ནས་ཁོ་དང་མཉམ་འདུག་གི་འཚོ་བ་རོལ་ཞིང་རྒན་གསོའི་འོས་འགན་ལག་བསྟར་བྱས་པར་མ་ཟད། ཉིན་དེར་ངའི་བཟའ་མི་གང་བོའི་ཁྱིམ་ཐོ་མགོན་སྐྱོང་གི་ཁྱིམ་ཐོའི་སྟེང་སྤོས་ནས་དེའི་སྐོར་གྱི་ཐོ་འགོད་འགྲོ་ལུགས་ཀྱང་ཡོངས་སུ་བསྒྲུབས་ཚར། སྐབས་དེར་ཁྱིམ་ཐོའི་ཐོ་འགོད་འགྲོ་ལུགས་སྒྲུབ་སྐབས། ང་དང་མགོན་སྐྱོང་གི་འབྲེལ་བ་ནི་ཕ་བུའི་འབྲེལ་བ་ཡིན་པར་ཐོ་འགོད་བྱས། ཕྱིས་སུ་ངེད་གཉིས་ཀ་མེ་དང་ཆུ་བཞིན་དུ་མཉམ་འདུག་བྱེད་ཐབས་བྲལ་བས། ངས་བགྲེས་པོ་མགོན་སྐྱོང་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་ང་དང་ཁོ་གཉིས་བར་གྱི་ཤུལ་འབུལ་འཚོ་སྐྱོང་གི་འབྲེལ་བ་གྲོལ་དགོས་པའི་ཁར། ཁོས་ང་ལ་མཉམ་དུ་བསྡད་པའི་རིང་གི་འཚོ་སྐྱོང་གྲོན་དངུལ་ཡང་སྟེར་དགོས་པའི་རེ་བ་བཏོན།

ཞེས་བློ་བཟང་གིས།

བློ་མཐུན་བློ་བཟང་ལགས།

ཁྱོད་ཀྱི་ཞུ་གཏུག་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ་མིན་དེ། དམངས་དོན་ཁྲིམས་གཞུང་ཁྲོད་ཀྱི“ངག་ཐོག་གི་ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན”ནུས་ལྡན་དང་དེའི་གྲོལ་བའི་གནད་དོན་དང་འབྲེལ་བ་ཡོད། ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན་ཞེས་པ་ནི་ཤུལ་འབུལ་མཁན་དང་འཚོ་སྐྱོང་མཁན་གཉིས་བར་གྱི་འཚོ་སྐྱོང་མཁན་གྱིས་ཤུལ་འབུལ་མཁན་ལ་བདག་སྐྱོང་དང་གཤིན་ཆོས་བསྒྲུབ་པའི་ཐད་ཀྱི་འོས་འགན་འཁུར་དགོས་པ་དང་། ཤུལ་འབུལ་མཁན་ཚེ་ལས་འདས་རྗེས་རྒྱུ་ནོར་འཚོ་སྐྱོང་མཁན་ལ་དབང་བའི་གྲོས་མཐུན་ཞིག་ལ་ཟེར།

གོང་གི་གྱོད་དོན་འདིར་གཞིགས་ན།ངག་ཐོག་གི་ཤུལ་འབུལ་འཚོ་སྐྱོང་གྲོས་མཐུན་ལ་ནུས་པ་ཡོད་དམ་ཞེ་ན། རང་རྒྱལ་གྱི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པ་ལྟར་ན། “ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན་ཡིག་ཐོག་གི་རྣམ་པ་སྤྱད་དགོས་མོད། འོན་ཀྱང་ཕྱོགས་གཉིས་ཀས་ངག་ཐོག་གི་གྲོས་མཐུན་ཁས་ལེན་པའམ་གྲོས་མཐུན་དངོས་སུ་ལག་བསྟར་བྱས་ཡོད་ན། དོ་བདག་པ་ཕྱོགས་གཅིག་གིས་གྲོས་མཐུན་ནུས་ལྡན་མིན་པའི་འདོད་ཚུལ་བཏོན་ཚེ། ཁྲིམས་ཁང་གིས་རྒྱབ་སྐྱོར་མི་བྱེད”ཅེས་བཀོད་ཡོད། མགོན་སྐྱོང་དང་ཁྱོད་གཉིས་བར་བཞག་པའི་ངག་ཐོག་གི་ཤུལ་འབུལ་འཚོ་སྐྱོང་གྲོས་མཐུན་ནི་ཕྱོགས་གཉིས་ཀའི་འདོད་ཚུལ་དངོས་མཚོན་ཡོད་པ་ཞིག་ཡིན་པར་མ་ཟད། ལག་བསྟར་བྱེད་མགོའང་བརྩམས་ཟིན་པས་ཁྲིམས་མཐུན་དང་ནུས་ལྡན་ཡིན། ད་ལྟ་ཁྱོད་ཀྱིས་གྲོས་མཐུན་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་པར་དོན་དངོས་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པས་རྒྱབ་སྐྱོར་མི་བྱེད། ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན་གང་འདོད་དུ་ཕྱིར་འཐེན་བྱས་ཆོག་གམ་ཞེ་ན། ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན་ནི་འདྲ་མཉམ་དང་། རིན་དོད་ལྡན་པ། ཕན་ཚུན་གྱི་ཁེ་དབང་དང་འོས་འགན་འབྲེལ་བའི་གྲོས་མཐུན་ཞིག་ཡིན་པས། མི་ལུས་ཀྱི་ངོ་བོ་ཆེར་ལྡན་ཞིང་ཁྲིམས་འཛུགས་ཀྱི་དམིགས་ཡུལ་ཐོག་ནས་བཤད་ན། ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན་ལས་སྟོན་པ་ནི་འཚོ་སྐྱོང་བྱ་ཡུལ་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་ལས། གན་ཆིངས་རང་བཞིན་དང་དྲང་གཞག་རང་བཞིན་སྟོན་པ་མིན། དེར་བརྟེན་ཤུལ་འབུལ་འཚོ་སྐྱོང་གི་གྲོས་མཐུན་བཞག་མ་ཐག་གང་འདོད་དུ་མེད་པར་བཟོ་བའམ་བསྒྱུར་བཅོས་བྱས་མི་ཆོག འཚོ་སྐྱོང་མཁན་ལ་མཚོན་ན། ཤུལ་འབུལ་མཁན་གྱིས་རྒྱུ་ནོར་སྤོ་སྒྱུར་བྱས་པའམ་བྱ་སྤྱོད་གཞན་དག་སྤེལ་ནས། འཚོ་སྐྱོང་མཁན་གྱི་ཤུལ་བཞག་ཤུལ་འཛིན་དབང་ཆ་མངོན་འགྱུར་བྱེད་ཐབས་བྲལ་བའི་གནས་ཚུལ་འོག ད་གཟོད་འཚོ་སྐྱོང་མཁན་ལ་ཤུལ་འབུལ་འཚོ་སྐྱོང་གྲོས་མཐུན་གྲོལ་དབང་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།