ཆུ་འདང་ངེས་འཐུངས་ན་ཚོ་མི་འབུད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

བདེ་ཐང་ཕྱོགས་སྟོན་སྣ་ཚོགས་ཀྱིས་ཡོངས་ཁྱབ་ངང་ཉིན་རེར་ཆུ་ཕོར་བ་བརྒྱད་འཐུང་དགོས་པའི་གྲོས་མགོ་བཏོན་ཡོད། དབྱིན་ཇིའི《ནང་ནད་རིག་པའི་དུས་དེབ》ཐོག་ཉེ་ཆར་བཀོད་པའི་ཞིབ་འཇུག་གསར་བས་ཆུ་འདང་ངེས་འཐུང་བའི་ཕན་ནུས་ཤིག་རྙེད་ཡོད་དེ། དེ་ནི་ལུས་ཕུང་ལ་ཆུ་ཉུང་ན་ཚིལ་ཞག་གསོག་འཇོག་ལ་སྐུལ་འདེད་གཏོང་བ་དང་། ཆུ་འདང་ངེས་འཐུངས་ན་མི་ཚོན་པོར་མི་འགྱུར་བ་དེ་རེད།

ཨ་རིའི་ཁུ་ལོ་ལ་ཏོ་སློབ་ཆེན་ཏན་ཧྥོ་ཡན་ལག་སློབ་གྲྭའི་དགེ་རྒན་ཆེན་མོས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཚོགས་པ་ཞིག་གིས་འཐུང་ཆུའི་ཚད་དང་ཚིལ་གྱི་བརྗེ་ཚབ་བར་འབྲེལ་བ་དམ་ཟབ་ཡོད་པ་ཤེས་རྟོགས་བྱུང་། ལྗིད་ཚད་ལས་བརྒལ་བའི་མི་ཚོགས་ཀྱིས་རྒྱུན་པར་ཆུ་འཐུང་བ་ཉུང་དྲགས་པས། གཅིན་པ་མངར་འགྱུར་གྱི་ནད་སོགས་བརྗེ་ཚབ་རང་བཞིན་གྱི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད། ཆུ་ཉུང་བ་དང་ཚོན་པོའི་ཉེན་ཁ་ཇེ་ཆེར་འགྲོ་བའི་བར་གྱི་ནང་རྐྱེན་ལ་རྒྱུས་ལོན་བྱེད་ཆེད། ཞིབ་འཇུག་མི་སྣས་དོམ་དང་འཕྱི་བ། བྱེ་ཐང་གི་ཙི་གུ་སོགས་ཀྱི་སྲོག་ཆགས་ལ་ལྟ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། གལ་ཏེ་ལུས་ཕུང་ལ་ཆུ་ཉུང་ཚེ། ཚིལ་ཞག་གི་གསོག་འཇོག་ཇེ་མང་དུ་འགྲོ་སྲིད། དེའི་དམིགས་ཡུལ་ནི་འཚོ་གནས་ལ་ཁག་ཐེག་བྱེད་ཆེད་ཡིན། མིའི་ལུས་ཕུང་གིས་ཆུ་འདོར་གྱི་འགྱུར་འབྱུང་ནི་དགུན་ཉལ་སྲོག་ཆགས་དང་ཧ་ཅང་འདྲ་བོ་ཡོད། དེའི་གསོག་ཉར་བྱས་པའི་ཚིལ་ནི་ནུས་ཚད་དུ་རྩི་ཐུབ་པར་མ་ཟད། ཆུ་ཁུངས་ཀྱང་བྱེད་ཐུབ། རྒྱུན་ལྡན་ལྟར་བཤད་ན། ཚིལ་ཞག་ཁེ1གིས་ལུས་པོའི་ནང་དུ་ཕལ་ཆེར་ཆུ་ཧའོ་ཧྲེང1.1འབྱུང་དུ་འཇུག་སྲིད། སྔར་ལས་ལྷག་པའི་དབྱེ་ཞིབ་བྱས་ན། ཚོན་པོ་མང་ཆེ་བའི་ཁྲག་ནང་གི་གཅིན་གཏོང་འགོག་པའི་སྐུལ་རྩིའི་ཆུ་ཚད་ཇེ་མཐོར་འགྲོ་བ་དང་། དུས་མཚུངས་སུ་དལ་བའི་རང་བཞིན་གྱི་ཆུ་འདོར་བའི་སྣང་ཚུལ་འབྱུང་སྲིད།

ཞིབ་འཇུག་དེས་ཆུ་འཐུང་ཚད་མི་འདང་བ་ལས་བྱུང་བའི་བདེ་ཐང་གི་གནོད་འཚེ་དེ་གོང་གི་བསམ་ཚོད་ལས་ཚབས་ཆེ་བ་ར་སྤྲོད་བྱས་ཡོད། ཚིལ་ཞག་བསོགས་པ་ནི་ཟ་མ་ཟ་དྲགས་པའི་རྐྱེན་གྱིས་ཡིན་པར་མ་ཟད། ཆུ་འཐུང་ཚད་ཉུང་བར་ཡང་འབྲེལ་བ་ཡོད།

喝够水不长胖

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།