སྐྲན་ནད་རིགས་འགའ་ཤས་ཤིག་རྐུན་ཇག་བཞིན་མིའི་ལུས་ཕུང་ནང་དུ་ན་ཟུག་གི་འཁུན་སྒྲ་མེད་པར་ཁུ་སིམ་མེར་འཇབ་ནས་སྡོད་ཀྱི་ཡོད་པས། ནད་དེ་འབྱུང་བའི་ཐོག་མའི་དུས་སུ་སུས་ཀྱང་རྟོགས་པར་དཀའ་ཞིང་། རྟོགས་པའི་དུས་སུ་འཕྱི་དྲགས་པའི་འགྱོད་གདུང་ཆེ། དཔེ་ཆ་བཞག་ན། གཤམ་གྱི་སྐྲན་ནད་རིགས་ལྔ་པོ་འདི་དག་རེད།

1 མཆིན་པའི་འབྲས་སྐྲན།
མཆིན་པའི་འབྲས་སྐྲན་མང་པོ་ཞིག་ཤེས་རྟོགས་བྱུང་དུས་འཕྱི་དྲགས་པའི་རྒྱུ་མཚན་ནི། མཆིན་པར་ན་ཟུག་ཚོར་བའི་དབང་རྩ་མེད་ལ། མཆིན་པའི་ཚབ་བརྗེས་ནུས་པ་ཧ་ཅང་ཤུགས་ཆེ་བའི་རྐྱེན་གྱིས་རེད། དེས་ན་མཆིན་པའི་འབྲས་སྐྲན་ཕོག་ནས་དུས་ཚོད་རིང་པོ་ཕྱིན་ན་མ་གཏོགས་ནད་རྟགས་མངོན་གསལ་དོད་པོ་ཐོན་མི་སྲིད།
2 གློ་བའི་འབྲས་སྐྲན།
གློ་བར་ཡང་ན་ཟུག་ཚོར་བའི་དབང་རྩ་མངོན་གསལ་དོད་པོ་མེད་པའི་ཁར་སྐྲན་ནད་ཕོག་པའི་ཐོག་མའི་དུས་སུ་གཉན་ཚད་ཚོར་སྐྱེན་ཆེན་པོ་མེད་པས། སྤྱིར་ན་གློ་སྐྲན་ཐོག་མར་ཕོག་པའི་ནད་པ་རང་ཉིད་ཀྱིས་ཤེས་ཐབས་བྲལ། ནད་ཐོག་སྨན་བཅོས་ཀྱི་སྔ་དུས་ཀྱི་གློ་སྐྲན་མང་པོ་ཞིག་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་རེད་ལ། ནད་རྟགས་ཐོན་ནས་སྨན་བཅོས་བྱེད་པར་ཡོང་མཁན་ནད་པ་མང་ཆེ་བ་ནི་ནད་གཞི་དུས་མཚམས་དཀྱིལ་མ་དང་མཇུག་མར་སླེབས་པ་ཤ་སྟག་རེད།

3 གཤེར་རྨེན་འབྲས་སྐྲན།
མི་མང་པོས་གཤེར་རྨེན་འབྲས་སྐྲན་ལ་སྐྲན་ནད་ཀྱི་རྒྱལ་པོར་འབོད་ཅིང་། རྒྱུན་དུ་ནད་གཞི་དེ་ཧ་གོ་དུས་དུས་མཇུག་ཏུ་སླེབས་ཚར་གྱི་ཡོད། གཙོ་བོ་གཤེར་རྨེན་ནི་གསུས་ཁོག་གི་གཏིང་དུ་གནས་ཡོད་པས་རྒྱུན་ལྡན་གྱི་གཟུགས་པོའི་བརྟག་དཔྱད་ཀྱིས་ཤེས་པར་དཀའ།
4 བསམ་བསེའུ་འབྲས་སྐྲན།
བསམ་སེའུ་ནི་བུ་སྣོད་ཀྱི་ནང་དུ་གནས་ཤིང་བར་སྟོང་ཅུང་ཆེ། བསམ་བསེའུ་འབྲས་སྐྲན་འབྱུང་བའི་སྔ་དུས་སུ་བོངས་ཚད་ཧ་ཅང་ཆུང་བས་ཉེ་འཁོར་གྱི་དབང་བོ་ལ་གནོད་སྐྱོན་ཐེབས་མི་སྲིད་ལ་མི་བདེ་བ་ཡང་འབྱུང་མི་སྲིད། དུས་མཚུངས་བསམ་བསེའུ་འབྲས་སྐྲན་ལ་མངལ་སྐྲན་དང་ནུ་མའི་འབྲས་སྐྲན་ལྟ་བུའི་སྟབས་བདེ་དང་ཕན་ནུས་ལྡན་ཞིང་རྒྱ་ཁྱབ་ཏུ་སྤྱོད་པའི་བརྟག་དཔྱད་བྱེད་ཐབས་མེད།
5 མཁལ་མའི་འབྲས་སྐྲན།
མཁལ་མའི་འབྲས་སྐྲན་མང་ཆེ་བ་ནི་སྟེས་དབང་དུ་ཤེས་རྟོགས་བྱུང་བ་ཞིག་ཡིན་པ་དང་། གཙོ་བོ་མཁལ་མའི་གནས་ས་ཅུང་གཏིང་རིང་བས། ཐོག་མའི་དུས་སུ་སྐྲན་ནད་ཀྱིས་ལུས་པའི་གྲུབ་ཚུལ་གཙོ་བོར་གནོན་འཚེ་བཟོ་མི་སྲིད་ལ། ན་ཟུག་དང་མི་བདེ་བའི་ཚོར་སྣང་ཡང་འབྱུང་མི་སྲིད། ད་དུང་མཁལ་མར་ཚབ་འཇལ་ནུས་པ་ཆེན་པོ་ལྡན་ཡོད།

མངོན་མེད་སྐྲན་ནད་རིགས་5སྔོན་འགོག་དང་བརྟག་བཤེར་བྱེད་ཐབས།
གོང་དུ་གླེང་བའི་མངོན་མེད་སྐྲན་ནད་རིགས་ལྔ་པོ་དེ་དག་རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་དཀའ་བས་ཆེད་མངགས་སྐྲན་ནད་བརྟག་བཤེར་བྱེད་དགོས་ཀྱི་ཡོད་ཅིང་། གཤམ་གསལ་གྱི་བརྟག་བཤེར་ཚད་གཞི་དེ་དག་ཤེས་པ་བྱ་དགོས།
1 མཆིན་པའི་འབྲས་སྐྲན་གྱི་བརྟག་བཤེར་ཚད་གཞི་ནི། དྭངས་ཁྲག་ཀ་སྦྲུམ་སྤྲི་དཀར་(AFP)+མཆིན་པའི་Bསྒྲ་རླབས་བརྒྱུད་བརྟག་དཔྱད་བྱེད་དགོས། སྐྱེས་པ་ལོ་35ཡན་དང་བུད་མེད་ལོ་45ཡན་གྱི་མཆིན་པའི་འབྲས་སྐྲན་གྱི་ཉེན་ཆེའི་མི་ཚོགས་ཀྱིས་ཟླ་6རེར་བརྟག་བཤེར་ཐེངས་རེ་བྱེད་དགོས།
2 གློ་བའི་འབྲས་སྐྲན་ཀྱི་བརྟག་བཤེར་ཚད་གཞི་ནི། ཚད་ཉུང་དུང་འཁྱིལ་CTཡིས་བརྟག་བཤེར་བྱེད་པ་ནི་གློ་སྐྲན་བརྟག་དཔྱད་བྱེད་པའི་ཚད་གཞི་ཡག་ཤོས་ཡིན་པས། གློ་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ཚད་ཉུང་དུང་འཁྱིལ་CTབརྒྱབ་ནས་བརྟག་དཔྱད་བྱེད་དགོས། དཔེར་ན། ལོ་40ཡན་ལ་སོན་པ་དང་། དེ་སྔ་ཐ་མག་འཐེན་ནས་ལོ་20ལྷག་སོང་རྗེས་ཐ་མག་བཅད་ནས་ལོ་15མ་སོང་བ། རང་གིས་ཐ་མག་མ་འཐེན་ཡང་མི་གཞན་གྱི་ཐ་མག་གི་གནོད་འཚེ་ཕོག་མཁན། གློ་བའི་གཅོང་ནད་ཡོད་མཁན་ནམ་ཡང་ན་ཁྱིམ་རྒྱུད་ལ་གློ་སྐྲན་ཡོད་མཁན་ཚང་མ་གློ་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་ཁོངས་སུ་གཏོགས་པས། དུས་བཀག་ལྟར་བརྟག་བཤེར་བྱེད་དགོས།
3 གཤེར་རྨེན་འབྲས་སྐྲན་གྱི་བརྟག་བཤེར་ཚད་གཞི་ནི། འབྲས་སྐྲན་མཚོན་རྟགས་དངོས་པོ་+Bསྒྲ་བརྒལ་དང་CTསོགས་བརྒྱབ་ནས་བརྟག་བཤེར་བྱེད་དགོས།
ལོ་40ཡན་ལ་སོན་པ་གང་ཞིག་ཁྱིམ་རྒྱུད་ལ་གཤེར་རྨེན་འབྲས་སྐྲན་ཡོད་པའམ་གཅིན་པ་མངར་འགྱུར་གྱི་ནད་ཡོད་མཁན་དང་། དུས་ཡུན་རིང་པོ་ཐ་མག་འཐེན་པ། ཆང་འཐུང་བ། ཚིལ་མཐོ་བའི་བཟའ་བཏུང་སྤྱོད་མཁན། དལ་བའི་རང་བཞིན་གྱི་གཤེར་རྨེན་གཉན་ཚད་ཡང་ཡང་ན་མཁན་བཅས་ནི་གཤེར་རྨེན་འབྲས་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཡིན།
4 བསམ་བསེའུ་འབྲས་སྐྲན་གྱི་བརྟག་བཤེར་ཚད་གཞི་ནི། སྐྲན་ནད་མཚོན་རྟགས་དངོས་པོའི་དྭངས་ཁྲག་CA125བརྟག་དཔྱད་དང་གསང་ལམ་སྒྲ་བརྒལ་བརྟག་དཔྱད་ནི་བརྟག་བཤེར་བྱེད་པའི་ཚད་གཞི་ཡག་ཤོས་ཡིན། BRCA1/BRCA2རྒྱུད་རྒྱུ་ཐོལ་འགྱུར་ཅན་ལྡན་པ་དང་བསམ་བསེའུ་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན། ཡང་ན་གཞན་པའི་འབྲེལ་ཡོད་སྐྲན་ནད་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཡོད་མཁན། ཕྲུ་གུ་མེད་པའམ་ཡང་ན་ཕྲུ་གུ་སྐྱེ་འཕྱི་བའི་བུད་མེད་ཚང་མ་བསམ་སེའུ་འབྲས་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཡིན།
5 མཁལ་མའི་འབྲས་སྐྲན་གྱི་བརྟག་བཤེར་གྱི་ཚད་གཞི་ནི། Bསྒྲ་བརྒལ་བརྟག་དཔྱད་དང་གཅིན་ལམ་བརྟག་དཔྱད་བྱེད་པ་ནི་བརྟག་བཤེར་ཚད་གཞི་ཡག་ཤོས་ཡིན། ལོ་35ཡན་གྱི་མི་ཚོགས་ཀྱིས་ལོ་ལྟར་བརྟག་བཤེར་ཐེངས་རེ་བྱེད་དགོས། ལོ་50ནས་70བར་གྱི་མཁལ་མའི་འབྲས་སྐྲན་འབྱུང་ཚད་མཐོ་བའི་མི་ཚོགས་ཀྱིས་དུས་བཀག་ལྟར་བརྟག་དཔྱད་བྱེད་དགོས།

ལུས་པོའི་བདེ་ཐང་ནི་ཡོད་ཚད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པས།གལ་ཏེ་རྒྱུན་དུ་ལུས་པོ་ངལ་དུབ་འབྱུང་སླ་བ་དང་། ལུས་པོའི་ལྗིད་ཚད་གློ་བུར་དུ་ཡང་དུ་འགྲོ་བ། བཤང་གཅིའི་གོམས་གཤིས་འགྱུར་བ་སོགས་ཀྱི་སྣང་ཚུལ་ཐོན་ན། གཟུགས་པོར་ན་ཟུག་མེད་ཀྱང་སྣང་ཆེན་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་སྨན་ཁང་དུ་བསྐྱོད་ནས་བརྟག་དཔྱད་ཡག་པོ་བྱེད་དགོས།