བྱིས་པའི་དབུགས་ལམ་ནད་ལ“སྨན་བཅོས་ལས་ཀྱང་སྔོན་འགོག་གཙོ།”
དགུན་ཁ་ནི་བྱིས་པའི་དབུགས་ལམ་ནད་མང་བོ་འབྱུང་བའི་དུས་ཡིན་པས། ཁྱིམ་བདག་མང་བོ་བྱིས་པ་ཡང་ཡང་གློ་ལུ་བ་དང་ཚ་རྒྱས་པའི་དཀའ་ངལ་ལ་འཕྲད་ཡོད། སྨན་པས་སྟོན་དུས་དང་དགུན་དུས་ཀྱི་བྱིས་པའི་དབུགས་ལམ་ནད་ལ“སྨན་བཅོས་ལས་ཀྱང་སྔོན་འགོག་གཙོ”ཞེས་པའི་དྲན་སྐུལ་བྱས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་བྱས་ན། དབུགས་ལམ་ནད་འབྱུང་ཚད་ནུས་ལྡན་ངང་ཇེ་དམའ་རུ་གཏོང་ཐུབ། གལ་ཏེ་བྱིས་པར་ནད་བྱུང་ཚེ། ཚན་རིག་དང་མཐུན་པའི་བདག་སྐྱོང་བྱེད་ཐབས་སྤྱད་ནས་མི་བདེ་བ་ཇེ་ལྷོད་དུ་གཏོང་དགོས་ཤིང་། ཉེན་ཁའི་ནད་རྟགས་བྱུང་ན། མྱུར་དུ་སྨན་བཅོས་བྱ་དགོས།
པེ་ཅིན་སློབ་ཆེན་སྨན་ཁང་དང་པོའི་ཉིང་ཞ་བུད་མེད་བྱིས་པའི་སྨན་ཁང་བྱིས་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་ཧྥན་ཡན་ཞིའུ་ཡིས་བསྟན་དོན། དུས་ཐོག་ཏུ་རིམས་འགོག་སྨན་ཁབ་བརྒྱག་དགོས། ཟླ་བ6ཡན་གྱི་བྱིས་པར་ལོ་རེའི་སྟོན་དུས་སུ་ཆམ་རིམས་འགོག་པའི་སྨན་ཁབ་བརྒྱབ་ཆོག་པ་དང་། དུས་མཚུངས་སུ་འཕྲལ་མར་བརྒྱ་གག་འཛུམ་དང་གློ་ཚད་ཟླུམ་སྲིན་སོགས་རིམས་འགོག་སྨན་ཁབ་བརྒྱག་དགོས། འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་ཆགས་པ་སྟེ་བྱིས་པར“རིམ་པ་བདུན་གྱི་ལག་པ་འཁྲུད་ཐབས”ཤེས་སུ་འཇུག་དགོས། གློ་ལུ་སྐབས་ཤོག་བུའམ་ལག་པའི་གྲུ་མོ་ཡིས་ཁ་སྣ་དགབ་དགོས། མི་ཚོགས་འདུས་པའི་གནས་སུ་བྱིས་པར་རང་ཉིད་དང་འཚམ་པའི་ཁ་ཐུམ་གྱོན་དགོས། བྱིས་པའི་རིམས་འགོག་ནུས་པ་ཇེ་མཐོར་བཏང་སྟེ། འཚོ་བཅུད་དོ་མཉམ་དང་གཉིད་འདང་ངེས་ཡོང་བར་ཁག་ཐེག་བྱེད་པ་དང་། སྦྱོང་བརྡར་འོས་འཚམ་བཅས་བྱ་དགོས།
ཁྱིམ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་ཡང་ཧ་ཅང་གལ་ཆེ་སྟེ། སྨན་པས་ཉིན་རེར་དུས་བཅད་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་ཐེངས2ནས3ཙམ་དང་ཐེངས་རེར་སྐར་མ15ནས30བར་དགོས་པའི་གྲོས་མགོ་བཏོན་ཡོད་ལ། དགུན་དུས་དྲོད་རླངས་སམ་མཁའ་རླུང་སྙོམ་ཆས་སྤྱོད་སྐབས་ཁང་བའི་ནང་གི་བརླན་ཚད50%ནས60%བར་རྒྱུན་འཁྱོངས་བྱ་དགོས། དུས་བཅད་ལྟར་བྱིས་པའི་རྒྱུན་དུ་བཀོལ་བའི་རྩེད་ཆས་དང་དངོས་རྫས་གཙང་འཁྲུད་བྱ་དགོས། བྱིས་པ་གང་ཐུབ་ཀྱིས་འཚང་ཁ་ཆེ་ཞིང་རླུང་རྒྱུ་བ་མི་ལེགས་པའི་གནས་སུ་མི་འཁྲིད་པ་དང་། ཁྱིམ་མིར་ནད་བྱུང་སྐབས་ལོགས་བཀར་འགོག་སྲུང་ལེགས་པོ་བྱ་དགོས།
གལ་ཏེ་བྱིས་པར་སྟབས་མ་ལེགས་པར་ནད་བྱུང་ཚེ། ཚན་རིག་དང་མཐུན་པའི་བདག་སྐྱོང་བྱེད་པ་ནི་བདེ་ཐང་ཡོང་བའི་གནད་འགག་ཡིན། སྨན་པས་དྲན་སྐུལ་བྱས་པ་ལྟར་ན། བྱིས་པའི་ངལ་གསོ་གང་ལེགས་བྱས་ཏེ། ཆུ་དྲོན་མོ་དང་ཁུ་བ་གཙང་མ་མང་ཙམ་འཐུང་དགོས། བཟའ་བཏུང་ལ་འཚོ་བཅུད་ལྡན་པ་དང་འཇུ་སླ་བའི་གཤེར་རྫས་སམ་གཤེར་རྫས་ཕྱེད་མའི་ཟས་རིགས་གཙོ་བོ་བྱ་དགོས། སྣ་འཚུབ་པ་དང་སྣ་ཆུ་བཞུར་སྐབས། སྐྱེ་ཁམས་ཚྭ་ཆུ་སྣ་ནང་དུ་གཏོར་བའམ་སྣ་ནང་བཀྲུས་ཆོག ལུས་དྲོད་ཧྲེ་ཧྲི་ཏུའུ38.5ལས་བརྒལ་ཚེ། སྨན་པའི་མཛུབ་སྟོན་འོག་བྱིས་པའི་ཚ་གཅོག་སྨན་བཀོལ་ཆོག གློ་ལུ་ཚེ་ལོ1ཡན་གྱི་བྱིས་པར་གནས་ཚུལ་ལ་གཞིགས་ནས་སྦྲང་རྩིའི་ཆུ་ཉུང་ཙམ་འཐུང་ཆོག་པ་ལས་ལུ་སྨན་གང་བྱུང་དུ་སྤྱོད་མི་རུང་།